སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་སྨད་ལྷོ་རྒྱུད་ཀྱི་ཡུལ་ཁམས་ཆེན་པོ་རེབ་གོང་གསེར་མོ་ལྗོངས་ངོ་སྤྲོད་མདོར་ཙམ་ཞུ་བ་དགུ་ཆུ་སྔོན་མོའི་རང
རྩོམ་པ་པོ། པདྨ་འཕྲིན་ལས། རྩོམ་སྒྲིག་པ། admin དུས་ཚོད། 2008-6-27 11:36:10 རྩོམ་ཁུངས། མཚོ་སྔོན་པོའི་དྲ་ཚིགས ཀློག་གྲངས།
   དེ་ཡང་བཀའ་གདམས་པའི་གླེགས་བམ་ལས།  མི་ནི་ཆོས་ལ་དད་པ་དང་།  ལྷ་ནི་དཀར་ཕྱོགས་སྐྱོང་བ་དང་།  ས་ལ་དགེ་བཅུ་ཚང་བ་ཡི།།  གསེར་གྱི་ཡུལ་ལྗོངས་ཞེས་སུ་གྲགས།།  ཞེས་བཀའ་ལུང་གིས་ཡང་དག་པར་བསྔགས་པའི་ལྗོངས་ཆེན་པོ་དེ་ནི་གཅེས་སུ་རུང་བའི་ངའི་ཕ་ཡུལ་ཏེ་རེབ་གོང་གསེར་མོ་ལྗོངས་ཡིན་ལ།  དེ་ནི་དབུས་གཙང་དག་པའི་ཞིང་གི་ཤར་ཕྱོགས།  མདོ་སྨད་ཙོང་ཁའི་སྐྱེས་རེའི་ལྷོ་ཕྱོགས།  ཟི་ལིང་གྲོང་ཁྱེར་ནས་སྤྱི་ལེ་བརྒྱ་དང་བརྒྱད་ཅུའི་མཚམས།  འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་གདུལ་བྱའི་ཞིང་།   ཡོངས་གྲགས་སུ་རེབ་གོང་ཞེས་འབོད་པའི་སའི་ཆ།  མི་རྣམས་རང་བཞིན་གྱིས་རྣམ་རིག་བཀྲ་ཞིང་དཔལ་རྩལ་ཆེ་བ།  མཁན་ཆེན་དང་གྲུབ་ཆེན།  ལྷ་བཟོ་དང་སྨན་རྩིས།  དངུལ་མགར་དང་ལྕགས་མགར།  དཔར་རྐོ་དང་རྡོ་བཟོ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་མཁས་ཤིང་།  ཆོས་ཕྱོགས་ལ་དགའ་བའི་ཡུལ་གྲུ་ཆེན་པོ་བགྲང་ལས་འད་ས་པ་ཡོད།  དེ་རྣམས་ཀྱི་ཡུལ་དབུས་ས་ཡི་ལྟེ་བ་རུ་མདོ་སྨད་བསྟན་པའི་གནས་གཞི་རོང་བོ་དཔལ་གྱི་དགོན་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་བདེ་ཆེན་ཆོས་འཁོར་གླིང་དེ་ཉིད་གཟི་འོད་སྟོང་ལྡན་གྱི་རྣམ་པར་འགྱིང་ངེར་བཞེངས་འདུག  དེའི་མཐའ་སྐོར་དུ་གྲུབ་གནས་བརྒྱད་དང་།  དགོན་མ་ལག་སུམ་ཅུ་སོ་ལྔ།  ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྒྲུབ་གནས་སོགས་གནས་འགངས་ཆེན་མང་པོ་ཡོད།  ལྷག་པར་རེབ་གོང་འདི་ཉིད་མདོ་སྨད་ལྷོ་རྒྱུད་ཀྱི་ལྟེ་བ་ཡིན་པས།  ཡུལ་མདོ་སྨད་ཀྱི་གདོད་མའི་དུས་ཀྱི་ཆབ་སྲིད་དང་དཔལ་འབྱོར།  རིག་གནས་ཀྱི་ལོ་རྒྱུས་གསོན་པོ་ཞིག་ད་ལྟའང་འདི་ཉིད་དུ་མ་འཇིག་མ་རྙིང་བར་གནས་ཡོད།  དེའི་སྟབས་ཀྱིས་གངས་ཅན་པའི་ལོ་རྒྱུས་ཆ་ཚང་བ་གསལ་ཐག་ཆོད་པ་ཞིག་རྟོགས་དགོས་ན་ས་སྒང་འདིའི་ཕ་མེས་གོང་མ་རྣམས་ཀྱི་རིགས་རུས་དང་།  ཐང་སྐུ་རྙིང་བའི་གནའ་མིའི་ཆ་ལུགས།  ཡུལ་ལྷ་མཆོད་སྲོལ།  ཡུལ་སྲོལ་གོམས་གཤིས།  གནའ་བོའི་དཔོན་གྱི་གོ་སའི་གནས་སྟངས་ཀྱི་ལོ་རྒྱུས་ལ་ཐོག་མར་ཞིབ་འཇུག་བྱ་དགོས་པ་སྨོས་མ་དགོས་པ་དེའི་ཕྱིར།  རང་རེའི་བོད་ཀྱི་ཡུལ་ནའང་རེབ་གོང་གི་མིང་ལ་གནའ་ནས་ད་ལྟའི་བར་འབོད་སྲོལ་འདི་འདྲ་ཆགས་ཡོད་དེ།  རེ་སྐོང་གསེར་མོ་ལྗོངས་ཞེས་དང་།  གསེར་ལྗོངས་རིག་པའི་འབྱུང་གནས་ཞེས་དང་།  རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་དང་།  གསེར་ལྗོངས་དགེ་བའི་འབྱུང་གནས་ཞེས་དང་།  རེ་སྐོང་ཆོས་ཀྱི་ཞིང་ཁམས་ཞེས་ལྗོངས་འདིའི་མིང་ལ་སྙན་ངག་གི་ལམ་དང་ལོ་རྒྱུས་དང་མཐུན་པའི་སྒོ་ནས་བསྔགས་བརྗོད་ཀྱི་མེ་ཏོག་གི་ཕྲེང་བ་གཏོར་ནས་རྒྱུན་ཆགས་སུ་གྱུར་ཡོད་པ་དེ་ནི་ཀུན་ལ་ཡོངས་སུ་གྲགས་པའི་གཏམ་མོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...