སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨ་མྱེས་བ་ཡན་ནམ་ཨ་མྱེས་བུམ་རི།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-21 9:44:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     འདི་ནི་གནས་རི་ཞིག་སྟེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་དང་གསེར་ཆེན་རྫོང་གི་ཐེ་གེ་ཡུལ་ཚོ་གཉིས་ཀྱི་ས་མཚམས་ཏེ། དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་མཚམས་སུ་ཧ་ལམ་སྤྱི་ལེ25ཡིས་ཆོད་པའི་མཚམས་ན་ཡོད་ཅིང་།མཐོ་ཚད་ལ་མཚོ་ངོས་ལས་སྨི3618ཡོད། རི་འདིའི་སྟེང་དུ་ཤུག་པ་ཡོད་པར་མ་ཟད། ད་དུང་ཤིང་ཕྲན་གྱི་རིགས་ཀྱང་འཐིབས་ཡོད་ལ། རི་དྭགས་ཀྱང་ཡོད། དུས་རབས་བཅུ་དྲུག་པའི་ཡར་སྔོན་ཞིག་ནས་བཟུང་། ས་དཔལ་ཁ་གསེར་གཞོང་རིང་མོའི་ཕྱོགས་འདིར་གཉུག་མར་གནས་པའི་བོད་སྔ་རབས་པ་དག་གིས། རི་འདིའི་ཚུགས་ཀ་ནི་བུམ་པའི་དབྱིབས་དང་མཚུངས་པར་མཐོང་ནས་འདི་ལ་བུམ་པ་རི་བཏགས་པས་ན་མིང་ཡང་དེ་ལྟར་དུ་ཐོགས་ཡོད་པ་ཡིན། གནའ་ནས་བཟུང་ད་ལྟའི་བར་དུ་ཡོངས་གྲགས་རྒྱུན་འབྱམས་སུ་གྱུར་ཡོད་པའི་དཔལ་ཁ་ས་ཆའི་ས་བསྟོད་དུའང་། ས་དཔལ་ཁའི་ཨ་མྱེས་བུམ་རི་ནི། །གཡུའི་བུམ་པ་བདུད་རྩིས་གང་འདྲ་རེད། །ཅེས་ཨ་མྱེས་བུམ་རི་ཞེས་ཚིག་ཟིན་དུ་དངོས་སུ་ཐོན་ཡོད་པ་ལྟ་བུས་མཚོན་ནོ། །
     གཞན་ཡང་། ཡུལ་གྲུ་འདིའི་ཁ་བཤད་དུ། བཏུལ་ཐང་གསུམ་དམྱལ་བ་འཛད་མེད་རེད། ། སྟག་མཚོ་སྒང་གཤིན་རྗེ་ཆོས་རྒྱལ་རེད། ། ཅེས་ཀྱང་གྲགས་ཏེ། འདིར་སྟག་མཚོ་སྒང་ཞེས་པའང་ཨ་མྱེས་བུམ་རི་ལ་གོ་དགོས་པར་བཤད།
     སྟག་མཚོ་སྒང་ཞེས་པ་འདི་ནི་རླུང་རྟ་སྡེ་བཞིའམ་སྟག་སེང་ཁྱུང་འབྲུག་བཞི་ལས་སྟག་གི་མིང་ཅན་ནམ་སྟག་མཚོན་བྱེད་ཀྱི་རི་གནས་པ་ཅན་ཞིག་ཡིན་པ་སྔོན་བྱོན་དམ་པ་དུ་མས་གསུངས་མྱོང་ཞིང་།  ས་འདིའི་ཡུལ་མི་རྣམས་ཀྱིས་རི་འདིའི་སྟེང་དུ་དར་ལྕོག་འཐེན་པ་དང་གཏེར་སྦ་བའི་སྲོལ་ད་ལྟའི་བར་དུ་མ་ཉམས་པར་ཡོད།
     དུས་རབས་བཅུ་དྲུག་པའི་རྗེས་སུ། སོག་པོའི་ཚོ་སྡེ་ཁག་ཅིག་ས་འདིར་བསྡད་སྐབས་ཨ་མྱེས་བུམ་རི་ལ་བ་ཡན་དུ་བཏགས། སྐབས་དེ་ནས་བཟུང་ཨ་མྱེས་བ་ཡན་ཞེས་པའི་མིང་དེ་ད་ལྟའི་བར་དུ་རྒྱུན་འབྱམས་སུ་གྱུར། ཨ་མྱེས་བ་ཡན་ཞེས་པ་ནི་རི་འདིའི་གནས་བདག་གི་མཚན་ཡིན་ལ། བ་ཡན་ལབ་ཙེ་ནི་ཨ་ཚོགས་དང་སྒོ་མེ་ཐེ་གེ་མ་གཉིས་ཀས་ཀྱང་བསྟོད་པ་ཞིག་ཡིན།
     ངག་རྒྱུན་ལ། ཨ་མྱེས་བ་ཡན་ནམ་ཨ་མྱེས་བུམ་རི་ནི་རུ་ཡོང་བ་ཞིག་ཡིན་པས་ན། ཁོང་ནི་རུ་ཡོང་བར་སྡོངས་གྲོགས་མཛད་པར་ཐུགས་དགྱེས་པ་ཞིག་ཡིན་ནོ་ཞེས་ཀྱང་གྲགས་སོ། །
ཨ་མྱེས་བ་ཡན་གྱི་བསང་མཆོད།
          དམངས་ཁྲོད་དུ།
          རྗེ་བླ་མས་གསེར་ཞྭ་གྱོན་འདྲ་བོ།།
          དཔོན་བཙན་པོས་གཏོར་ཁ་བཟུང་འདྲ་བོ།།
          གླང་ཆེན་ཐང་ནས་འགྱིང་འདྲ་བོ།།
          དོན་ནག་ཁྲག་གིས་བརྫིས་འདྲ་བོ།།
          རུ་ཁེར་སྐྱེས་ཨ་མྱེས་བ་ཡན།།
          ངས་རེ་བའི་ཉི་མ་ཡོད་དགོས།།
          ངས་བོས་པའི་ཉི་མ་ཡོང་དགོས།།
          ཡོང་ནས་སྡོངས་གྲོགས་མཛད་དགོས།།ཞེས་མཆོད་སྲོལ་བྱེད་ཚུལ་ཡོད།
     གཞི་བདག་འདི་ནི་ཡུལ་འདིའི་མགོན་སྐྱབས་ཡིན་ལ། ལྷ་ཀླུ་གཉན་གསུམ་ལས་གཉན་གྱི་གྲས་སུ་འཇོག་དགོས་པའོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...