བོན་བསྟན་འབྱུང་ཡུལ་གཤེན་ཡུལ་འོལ་མོ་ལུང་རིང་།
རྩོམ་པ་པོ། ཆུ་མདོ་པད་མ་བཀྲ་ཤིས། རྩོམ་སྒྲིག་པ། lhamothar དུས་ཚོད། 2010-12-1 10:12:00 རྩོམ་ཁུངས། ཧི་མ་ལ་ཡའི་བོན། ཀློག་གྲངས།

  ད་ལྟའི་དུས་སུ་ཞང་ཞུང་ཟེར་བའི་མིང་གི་གདགས་གཞིའི་ལྟེ་བ་ནི་སྟོད་མངའ་རིས་ཀྱི་ཕྱོགས་སུ་ཡིན་ལ། དེའི་ནང་ནས་ཀྱང་བོན་བསྟན་ཐོག་མའི་འབྱུང་ཁུངས་འཁྲུལ་པ་དང་བྲལ་བ་ནི་རྒྱལ་སའི་ལྟེ་བ་འོལ་མོ་ལུང་རིང་ཞེས་སུ་གྲགས་པ། དེང་དུས་ལ་གུ་གེ་ཞེས་བྱ་བའི་ཡུལ་གྱི་དབུས། གངས་ཏེ་སེའི་མདུན། མཚོ་མ་ཕམ་གྱི་འགྲམ་ངོས་སུ་ཡོད་པའི་གནས་ཡུལ་དེ་ཡིན།གནས་ཡུལ་དེར་བོད་མི་རྣམས་ཀྱིས་ཡུལ་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་སྲོལ་ཡོད་པ་མ་ཟད། གནའ་རབས་བོན་གྱི་ཡིག་རྙིང་མ་དག་ལས་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་དང༌། ཁོང་གི་བོན་བསྟན་པའི་གནས་དེ་ནི་གངས་ཏེ་སེའི་མདུན། མཚོ་མ་ཕམ་གྱི་འགྲམ་འོལ་མོ་ལུང་རིང་ཞེས་བྱ་བ་དེ་ཡིན་ཞེས་གསལ་བོར་བཤད་ཡོད་པ་རེད། བོན་གྱི་ཡིག་རྙིང་《སྲིད་པ་སྤྱི་མདོས》ལས། ཡ་ཀའི་སྐྱིད་པའི་ཡུལ། ཉམས་དགའ་བག་རེ་བྲོ། ཆུ་རྒྱལ་བཞི་འདུས་མགོ། རི་རྒྱལ་ཏེ་སེའི་མདུན།མཚོ་རྒྱལ་མ་ཕམ་འགྲམ། འོལ་ལུང་གཡུ་ཡི་མཁར། བཞུགས་གནས་ངོ་རེ་མཚར། ཞེས་གཤེན་རབ་མི་བོ་ཆེ་གང་དུ་བཞུགས་པའི་གནས་ཡུལ་དེ་ནི་ཆུ་བོ་ཆེན་པོའི་མགོ།གངས་ཏེ་སེའི་གདུན། མཚོ་མ་ཕམ་གྱི་འགྲམ། འོལ་མོ་ལུང་རིང་གཡུ་ཡི་མཁར། ཞེས་གསལ་བོར་བསྟན་ཡོད་པ་དང༌། དེ་བཞིན་དུ་《ལེགས་བཤད་རིན་པོ་ཆེའི་མཛོད》ལས། གཤེན་ཡུལ་འོལ་མོ་ལུང་རིང་ནི།དཔག་ཚད་ལྔ་བཅུ་ཆུ་ཞེང་མཉམ། གླིང་བཞི་རི་རབ་ཚུལ་དུ་གྲུབ། འཛམ་བུ་པྲིཀྵྲ་ཤིང་གི་རྩ། རི་བོ་གངས་ཅན་ཏེ་སེའི་དྲུང༌།མཚོ་ནི་མ་ཕམ་གཡུ་མཚོའི་འགྲམ། ཆུ་བོ་ཆེ་པོ་བཞི་འདུས་མགོ། སྤོས་རི་ངད་ལྡན་ཉེ་བའི་ས། ཞེས་གསུངས་པ་འདིས་ཞང་ཞུང་གི་ཡུལ་གྱི་དབུས་དེར་འོལ་མོ་ལུང་རིང་དུ་ཡོད་པ་གསལ་པོ་བསྟན་ཡོད་པ་ཡིན།དུས་གསུམ་གཤེན་རབས་ཀྱི་འབྱུང་ཁུངས་《མདོ་ཟེར་མིག》ལས། སྟོན་པ་དང་པོ་མིའི་ཡུལ་དུ་སྐྱེ་བ་ལ། འཇིག་རྟེན་གྱི་ཁམས་ནུབ་ཕྱོགས་ཀྱི་གླིང༌།ཆུ་བོ་བཞི་འདུས་ཀྱི་མགོ ལྷོ་འཛམ་བུ་གླིང་གི་དམིག་འོལ་མོ་ལུང་རིང༌།མཁར་བར་པོ་སོ་བརྒྱད་ཀྱི་ནང་དུ། ཡབ་རྒྱལ་བོན་ཐོད་དཀར་གཟིམས་པའི་སྤྱི་བོའི་གཙུག་ཏུ་བབས། ཞེས་སྟོན་པ་སྐྱེ་བ་བཞེས་པའི་གནས་ཡུལ་གསལ་བོར་བསྟན་ཡོད་པ་རེད། གོང་གི་ལུང་རྒྱུན་དེ་དག་ལ་དཔག་ན། གཤེན་རབ་མི་བོ་ཆེ་དེར་ཞང་ཞུང་གི་ཡུལ་འོལ་མོ་ལུང་རིང་དུ་སྐུ་བལྟམས་ནས་གཡུང་དྲུང་བོན་གྱི་བསྟན་པ་སྤེལ་བར་ཤེས་ཐུབ་པ་མ་ཟད། ཡུལ་དེའང་གཤེན་ཡུལ་འོལ་མོ་ལུང་རིང་ཞེས་བརྗོད་དེ། 《མདོ་གཟེར་མིག》ལས། གཤེན་ཡུལ་འོལ་མོ་ལུང་རིང་ན། སྟོན་པ་གཤེན་རབས་མི་བོ་ནི། སློབ་མ་འབུམ་ཕྲག་མཐའ་ཡས་ལ་ཞེས་གསལ་བོར་བསྟན་ཡོད་པས་སོ། །
  དེ་ལྟར་ཚུལ་དེ་དག་ལ་ལེགས་པར་དཔྱད་ན། གནའ་རབས་དུས་སུ་འོལ་མོ་ལུང་རིང་གི་གནས་ཡུལ་ནི་ཡུལ་ངོ་མཚར་ཅན་ཞིག་ཡིན་པར་ངེས་ཤེས་བརྟན་པོར་རྙེད་ཐུབ་པ་རེད། དེའང་ཁྱད་པར་ཅན་གྱི་གནས་ཡུལ་དེར་ཁྱད་པར་ཅན་གྱི་ལོ་རྒྱུས་མང་པོར་ཡོད་ངེས་པ་ནི་བཤད་མ་དགོས་པ་རེད། ཆོས་ལུགས་མི་འདྲ་བའི་གྲུབ་མཐའ་སོ་སོས་རང་རང་གི་སྔོན་བྱུང་ལོ་རྒྱུས་གཞིར་བཟུང་ནས་ཕྱག་མཆོད་བསྐོར་བ་བྱ་སྲོལ་ཞིག་ཆགས་ཡོད་དེ། དེ་སྔོན་རྒྱ་གར་གྱི་མུ་སྟེགས་ཆོས་ལུགས་པའི་ནང་གསེས་དབང་ཕྱུག་པ་དང་གཅེར་བུ་པ་སོགས་ལྷ་དབང་ཕྱུག་ལ་སྐྱབས་གནས་སུ་འཛིན་པ་རྣམས་ཀྱིས་གངས་ཏེ་སེ་འདི་ནི་ལྷ་ཆེན་དབང་ཕྱུག་ཆེན་པོའི་བཞུགས་གནས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། དབང་ཕྱུག་པའི་སྲོལ་ལུགས་འདི་ཡང་དེ་ནས་བྱུང་བ་ཡིན་ཞེས་གནས་ཐུན་མོང་མ་ཡིན་པ་ཞིག་ཏུའང་ངོས་འཛིན་པ་དང༌། གངས་ཏེ་སེ་དང་འབྲེལ་ཡོད་མཚོ་མ་ཕམ་ཡང་ཤིན་ཏུ་བྱིན་ཅན་གྱི་མཚོ་ཞིག་ཏུ་ངོས་འཛིན་ཞིང༌། མཚོ་དེའི་ཁ་འབབ་ཀྱི་ཆུ་བོ་ཆེན་པོར་རྒྱ་གར་ཡུལ་དུ་སླེབས་པའི་ཚེ། རྒྱ་གར་བ་རྣམས་ཀྱིས་ཆུ་བོ་དེར་ཁྲུས་བྱས་ཏེ་གནས་མཆོག་གངས་ཏེ་སེ་དང་མཚོ་མ་ཕམ་གྱི་བྱིན་རླབས་ཀྱིས་ཆུ་བོ་དེ་དག་ཏུ་སུ་ཞིག་གིས་ཁྲུས་བྱས་པ་ལ་སྒྲིབ་པ་རྣམས་འདག་ཐུབ་པའི་ཡིད་ཆེས་བྱེད་སྲོལ་ཡོད་པ་དང༌།རྒྱ་གར་བ་བརྒྱ་ཕྲག་མང་པོ་ལོ་རེར་གངས་ཏེ་སེ་དང་མཚོ་མ་ཕམ་ལ་མཇལ་བསྐོར་དུ་འགྲོ་བཞིན་པའི་དངོས་ཀྱི་གནས་ཚུལ་ལ་བལྟས་ན། རྒྱ་གར་གྱི་དབང་ཕྱུག་པའི་ལུགས་དེ་བོན་ཀྱི་གནའ་བོའི་ཤིས་རིག་ཞང་ཞུང་ནས་ཕར་དར་བ་ཞིག་ཡིན་པར་འདོད། དེ་ཡང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་《ཆོས་འབྱུང་དཔག་བསམ་ལྗོན་བཟང་》ལས། མ་གདྷཱུ་བྱང་ཕྱོགས་རི་བརྒྱུད་ནག་པོ་དགུའི་ཕ་རོལ་ན་དབང་ཕྱུག་ཆེན་པོར་གནས་པའི་གངས་ཆེན་ཏེ་སེ་དང་སྤོས་ངད་ལྡང་གི་བར་དུ་ཀླུ་མ་དྲོས་པའི་གནས་མདོ་སྡུག་པ་སོགས་ལས་ཀྱང་བསྔགས་པའི་མཚོ་མ་དྲོས་པ་མཆུ་ཞེང་གཉིས་ཀ་དཔག་ཚད་ལྔ་བཅུ་རེ་ཡོད་པའི་ཤར་སོགས་ཕྱོགས་བཞིར་བྲག་གླིང་ཆེན་ཁྱུ་མཆོག་རྟ་སེང་གེའི་ཁ་འདྲ་བ་ནས་བྱུང་བའི་ཆུ་བོ་གང་གཱ་དང༌།སིན་དྷུ། པཀྶི། སི་ཏཱ་བཞིས་དངུལ་གསེར་བཻཌཱུརྱ་རྡོ་རྗེའི་ཕྱེ་མ་འདྲེན་ཅིང་ཆུ་ཕྲན་ལྔ་བརྒྱ་རེ་ཁྱེར་ནས་མ་དྲོས་པ་ལ་གཡས་བསྐོར་དུ་ལན་བདུན་རེ་བསྐོར་ནས་རང་རང་ཕྱོགས་ཀྱི་རྒྱ་མཚོར་འབབ་པ། ཞེས་གསུངས་པ་དང༌།《བསྟན་འགྱུར་དཀར་ཆགས》ལས། མཚོ་མ་དྲོས་པའི་འགྲན་ངོགས་སུ་ཤིང་ཛམ་བུ་ཏྲི་ཤ་ཞེས་བྱ་བ་འབྲས་བུ་རོ་མཆོག་མངར་པོ་ལྡན་པར་སྐྱེས་པ། ཤིང་དེའི་འབྲས་བུ་ཤིན་ཏུ་སྨིན་པར་གྱུར་པ་ཆུའི་ནང་དུ་ལྷུང་བ་ལས་ཛམ་བུ་ཞེས་བྱ་བའི་སྒྲ་ཡང་འབྱུང་ངོ་། །དེར་ལྷུང་བའི་འབྲས་བུ་དེ་ལས་ཀླུའི་རྒྱལ་པོ་རྣམས་ཉར་སྤྲུལ་ནས་ཟ་བར་བྱེད་ཅིང༌།མ་ཟོས་པ་རྣམས་ནི་ཆུ་དང་ཕྲད་པའི་སྟོབས་ཀྱིས་ཛམ་བུ་ཆུ་བོའི་གསེར་དུ་འགྱུར་བ་ཞིག་ཡོད་དོ། །དེས་ན་ཤིང་དེས་ཉེ་བར་མཚོན་པའི་གླིང་ཡིན་པས་འཛམ་བུ་གླིང་ཞེས་ཐ་སྙད་དུ་བྱས་སོ་ཞེས་འཛམ་བུ་གླིང་ཞེས་པའི་མིང་གི་ཐ་སྙད་བྱུང་ཚུལ་སོགས་གསལ་བོར་བསྟན་ཡོད་པ་མ་ཟད། བོན་གྱི་ཡིག་རྙིང་《ཀུན་འདུས་》ལས། འཛམ་བུའི་གླིང་ཞེས་པའི་མིང་ཚིག་སྒྲ་བཤད་ལ། རྒྱ་གར་འཕགས་པའི་ཡུལ་དབུས་ནས་བྱང་དུ་རི་ནག་དགུ་འདས་པ་ན། ཞང་ཞུང་ཡུལ་གྱི་ལྟེ་བའི་གནས་མཆོག་གངས་ཏེ་སེ་དང༌། སྤོས་ངད་ལྡན་པ་ལྡིང་བོན་རི་དང༌། དང་ར་རྟ་སྒོ་རི་སོགས་ཀྱི་བར་དུ། མ་པང་གཡུ་མཚོ་གནས་ཤིང་འཁྱིལ་ཡོད། མཚོ་དེ་ནི་འཛམ་བུའི་གླིང་གི་ལྟེ་འབུར་གྱུར་བས།ཆུ་ཐམས་ཅད་ཀྱི་རྩ་བའི་འབྱུང་ཁུངས། ཁ་འབབ་བཞིའི་འབྱུང་གནས་ཡིན་ཞེས་བསྟན་ཡོད་པས། གནས་ཡུལ་འདིར་འཛམ་གླིང་སྤྱི་ཡི་ཆགས་སྲིད་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་བུའི་གླིང་ཞེས་པའི་མིང་དེའང་ཐོག་མར་ཞང་ཞུང་གི་རི་མཚོ་ཤིང་གསུམ་ལ་བརྟེན་ནས་བཏགས་པ་ཡིན་པར་སེམས། ཁྱད་པར་འཛམ་བུའི་གླིང་གི་བྱེ་བྲག་བསྟན་པ་ནི། 《ཀློང་ཆེན་ཆོས་འབྱུང་》ལས། གླིང་གཞན་དུ་སངས་ས་མི་འབྱོན་ལ། གླིང་འདིར་སྤྲུལ་སྐུའི་འབྱོན་གནས་ཡིན་པས། གླིང་གཞན་པས་མཆོག་ཏུ་གྱུར་པའི་འཛམ་བུའི་གླིང་མཆོག་འདི་ན། གླིང་གཞན་ན་མེད་པའི་ངོ་མཚར་བསྒྲག་ཏུ་རུང་བ་དུ་མ་ཡོད་དེ། དུས་གསུམ་གྱི་སངས་རྒྱས་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་བྱིན་རླབས་ཅན་ཞེས་བཤད་ཡོད་ལ། འདིར་ས་ཆེན་བསོད་ནམས་རྒྱལ་མཚན་གྱི་《རྒྱལ་རབས་གསལ་བའི་མེ་ལུང》ལས། བོད་ཅེས་བྱ་བ་ཁྱད་དུ་འཕགས་པའི་ཡུལ། །རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ། །བསིལ་ལ་མཛེས་པ་ལྷ་གནས་གཞལ་ཡས་ཁང༌། །ངོ་མཚར་རྨད་བྱུང་ཕན་བདེ་འབྱུང་བའི་གཞི། །ཆུ་བོ་བཞི་འབབ་རྩི་ཤིང་ནགས་ཀྱིས་མཛེས། །འབྲི་སྣ་ལྔ་འཁྲུངས་རིན་ཆེན་སྣ་ཚོགས་འབྱུང་། །རྐང་བཞི་ཀུན་ཁྱད་རྩི་ཐོག་མར་ལ་སྤྱོད།ཅེས་གསུངས་པ་དང་ཡོངས་སུ་མཐུན་པའོ། །
         དེ་ལྟར་ནའང༌། ཕྱིས་བྱུང་གི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་གཤེན་ཡུལ་འོལ་མོ་ལུང་རིང་ཞེས་པ་དེ་སྟག་གཟིག་གམ་རྟག་གཟིགས་འོལ་མོ་ལུང་རིང་ཞེས་ཐ་སྙད་མི་འདྲ་བ་གཉིས་སྦྱར་ཡོད་དེ། མཁས་པ་འགས་འདི་གཉིས་དོན་མཚུངས་ཡིན་པ་བཞེད་ནའང༌། འོལ་མོ་ལུང་རིང་དང་སྟག་གཟིག་(ད་ལྟའི་ཏ་ཟི་རྒྱལ་ཁབ)གཉིས་ལ་འབྲེལ་དེ་འདྲ་མེད་པར་འདོད་དེ། རྒྱུ་མཚན་ནི་ཏ་ཟིའི་ཡུལ་ན་གངས་ཏེ་སེ་དང༌། ཆུ་བོ་ཆེན་པོ་བཞིའི་མགོ་བོ། མཚོ་མ་ཕམ་རྣམས་མེད་པ་མངོན་སུམ་ཚད་མས་གྲུབ་པ་དེ་ལས་ལྷག་པའི་ཤེས་བྱེད་ཅི་ཞིག་ཀྱང་མི་དགོས་སོ།།
        དེ་ཡང་ཕྱིས་འབྱུང་གི་མཁས་བ་རྣམས་ཀྱིས་སྟག་གཟིག་འོལ་མོ་ལུང་རིངཞེས་པའི་སྟག་གཟིག་གི་སྒྲ་དོན་ནི། 《ལེགས་བཤད་མཛོད》ལས། ཞིང་ཁམས་འདིའི་མཐར་གངས་དབལ་སོ་ཅན་གྱི་ར་བས་བསྐོར་བ་དེ་ལ་སྟོན་པ་གཙོ་འཁོར་ལྔ་བོད་དུ་བྱོན་དུས་སྟོན་པས་མདའ་ལམ་དྲངས་པའི་ཤུལ་འདོམ་གང་ཙམ་གྱི་སྒོ་གཅིག་ཡོད་པའི་རིའི་ཁོང་གསེང་ན་སྟག་གཟིག་ལ་སོགས་གཅན་འཕྲང་དང༌། མུན་འཕྲང་ཉིན་ལམ་དགུ་དགུས་ཆོད་པ་ཡོད་པའི་སྒྲ་ཞུགས་པ་སྟེ། བོད་འདི་གངས་རིའི་ཕྲེང་བས་བསྐོར་བ་ལ་གངས་ཅན་བོད་ཟེར་བ་ལྟ་བུའོ། །ཞེས་བོད་ལ་གངས་རིའི་ཕྲེང་བས་བསྐོར་བས་གངས་ཅན་བོད་ཟེར་བ་བཞིན་དུ་གཤེན་ཡུལ་འོལ་མོ་ལོང་རིང་ན་གཅན་གཟན་སྟག་གཟིག་སོགས་མང་པོ་ཡོད་པས་སྟག་གཟིག་འོལ་མོ་ལུང་རིང་ཞེས་མིང་ཐོབ་པ་ཞིག་ཡིན་པ་བསྟན་འདུག འོ་ནའང་བོན་གཞུང་ཁག་རེ་ལ་རྟག་གཟིགས་འོལ་མོ་ལུང་རིང་ཞེས་གོང་གི་སྒྲ་དོན་གྱིས་འབྲེལ་མི་ཐུབ་པའི་སྒྲ་ཞིག་འཐོན་འདུག་པ་དང༌། རྒྱས་པ་མདོ་དྲི་མེད་གཟི་བརྗོད་དང༌། བསྡུས་པ་མདོ་བསྡུས། མདོ་གཟེར་མིག་སོགས་ལས་གསལ་བ་ལྟར། སྟོན་པས་གཟིགས་ཚད་ལྔ་དང།དགོངས་ཚད་ལྔ་སོ་སོར་བསྟན་ཚུལ་བཤད་ཡོད་དེ། དང་པོ་ཡུལ་ལ་གཟིགས་པ་བདེ་ཆེན་རྟག་གཟིགས་སྒྲོལ་མ་འོལ་མོ་ལུང་རིང་ནི་ཚངས་རྒྱུང་ཉེར་ལྔ་བརྩེགས་པའི་དབུ་མ། རྡུལ་མེད་རྡུལ་དང་བྲལ་བའི་ཞིང་ཁམས། ལྷོ་འཛམ་བུའི་གླིང་གི་མིག གནས་མཆོག་འོལ་མོ་ལུང་རིང་སྟེ། ཞེས་ས་ཚིགས་ཀྱི་དབུས་གངས་ཏེ་སེར་འཛིན་པའི་དེའི་བྱང་ནུབ་ལ་གཤེན་ཡུལ་འོལ་མོ་ལུང་རིང་ཞེས་པ་སངས་རྒྱས་རྣམས་ཀྱིས་དུས་རྟག་ཏུ་གཟིགས་པའི་གནས་མཆོག་དག་ཞིང་བྱང་ཕྱོགས་ཤམ་བྷ་ལ་དང་དོན་གཅིག་མིང་གི་རྣམ་གྲངས་ཞེས་སངས་རྒྱས་རྣམས་ཀྱིས་དུས་རྟག་ཏུ་གཟིགས་པས་ན་རྟག་གཟིགས་འོལ་མོ་ལུང་རིང་ཞེས་བསྟན་པ་དང༌། ཡང་སྐྱབས་སྟོན་ཁྲོ་འགྲེལ། གླེང་བཞི་བསྟན་པའི་འབྱུང་ཁུངས། དར་རྒྱས་གསལ་སྒྲོན་སོགས་ཕྱིས་འབྱུང་གི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་འབྱུང་སོ་སོ་ལ་ཁྱད་པར་སྣ་ཚོགས་སུ་གསལ་བའི་དག་ཞིང་གི་ཡུལ་ངོས་འཛིན་ཚུལ་ནི། གང་ཟག་སོ་སོའི་དག་པའི་སྣང་ངོར་དག་ཞིང་མོས་པའི་ཡིད་ཡུལ་དུ་གྱུར་བ་ཞིག་སྟེ། ཞིང་ཁམས་དང་འཁོར་ཞིང་ཐུན་མོང་བ་འཛམ་གླིང་གི་གནས་ཐམས་ཅད་ལས་ཁྱད་དུ་འཕགས་པའི་ཡུལ། དུས་གསུམ་སངས་རྒྱས་ཐམས་ཅད་བྱོན་པའི་གནས་ཤམ་བྷ་ལ་ཡི་ཞིང་ཁམས་སམ། ངེས་ཚིག་དུས་རྟག་ཏུ་འགྲོ་དོན་སྐྱོ་ངལ་མེད་པར་གཟིགས་པ་དང་ཐུགས་རྗེ་རྒྱུན་ཐག་འལ་འོལ་མེད་པར་རིང་ཞིང་བཀའ་ལུང་སྟོན་པའི་གནས་ཡིན་པས་ན། རྟག་གཟིགས་འོལ་མོ་ལུང་རིང་གི་ཞིང་ཁམས་ཞེས་གྲགས་པ་ནི་འདིའི་མིང་ཚིག་སྒྲ་བཤད་ངེས་ཚུལ་ལོ། །ཞེས་རྟག་གཟིགས་འོལ་མོ་ལུང་རིང་གི་སྒྲ་དོན་ཡང་ཇེ་གསལ་དུ་བསྟན་ཡོད།དེས་ན་རང་གིས་རྟག་གཟིགས་འོལ་མོ་ལུང་རིང་དང་སྟག་གཟིག་འོལ་མོ་ལུང་རིང་གཉིས་མཐའ་གཅིག་དུ་ངེས་པའི་རྒྱུ་མཚན་ད་དུང་མ་རྟོགས་པས་བཤད་པ་འདི་ཙམ་དུ་ལུས་སོ། །
         དེ་ཡང་ཞིང་ཁམས་ཀྱི་ཁྱད་པར་དུ་བྱས་པའི་གནས་མཆོག་དེ་ནི། 《མདོ་སྐྱེ་སྒོ་བཅོད་པ》ལས། འོལ་མོ་ལུང་རིང་གནས་སུ་སྐྱེ་བར་ཤོག །ལུས་ངན་འཁོར་བའི་ལུས་སུ་མི་སྐྱེ་ཞིང༌། །ཞེས་འཁོར་ཞིང་ལས་ཁྱད་དུ་འཕགས་པ་སྨོན་གནས་ཀྱི་ཞིང་ཁམས་ཤིག་ཡིན་པར་བསྟན་ཡོད་པས། འོལ་མོ་ལུང་རིང་ཞེས་བྱ་བ་དེ་ནི་དངོས་གནས་ཞང་ཞུང་ལ་ཕན་བདེའི་ལེགས་ཚོགས་ཐམས་ཅད་འབྱུང་བའི་གནས་ཐུན་མོང་མ་ཡིན་པ་ཞིག་ཡིན་དགོས་པར་བཀའ་མདོ་རྒྱུད་ཀུན་ལས་བཞེད་ཡོད། དེ་ལྟར་གནས་ཡུལ་འདིར་མི་རྣམས་ཀྱི་དད་མོས་ཀྱི་ཡུལ་དུ་གྱུར་པའི་ཞིང་ཁམས་ལ་སོང་ཡོད་པས། ཞིང་ཁམས་དེ་ལའང་མཚན་གྱི་རྣམ་གྲངས་ཀྱང་དུ་མ་ཡོད་དེ། གཡུང་དྲུང་གསལ་བ་འོད་ཀྱི་ཞིང་ཁམས་དང༌། རྟག་གཟིགས་འོལ་མོ་ལུང་རིང་གི་ཞིང་ཁམས། བྱང་ཤམ་བྷ་ལྷ་ཡི་ཞིང་ཁམས་སོགས་བརྗོད་པས། གང་ལྟར་ཞིང་ཁམས་དང་འཁོར་ཞིང་ཐུན་མོང་དུ་གྱུར་པ་དང་རིན་འཛིན་དཔོན་གསེས་འདུ་གནས་ཁྱད་འཕགས་ཤིག་ཡིན་དགོས་སོ། །


  • སེ་ར་ཕུར་མཇལ་ཞེས་པའི་སྲོལ་རྒྱུན་དུས་ཆེན།
  • བོད་ཆཱང་བར་གྱི་འབྲེལ་བ་མདོར་ཙམ་བརྗོད་པ།
  • དྲ་བའི་སྐར་ཆེན་ཞེས་པའི་མཚན་སྙན་ཐོབ་པའི་མི་སྣ་གསུམ།
  • རྒྱ་བཟའ་བོད་དུ་བྱོན་པའི་གཏམ་རྒྱུད་ཞལ་ཐང་ཆེན་མོའི་བགྲོ་གླེང་ཚོགས་འདུ།
  • སྐབས་དང་པོའི་གཙང་གི་དངོས་ཟོག་བརྗེ་རེས་ཚོང་ཚོགས།
  • སོག་རྫོང་བཙན་སྡེ་དགོན་མཚམས་སྦྱོར་མདོར་བསྡུས།
  • སྦྲང་ཆར་རྩོམ་རིག་བྱ་དགའ་དངོས་སུ་གསལ་བསྒྲགས་བྱས་པ།
  • བོན་གྲྭ་རིན་སྤུངས་ཚུལ་བསྟན་ལ་བཅར་འདྲི།
  • གྲངས་ཉུང་མི་རིགས་གསར་འགྱུར་ཁྱབ་སྒྲོག་ཨུ་ཡོན་ལྷན་ཚོགས།
  • བར་དོ་ཐོས་གྲོལ་གསུངས་བ། དགོང་ཞག་ཞེ་དགུ
  • ཨེ་ཙི་འགོས་ནད་སྔོན་འགོག་སྐོར་གྱི་བྱེད་སྒོ་སྤེལ་བ།
  • ནུབ་བྱང་མི་རིགས་སློབ་ཆེན་གྱི་བརྒྱུད་འཚོ་ཞེས་པའི་བགྲོ་གླེང་།
  • ཁྲི་ཀ་བཅའ་སྡོད་སློབ་གྲྭས་བདེ་ཐང་སྐོར་གྱི་འཆད་ཁྲིད་བྱ་འགུལ།
  • ནུབ་བྱང་སློབ་ཆེན་ཡུའུ་ཀྲུང་སློབ་ཁུལ་དུ་འཆད་ཁྲིད་བྱ་འགུལ་སྤེལ།
  • 2011ལོར་པར་སྐྲུན་གནང་བའི་སྒྲུང་དཔེ་མེས་པོ་ར་རྫོང་།
  • ནུབ་བྱང་མི་རིགས་སློབ་ཆེན་བུ་མོ་སློབ་ཆེན་པའི་ནུས་སྦྱོང་བྱེད་པ།
  • སེ་ར་ཕུར་མཇལ་ཞེས་པའི་སྲོལ་རྒྱུན་དུས་ཆེན།
  • རྒྱ་བཟའ་བོད་དུ་བྱོན་པའི་གཏམ་རྒྱུད་ཞལ་ཐང་ཆེན་མོའི་བགྲོ་གླེང་ཚོགས་འདུ།
  • སོག་རྫོང་བཙན་སྡེ་དགོན་མཚམས་སྦྱོར་མདོར་བསྡུས།
  • ཨེ་ཙི་འགོས་ནད་སྔོན་འགོག་སྐོར་གྱི་བྱེད་སྒོ་སྤེལ་བ།
  • 2011ལོར་པར་སྐྲུན་གནང་བའི་སྒྲུང་དཔེ་མེས་པོ་ར་རྫོང་།
  • དེང་རབས་བོད་རིགས་བུད་མེད་ཀྱི་དཔེ་ཚོགས་ཐོག་མ་པར་དུ་བསྐྲུན།
  • ཁྲི་ཀ་བཅའ་སྡོད་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཁྱིམ་བདག་ཚོགས་འདུ།
  • ཧེ་ལུན•ཁའེ་ལིའི་བརྩམས་ཆོས་ཤིག་ལ་དཔྱད་པ།
  • ཚེ་རིང་ཐར།
  • རླུང་རྟའི་ཁྱད་ཆོས་སྐོར་ལ་དཔྱད་པ།
  • བོད་ཁུལ་གྱི་སྲིད་འཛིན་དང་གདོད་མའི་སྡེ་མིང་ལོ་ཙཱ་བྱས་ཚར།
  • ཨོ་ཐོག་ཎ་ལེནྡྲ་ཐེག་ཆེན་ཆོས་གླིང་།
  • བཟོ་རྩལ་ཁྱད་དུ་འཕགས་པའི་བོད་ལུགས་ས་གདན།
  • རྡོ་སྦིས་དགེ་བཤེས།
  • སེམས་ཀྱི་ཉི་ཟླ་ཡུལ་གྱི་རིག་གནས་སྲུང་སྐྱོབ་བྱེད་མཁན་གྱི་སྐྱེས་མཆོག
  • ཕྱུགས་སྨན་གྱི་རྩ་བའི་ཤེས་བྱ་ཞེས་པའི་དཔེ་དེབ།
  • ༄༅།།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་སྨོན་ལམ་དལ་འབྱོར་གྲུ་ཆེན་ཞེས་བྱ་བ་བཞུགས་སོ།།
  • བོད་རིགས་ཀྱི་གནའ་བོའི་གླུ་གཞས།
  • སྲས་མོའི་ལོག་ཕེབས།༼༡༽ ཡབ་གཞིས་པཎ་རིག་འཛིན་དབང་མོ་མཚོ་སྔོན་པོ་དྲ་བར་གདན་ཕེབས་གནང་ཞིང་ཤིས་ཚིག་བསྩལ།
  • ཚེ་རིང་ནོར་བུ་ལགས་ལ་ཐེངས་ལྔ་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་རྗེས་ཆོས་གྲོགས་དྲྭ་བས་བཅར་འདྲི་བྱས་པ།
  • བྱམས་བུད་མེད་རྩོམ་རིག་བྱ་དགའི་མཛད་སྒོ་ཟི་ལིང་ནས་བསྡུས།
  • བོད་ཀྱི་དབང་མཛད་བཅུའི་སྐབས་ཀྱི་ཤེས་རིག
  • བོད་ཀྱི་ཐ་སྙད་གསར་བའི་ཤེས་བྱའི་འགྲན་ཚོགས།
  • ༄༅།།《གུང་ཧོའི་སྲིད་དོན》བོད་ཡིག་གི་པར་གཞི་དང་པོ་སྒྲིག་སྒྱུར་བྱས་ནས་དངོས་སུ་འགྲེམ་སྤེལ་བྱས་པ།
  • བསང་ཡིག་དགེ་མཚན་པདྨོ་བཞད་པའི་ཉི་མ།
  • ༄༅ །།མཚོ་ལྷོའི་རོང་ཁུལ་བུད་མེད་ཀྱི་རྒྱན་ཆ།
  • ༄༅། ། ལེའུ་དང་པོ། སྤྱིའི་རྩ་འཛིན།
  • བོད་ཀྱི་གླུ་བ་གླུ་མ་ཚོའི་ལྷན་གཞས་ཆེད་བསྒྲིགས་གསར་བ།
  • སྐབས་དྲུག་པའི་ཁྲི་ཀའི་རྨ་ཆུ་རིག་གནས་གནས་སྐོར་དུས་ཆེན་གྱི་འགོ་ཚུགས།
  • བོད་དུ་གསུང་རབ་ཐོག་མར་དར་ཚུལ།
  • ༄༅།། 《ལང་ཚོའི་རྦབ་ཆུ》ལས་འཕྲོས་པའི་གཏམ་རེ་གཉིས།
  • ༄༅ །།དམར་པོའི་ཞིང་ཁམས།