སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རའི་ཡུལ་གྱི་སྤྱི་བཤད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-30 14:30:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     མང་ར་ནི་མདོ་སྨད་ཁྲི་ཤོག་རྒྱལ་མོའི་ལྷོ་ཕྱོགས་ཀྱི་རྨ་ཀླུང་གསེར་ལྡན་རིང་མོའི་ལྷོ་རྒྱུད་དུ་ཡོད་ལ། དེང་སང་གི་དབང་དུ་བྱས་ན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་གི་ས་ཆའི་ཆ་ཤས་ཤིག་རེད།
     ཡུལ་འདིར་མང་ར་ཞེས་པའི་མིང་ཐོགས་དོན་ནི་སྔོན་གཙང་ཕྱོགས་ཀྱི་མང་ར་བ་སེང་གེ་རྒྱལ་མཚན་ཞེས་པ་དབུས་གཙང་ནས་མང་ར་སྟོད་སྨད་དང་། འཇག་རི་སུམ་མདོ་སྒོམ་ཁང་དུ་ཕེབས་ཏེ་ཡུན་རིང་བཞུགས་པས་མང་ར་ཞེས་འབོད་པར་གྲགས།
     མང་ར་བ་ཁོང་ནི་དཔལ་གསང་བ་འདུས་པའི་བཀའ་བབས་གསུམ་ཡོད་པ་ལས་བཀའ་བབས་གསུམ་པ་འགོས་ལོ་ཙཱ་བ་དབང་ཕྱུག་ཆོས་ཀྱི་རྒྱལ་བོས་རྒྱ་གར་དུ་པནྜིཏ་བདུན་ཅུ་དང་མཁའ་འགྲོ་མ་གཉིས་བཅས་ལས་གསང་བ་འདུས་པའི་ཆོས་དབང་ལུང་བཤད་ཁྲིད་དང་བཅས་པ་རྫོགས་པར་གསན་ནས་ཐུགས་དམ་ཉམས་བཞེས་མཛད་པས་གྲུབ་པ་བརྙེས།
     འགྲོ་དོན་འཕེལ་བར་གཟིགས་ནས་དུས་རབས་བཅུ་གཅིག་པའི་ལོ་རབས་བརྒྱད་ཅུ་བ་སྟེ་སྤྱི་ལོ་༡༦༣༠ཡས་མས་སུ་མདོ་སྨད་དུ་ཕེབས་པར་གྲགས། གཞན་མང་ར་ཞེས་པ་ནི་ནོར་མང་བོའི་ར་ཞེས་པ་ཡིན་པས་མིང་དེ་བཏགས་པ་རེད་ཅེས་དེབ་ཅིག་ཏུ་བྲིས་འདུག ཡིན་ནའང་། མང་ར་ཞེས་པའི་ས་འདིར་དེའི་སྔོན་དུ་མིང་ལ་ག་འདྲ་ཟེར་མིན་དང་སུ་ཞིག་གིས་དབང་དུ་བསྒྱུར་བ་ལའང་གསལ་ཁ་ཅི་ཡང་མེད། ཚངས་གླུ་གསར་སྙན་ལས་སོག་སྐད་ཐུའུར་འན་ཏེ་དང་བོ་ཞེས་གྲགས་ཟེར། དེ་སོག་པོ་ཚོས་བཏགས་པའམ་ཡང་ན་སྔོན་ནས་མིང་གང་ཞིག་བརྗོད་པ་ཡིན་མིན་མི་གསལ།
     མང་རའི་ས་ཚོད་ཀྱང་སུས་ཀྱང་ཐིག་ལ་བླངས་ནས་བཤད་མེད་ཀྱང་སྐུ་འབུམ་གདན་རབས་ལས་རྨ་ཆུའི་ལྷོ་ངོས་མང་རའི་གཞུང་སོག་སྐད་དུ་ཐུ་རུའུ་འུན་ཏེ་བོད་སྐད་དུ་བསྒྱུར་ན་དང་བོ་ཞེས་གྲགས་པ། ཤར་ན་མཁའ་འགྲོ་མ་བརྒྱ་རྩ་བརྒྱད་ཀྱི་རི་གཉན་བགྲང་མི་རུང་བ། ལྷོ་ན་མང་ཆུ་གཡས་སུ་འཁྱིལ་ནས་རྨ་ཆུར་འདྲེས་པ། ནུབ་ན་རྨ་ཆེན་གངས་རི་བརྗིད་ཆགས་པ། བྱང་ན་མཚོ་ཁྲི་ཤོར་རྒྱལ་མོ་འཛུམ་མེ་བའི་ས་ཆ། ཞེས་གསུངས་པ་ནི་ཆེས་རགས་ཆེ་ལ།
     ཡིན་ན་ཡང་ཆོས་ཚ་མང་རའི་གྲས་སུ་བརྩིས་འདུག་མོད་སའི་བབས་ལ་ངོས་འཛིན་གླང་ཆེན་རྫ་རྒྱུད་ནས་ཡར་ལྷ་མོ་སྤུན་གསུམ་བར་དང་འབའ་མང་རའི་དཀྱིལ་སྒང་དེད་ནས་རྨ་ཆུའི་བར་དང་། ནུབ་རྨ་ཆུས་ཆོད་པ་ནས་བྱང་མི་མགོ་ཐོ་ལོག་ཚུན་ཆད་ཀྱི་ས་འདི་ལ་མང་ར་ཞེས་པའི་ཡུལ་འདིར་ངོས་འཛིན་དགོས་སྙམ།
     མདོ་སྨད་ཀྱི་ཡུལ་འདི་སྔོན་ལྷ་བཙན་པོའི་མངའ་རིས་ཡིན་ཞེས་མཁས་གྲུབ་རིན་པོ་ཆེས་གསུངས་པ་ལྟར་སྲོང་བཙན་སྔོན་དུ་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡ་གྱལ་འ་ཞས་རང་རེའི་ས་འདི་བཟུང་སྟེ་རྒྱལ་ཕྲན་དེ་དག་ནི་བོད་བཙན་པོའི་མངའ་ཁོངས་ཡིན་མོད་སྐབས་དེའི་ཆབ་སྲིད་ནི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཅིག་ཡིན་པས་རེས་འགར་བཙན་པོའི་མངའ་འོག་ཏུ་སྡོད་ཅིང་རེ་འགར་རང་བཙན་གྱི་ཚུལ་དུ་གནས། རང་རེའི་མུ་གེ་ཐང་ནི་འ་ཞའི་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ་རྒྱའི་ཡི་གེར༣༡༠ལོར་འ་ཞའི་རྒྱལ་ཁབ་བཙུགས་ཞེས་བྲིས་ཡོད་ད་དུང་གནའ་ཤུལ་བསམ་ན་སྐབས་དེའི་འ་ཞའི་རྒྱལ་ཁབ་ཀྱི་སྟོབས་འབྱོར་ཅུང་ཆེ་བར་མངོན།
     ལོ་རྒྱུས་སྨྲ་བ་འགའ་རེས་མུ་གེ་ཐང་ནི་བྱེ་མ་ཡོད་པའི་ཐང་སྟེ་འ་ཞའི་སྐད་ཡིན་ཟེར་མོད་དེ་ནི་བོད་སྐད་ཀྱི་དོན་ཏེ་འ་ཞ་ཡང་བོད་ཡིན་པ་ལས་མི་རིགས་གཞན་ཞིག་མིན་པའི་གནད་དེ་མ་ཤེས་པའི་རྐྱེན་ཡིན། དུས་རབས་དྲུག་པའི་ནང་དུ་འ་ཞའི་རྒྱལ་ས་མཚོ་སྔོན་པོ་འཐེབ་རྒྱར་སྤོར་འདུག་ལ་དེའི་རྒྱུ་རྐྱེན་གསལ་བོར་མི་ཤེས་ཡང་མུ་གེ་ཐང་ཞེས་པའི་ཚུལ་ལ་དཔག་ན་བྱེ་མ་འཕྱུར་བས་ཡིན་པ་འདྲ་ལ་ད་ལྟའི་བྱེ་མ་འཕྱུར་སྟངས་ལ་བལྟས་ནའང་གསལ་བོར་མཚོན། དེ་ལས་ང་ཚོས་ཤེས་ཐུབ་པ་ནི་ས་འདིར་འ་ཞའི་རྒྱལ་ས་བཟུང་ནས་ཡུན་རིང་བོར་འགོར། སྲོང་བཙན་སྒམ་པོས་རྒྱ་བཟའ་སློང་དུས་བཙན་པོའི་ཉམས་བསྟན་པར་རྒྱ་ནག་གི་རྒྱལ་བོས་རང་གི་ལ་རྒྱ་མི་ཤོར་བའི་ཆེད་དུ་འ་ཞའི་རྒྱལ་བོ་ནོར་བུ་འབུམ་ལ་ཧོང་ཧྭ་གུང་ཇོ་བྱིན་ཏེ་བོད་ལ་མ་བྱིན་པ་འ་ཞ་ཐབས་ཀྱིས་འགུག་པའི་སྦྱོར་བ་བསྒྲུབས་པས་སྤྱི་ལོ༥༣༨ལོར་བཙན་པོས་འ་ཞ་ལ་དམག་བརྒྱབ། དེ་ནས་བཟུང་གླང་དར་མས་བསྟན་པ་བསྣུབས་ནས་སིལ་བུར་ཐོར་བའི་བར་རང་རེའི་ཡུལ་འདི་ཡང་ཐད་ཀར་བོད་བཙན་པོའི་ཐད་གཏོགས་མངའ་རིས་ཡིན།
     བོད་བཙན་པོའི་རྒྱལ་ཁབ་སིལ་བུར་ཐོར་རྗེས་ཡུལ་སོ་སོ་ནས་རང་བཙན་ལྟ་བུས་བོད་ཀྱི་ས་ཆ་གང་ཞིང་སྐབས་དེའི་བོད་ནི་རྒྱལ་ཁབ་མེད་པའི་རྒྱལ་ཁབ་མང་བོའི་རྒྱལ་ཁབ་ཅིག་ཡིན་ན་ཡང་དེ་དག་ལ་རྒྱལ་ཁབ་ཀྱི་ཕུགས་འདུན་མེད་པས་སོ་སོ་གཞན་གྱི་ཁ་ཟས་སུ་གྱུར། རྗེས་སུ་གླང་དར་མའི་བུ་བརྒྱུད་རྒྱལ་སྲས་ཁྲི་ལྡེས་ཙོང་ཁའི་ཡུལ་དུ་ཕེབས་ནས་ས་དེའི་ཚོ་དཔོན་དག་གིས་བཀུར་ཏེ་ཙོང་ཁའི་རྒྱལ་ཁབ་སྤྱི་ལོ༡༠༠༨ལོར་བཙུགས་པར་རྒྱའི་ཡིག་ཚང་དུ་རྒྱལ་སྲས་རྒྱལ་ཁབ་ཟེར་ཙོང་ཁ་སྡེ་ཁམས་བཅོ་བརྒྱད་སོགས་དབང་དུ་བསྡུས་ནས་མཐར་བསྐྱེད་ཅིང་མི་ཉག་དང་སུང་ལྷོ་མར་འགྲན་བསྡོ་བས་རྒྱའི་ཡིག་ཚང་དུ་གྲགས་པ་ཆེ། དེའི་རྒྱ་ཁྱོན་ནི་ཤར་དུ་ཆིན་ཀྲུའུ་དེང་ཀན་སུའུ་ཐེན་ཧྲོས་དང་བྱང་དུ་མི་ཉག་དང་མཚམས་འབྲེལ་ནུབ་དུ་ཅོ་ནེ་དང་ཟུང་ཆུ་བརྒལ། ལྷོར་མཚོ་སྔོན་བརྒལ་བས་རང་རེའི་ས་ཆ་འདི་ཡང་དེའི་མངའ་ཁོངས་སུ་གཏོགས་པ་སྨོས་མེད་ཡིན་ནའང༡༢༢༧ལོར་ཙོང་ཁའི་རྒྱལ་ཁབ་ཐོར་ཞིག་ཏུ་ཕྱིན།
     དེའི་རྗེས་ང་ཚོའི་ས་འདི་བདག་མེད་ཁ་འཐོར་དུ་གྱུར་ཅིང་རྗེ་དམུ་དགེ་བསམ་གཏན་གྱིས་མདོ་སྨད་ཀྱི་ས་འདི་གླིང་གེ་སར་གྱིས་མངའ་བསྒྱུར་བ་གསུངས་མོད་ཕྱོགས་བཞི་འདུལ་བ་ནི་གླིང་གེ་སར་གྱི་ཕུགས་བསམ་གྱི་ལོ་རྒྱུས་ལས་དོན་དངོས་ཀྱི་མཛད་པ་ནི་གཏན་ནས་ཡིན་མི་སྲིད་དོ། །
     སྤྱི་ལོ༡༢༢༧ལོར་ཇིང་གིར་རྒྱལ་བོས་མི་ཉག་བསྣུབས། མཚོ་སྔོན་ས་འདི་དབང་དུ་བསྒྱུར་རང་རེའི་ས་འདི་ཡང་སོག་པོའི་ཁོངས་སུ་བསྡུས། སོག་པོས་ཀྲང་ཅིང་ཟེར་བའི་དཔོན་པོ་དེ་ས་སྲུང་དུ་བཞག  ཁོང་སྐུ་གཤེགས་རྗེས་སྲས་ཨོ་གོ་ཏ་ཁྲིར་བཞུགས་ཤིང་བུ་འབྲིང་བ་ཨེ་ཆེན་གོ་ཏན་གྱིས་མཚོ་སྔོན་གྱི་ས་ཆ་བདག་གིར་བཟུང་། ༡༥༡༠ལོར་ཤར་ཕྱོགས་སོག་པོ་ཡུམ་ཚེ་ཡིས་ཏ་ཡན་ཧན་ལ་གྱེན་ལོག་བྱས་ནས་ཕམ་རྗེས། དམག་མི་རྣམས་ཁྲིད་དེ་མཚོ་སྔོན་པོའི་མཐའ་སྐོར་དུ་སྤོས་ཏེ་མཚོ་སྔོན་པོའི་མཐའ་འཁོར་གྱི་ས་ཕྱོགས་ཐམས་ཅད་བདག་གིར་བྱས། ༡༥༥༥ལོར་ཧོར་ཐུ་མེད་ཨལ་ཐན་རྒྱལ་བོས་རང་གི་བུ་པེན་ཐུར་དང་པེང་ཐུར་སོགས་དང་སོག་པོ་དུ་མ་ཁྲིད་ཡོང་ནས་མཚོ་སྔོན་གྱི་ས་ཆ་བཟུང་། དེའི་རྗེས་ཨལ་ཐན་གྱི་ཚ་བོ་ཀྲིན་ཞ་གསར་བར་འདིར་བསྡད་དེ་དབང་བསྒྱུར།
     གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་དང་པ་ཐུར་ཧོང་ཐེ་ཇིའི་རྒྱུད་པ་དང་བཅས་པས་དབང་བསྒྱུར་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ཕེབས་ཏེ་སོག་པོ་ཚོ་ཆེན་ཞེ་དགུའི་བླ་མར་བཀུར། ཁོང་སོག་ཡུལ་དུ་ཕེབས་སྐབས་ཁོང་དང་བྱིན་རླབས་མཉམ་པའི་སྐུ་ཚབ་ཅིག་གནང་རྒྱུའི་གསོལ་བ་བཏབས་པས་ལ་མོ་ཚོགས་གཉིས་རྒྱ་མཚོ་དབུས་ནས་གདན་དྲངས་ཏེ་མཚོ་སྔོན་གཡས་རུ་གཡོན་རུའི་ས་ཁུལ་རྣམས་དཔོན་ཁག་སོ་སོའི་མངའ་ཞབས་སུ་ས་བགོས་ཆུ་བགོས་མཛད་སྐབས། ཚ་ཀན་ནོ་མོ་ཧན་ཞབས་དྲུང་དཀར་པོ་མཚོ་སྔོན་སྤྱིའི་དབུ་བླ་ཡིན་སྟབས་ཤར་ཁྲི་ཀའི་འཕྲང་དམར། ཤར་ལྷོ་བྲག་དཀར། ལྷོ་རྡོ་སྟག་གཡག ནུབ་འགྱང་ཆེ་ཆུང་། བྱང་དང་བྱང་ཤར་རྨ་ཆུས་བཅད་མཚམས་ལ་མོ་སྐུ་ཕྲེང་རིམ་པའི་རུ་སྡེ་ལྷ་སྡེར་དབང་བའི་མངའ་རིས་སུ་བཅད། དེའི་སྐབས་སུ་ཚ་ཀན་ཧུ་ཐོག་ཐུ་ཞབས་དྲུང་དཀར་བོའི་ལྷ་སྡེ་མི་སྡེ་མདའ་ཚན་བཞིར་བསྒྲིགས་ནས། འབའ་མང་ར། བྱ་གཞུང་རྣམས་སུ་མཁའ་ལ་རྒྱུ་སྐར་བཀྲ་བ་བཞིན་སོག་པོའི་མདའ་བཅུ་གཅིག་དང་ཟླ་སྒྲིལ་དུ་གནས། དེའི་སྐབས་སུ་འབའ་གད་པ་གཡང་རར་ཐར་ཤུལ་དགོན། འབའ་གཞུང་ཞྭ་དམར་ལྷ་ཞོལ་དུ་ཞྭ་དམར་དགོན། མང་རའི་ཐོ་ནོ་ཅིའི་ངོས་སུ་འཁྱམས་རུའི་དགོན། ལ་མོ་སྐུ་ཕྲེང་བ་ངག་དབང་མཆོག་གྲུབ་བསྟན་པའི་རྒྱལ་མཚན་རྙེ་བསྟན་པའི་རྒྱལ་མཚན་གྱིས་གཡོན་རུའི་དགོན་དུ་གདན་སར་བཀོད། རྐང་ཚའི་དགོན་ཡང་ཆུ་བཟང་དུ་ཆགས། དེ་དག་བཞེངས་པའི་ཤུལ་དུ་ཀ་རྡོ་བཟོས་མ་དང་། སོ་ཕག་གཡུ་རྩི་ཅན་མང་བོ་ད་ལྟའང་མཐོང་རྒྱུ་ཡོད། བྱ་གཞུང་དུ་མ་ཕྱག་གྲགས་པ་རྒྱ་མཚོས་མ་ཕྱག་དགོན་ཕྱག་འདེབས་གནང་། བྱ་མདོའི་ནགས་རྒན་དུ་ཆོས་རྗེ་གསེར་ཁང་བ་ཡུན་རིང་བཞུགས་ཏེ་མཆོད་པ་བྱེ་བ་ཕུལ་བ་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན།
     བསྟན་འཛིན་ཝང་གི་བློན་ཆེན་ཨལ་དར་ཏོ་ཥོ་ཆི་ཟེར་བ་འབྲོག་སྡེ་མང་བོའི་མགོ་དཔོན་དུ་བསྐོས་པས་འབའ་གཞུང་སྟོད་སྨད་ཀྱི་ས་བཟུང་། དེའི་སྐབས་ཁོའི་དཔའ་རྩལ་ལ་སྐྲག་ནས་ཧོར་སྦྲ་ནག་རུ་སྡེ་གཅིག་ཀྱང་ཉེ་འཁོར་དུ་འབབ་མི་ཐུབ་ལ་ཁོ་ཤི་རྗེས། འབའ་ཡི་སྟག་རྒན་ཤི་ནས། །སྐམ་པའི་ཧྭ་མོ་ཕྱེས་སོང་། །ཞེས་ཧོར་སྦྲ་ནག་པ་རེབ་གོང་ཕྱོགས་ཀྱི་འབྲོག་སྡེ་མང་བོ་གྲོག་ཚང་བརྡོལ་བ་བཞིན་མཐའ་སྨུག་  བྱ་དར། འབའ་གཞུང་སྟོད་སྨད་སོགས་སུ་ཡོང་ནས་བཙན་ཤུགས་ཀྱིས་བཟུང་། དེར་བརྟེན་བོད་སོག་ལོ་མང་བོར་འཁྲུག་ལ་མོའི་ལྷ་སྡེ་དང་ཆིང་ཝང་གི་རུ་སྡེ་ཟླ་སྒྲིལ་དུ་ཡོད་པ་བཙན་གཏོར་བཏང་། ཧོར་དམག་གིས་མདའ་བཞི་དང་། ཚ་ཀན་ནོ་མོ་ཧན་གྱི་སྒར་གཞི་སོགས་འཕྲོག་བཅོམ་རྒོལ་གཏོར་བྱས། ཡུལ་ཕྱོགས་འདིའི་རུ་སྡེ་རྣམས་ཡུལ་ཕུད་ནས་གཞན་དུ་བསྐྱོད་དགོས་བྱུང་། དེར་བརྟེན་དགོན་སྡེ་ཆེ་ཕྲ་རྣམས་ཀྱང་རང་སྡེ་སོ་སོའི་རྗེས་བསྙེགས་ནས་གཞན་དུ་སྤར། ཞབས་དྲུང་དཀར་བོའི་ལྷ་སྡེ་ཚོ་བ་བདུན། མ་ཕྱག་དགོན། ལ་མོའི་སྒར་གཞུང་བཅས་མཚོ་སྔོན་ཆུ་འགག་དཀར་ཐང་མར་ཁུའི་མཚོ་མོར་སྤར།
     སྤྱི་ལོ་༡༨༨༥ལོར་ལ་མོ་བསྟན་འཛིན་ནོར་བུ་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་དང་ཕྱག་མཛོད་སོགས་ཆེད་གཉེར་གྱིས་བྱ་ཁོག  མང་ར། འབའ་ཡི་ས་ཁུལ་སོ་སོར་ཕེབས། ཕྱིར་གདན་ས་བདེ་ཆེན་དུ་ཕེབས་འཕྲལ་མང་འབའ་བྱ་གསུམ་དང་རབ་འོག་སོགས་ན་ཞིང་ས་གཤིན་པོ་མང་དུ་ཡོད་པར་སྣང་རའི་གྲོང་སོ་སོ་དང་། བ་ཡན། གཅན་ཚ་ཉིན་སྲིབ་སོགས་ནས་ཚ་ཀན་ཧུ་ཐོག་ཐུའི་ཞིང་བ་ལྷ་སྡེར་མང་འབའ་བྱ་གསུམ་གང་མོས་ནས་གཞི་འཛིན་འདོད་ན་ཞིང་ས་སྤྲད་ཆོག་ཅེས་བསྒྲགས་པར་བརྟེན། དུས་ཡུན་ཐུང་ངུ་ཞིག་ལ་ལྷ་སྡེ་ཞིང་བ་བརྒྱ་ཕྲག་དུ་མ་རུ་ཉེ་བས་གཞི་བཟུང་། ལ་མོ་གོང་ས་ཆེན་པོ་ལན་དུ་མར་མང་ར་སོགས་སུ་ཕེབས། རབ་འོག་ནས་ཐོ་ལེ་དགོན་དང་། བྱ་མདོ་ནས་ཚ་རྔ་དགོན་སོགས་བཏབ་ཞིང་པད་མ་ཚེ་རིང་མང་འབའ་བྱ་གསུམ་གྱི་སྤྱི་གཉེར་དུ་མངགས།
     ཨན་བྷན་ནས་ལྟ་རྟོག་ཞིབ་འཇུག་གིས་ཀབ་རོན་གྱི་ས་ལ་རུ་སྔུན་གྱིས་སྔར་ནས་འཐེན་རྩོད་བྱེད་ཀྱིན་ཡོད་པར་ཤར་ལྷོ་གཅན་ཚའི་ཐང་མགོ་འཕྲང་དམར་ཡན་ཆད། ལྷོ་མང་རའི་མདུན་བྲག་དམར་ཚུན་ཆད། ལྷོ་ནུབ་རྡོ་སྟག་གཡག་ཚུན་ཆད། ནུབ་འགྱང་ཆེ་ཆུང་ཡན་ཆད། བྱང་དང་བྱང་ཤར་རྨ་ཆུས་བཅད་མཚམས་ནས་རྗེ་ཉིད་སྐུ་ཕྲེང་གི་ས་ཡིན་པར་ཐག་བཅད་དེ་ས་ཡིག་གནང་།
     ༡༩༤༠ལོའི་སྔ་གཞུག་ཏུ་གོ་མིན་ཏང་སྲིད་འཛིན་ས་ཁུལ་བདུན་པའི་སྲིད་འཛིན་རྟོག་དཔྱོད་ཀྲོན་ཡོན་ཧྲོའུ་ར་རྒྱ་དགོན་ནས་བཙུགས་ཏེ་ཐུན་ཏེ་རྫོང་ཞེས་བཏགས། ནང་ཁུལ་དུ་ཅུའུ་གསུམ་ཡོད་པའི་གཅིག་མང་རའི་མཆོད་རྟེན་ཐང་དུ་བཙུགས། མཱ་ཏིན་ཧེས་ཞེས་པ་མང་ར་ཅུའུ་ཡི་ཅུའུ་ཀྲང་ལ་མངགས། མང་རར་ཐོན་རྗེས་སྤྱི་གཉེར་པད་མ་ཚེ་རིང་གི་ཁྱིམ་གཞི་དང་དབང་ཆ་ཡོད་ཚད་བླངས།
     ༡༩༤ལོར་ལ་མོ་ཞབས་དྲུང་སྐུ་ཕྲེང་བརྒྱད་པ། ཡོངས་འཛིན་རིན་པོ་ཆེ་དང་། མདའ་བཞི་ཐུབ་མཆོག ཁོང་གི་ཨ་ཁུ་དཔལ་ལྡན་དང་བཅས་ཟི་ལིང་དུ་ཕེབས་ནས་གཏུགས་བཤེར་བརྒྱབས་པས་རྒྱལ་ཏེ་ཨ་ཁུ་དཔལ་ལྡན་མང་འབའ་བྱ་གསུམ་གྱི་སྟོང་དཔོན་དུ་བསྐོས་པ་ནས་༡༩༤༩བར་དུ་བསྐྱངས་ཏེ་ལོ་རྒྱུས་ཀྱི་དར་རྒུད་མང་བོ་བརྒྱུད་དོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...