སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བྱེ་མ་ལ་བདུན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-14 9:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     གནས་འདི་ནི་མཚོ་སྔོན་པོའི་བྱང་ཤར་གྱི་ཕྱོགས་སམ། རིག་སྨོན་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ20ཡི་མཚམས་ཏེ། གསེར་ཆེན་རྫོང་དང་མདའ་བཞི་རྫོང་གཉི་གའི་ས་མཚམས་ན་གླང་ཆེན་འཕྲེད་ལ་ཉལ་བ་ལྟར་ཡོད་པ་སྟེ། ཟི་ལིང་ནས་ནུབ་ཕྱོགས་སུ་སྤྱི་ལེ135ཡིས་ཆོད་པའི་ས་ན་ཡོད་ལ། གནས་འདིའི་ས་བབ་ཀྱི་མཐོ་ཚད་མཚོ་ངོས་ལས་སྨི3200ནས4200ཡི་མཚམས་ན་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ58.4ཡོད། འདི་ནི་མཚོ་སྔོན་པོའི་བསྐོར་ལམ་གྱི་གནས་ཁྱད་པར་བ་ཞིག་ཡིན། གླིང་སྒྲུང་ལས་གནས་མཆོག་འདིར“ལ་བདུན་ནོར་བུ་ཆ་བདུན”ཡང་ཟེར། གནས་འདིར་བྱེ་མའི་ལ་མཐོན་པོ་བདུན་ཡོད་ལ། དེ་དག་ནི་རྒྱལ་སྲིད་སྣ་བདུན་གྱི་ཡ་གྱལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བདུན་གྱི་དབྱིབས་སུ་སྣང་བས་མིང་ཡང་དེ་སྐད་དུ་ཐོགས། གཞན། བྱེ་མའི་ལ་བདུན་པོ་དེ་དག་ནི་ཚོགས་ཞིང་ལ་རྒྱལ་སྲིད་སྣ་བདུན་གྱི་མཆོད་པ་ཕུལ་བའི་དབྱིབས་སུ་ཆགས་ཡོད་ལ། གྲངས་ཀྱང་དེ་དང་མཉམ་པས། མིང་ཡང་དེ་སྐད་དུ་ཐོགས་པའི་བཤད་ཚུལ་ཡང་ཡོད།
     དེ་ཡང་། གནས་འདི་དང་ཉེ་བའི་མི་ཉག་ཚོ་བ་གཙོ་བྱས་པའི་མཚོ་སྔོན་པོ་གཡས་རུ་གཡོན་རུའི་སེར་སྐྱ་མང་ཚོགས་ཀུན་གྱིས། བྱེ་མ་ལ་བདུན་ནི་གླིང་གི་གཏེར་སྒོ་ཁྱད་པར་བ་ཞིག་ཡིན་པའི་མོས་པ་བཟུང་ཡོད་ལ། གནས་འདིར་གླིང་རྗེ་གེ་སར་རྒྱལ་པོ་དང་འབྲེལ་བའི་ངག་རྒྱུན་དང་ཤུལ་རྟེན་ཡང་མང་བའི་རྐྱེན་གྱིས། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ལོ་རྒྱུས་སྙན་རྩོམ་ཞིབ་འཇུག་ཁང་གིས། གནས་མཆོག་བྱེ་མ་ལ་བདུན་ལ་བརྟག་དཔྱད་ཞིབ་འཇུག་གི་ཁུངས་གཏུགས་ར་སྤྲོད་བྱས་པ་བརྒྱུད་ནས། གནས་མཆོག་བྱེ་མ་ལ་བདུན་འདི“འཛམ་གླིང་གི་ཆེས་རིང་བའི་བོད་རིགས་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གེ་སར་སྒྲུང་གི་ཡུལ་ལྗོངས་གྲགས་ཅན་ནམ། རྒྱལ་ཁབ་རིམ་པའི་མངོན་གྱུར་མ་ཡིན་པའི་རིག་གནས་ཤུལ་བཞག་གེ་སར་གྱི་གནའ་ཤུལ་གྲགས་ཅན”ཞིག་ཡིན་པ་གཏན་འཁེལ་བྱས་ཡོད་པར་མ་ཟད། ད་དུང་དེར་མཐུན་གྱི་སྡོམ་ཚིག་ཀྱང་བཀོད་ཡོད་དེ། སྡོམ་ཚིག་ལས“མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་བྱང་ཤར་ཕྱོགས་ཀྱི་བྱེ་མ་ལ་བདུན་ནི། ལ་བདུན་ནོར་བུ་ཆ་བདུན་ཞེས་རང་ཞིང་དུ་སྐད་གྲགས་ཆེ་བའི་གནས་ཁམས་ཆེན་ཞིག་ཡིན་པར་མ་ཟད། ད་དུང་ལོ་རྒྱུས་སྟེང་མི་རིགས་སོ་སོས་ཕན་ཚུན་བར་ལ་རིག་གནས་བརྗེ་རེས་བྱས་པའི་ཐེངས་གྲངས་ཀྱང་ཆེས་མང་ས་ཞིག་ཡིན་ལ། གེ་སར་སྒྲུང་གི་གཏམ་རྒྱུད་ཁྱབ་རྒྱ་ཆེས་ཆེ་བའི་ས་ཁུལ་ནང་གི་གཅིག་ཀྱང་ཡིན་པ་བཅས་ཀྱི་རྒྱུ་མཚན་གྱིས། ཞིང་ཆེན་ཡོངས་སུ་གེ་སར་སྒྲུང་གི་ཤུལ་རྟེན་ལ་ཁྱབ་བཤེར་དང་ཁུངས་གཏུགས་ར་སྤྲོད་བཅས་བྱས་པའི་བྱ་རིམ་དེའི་ནང་། བྱེ་མ་ལ་བདུན་ཡོད་སའི་ས་ཆ་འདི་ནི་གླིང་རྗེ་གེ་སར་རྒྱལ་པོ་དང་གླིང་གི་དཔའ་ཆེན་སུམ་ཅུས་མཛད་འཕྲིན་གནངས་མྱོང་སའི་ས་ཁུལ་གཙོ་བོ་ཡིན་པ་ཤེས་ཤིང་། གླིང་སྒྲུང་ཁྲོད་དུ་གནས་འདི་ཐེངས་མང་པོར་གླེང་ཡོད་པར་མ་ཟད། ད་དུང་དེའི་ཐད་ཀྱི་གནས་ཚུལ་ཕྲ་ཞིང་ཞིབ་པར་བཀོད་ཀྱང་ཡོད་དོ།  ། དེར་བརྟེན། གནས་འདི་ཉིད་གསར་སྤེལ་བགྱིས་ན། རང་ཞིང་གི་གེ་སར་རིག་པའི་འཕྲིན་ལས་དང་ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཁྱད་གསོད་བྱེད་མི་རུང་བའི་རིན་ཐང་དང་བྱེད་ནུས་ལྡན་ནོ”ཞེས་བསྟན་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...