སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མ་སངས་ཞེས་པའི་ཐ་སྙད་གླེང་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2013-8-3 7:37:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

        བོད་ཀྱི་ལོ་རྒྱུས་ལས་མ་སངས་ཞེས་པའི་ཐ་སྙད་གང་མང་བྱུང་མྱོང་ནའང་དེ་ལ་གཏན་ཚིགས་ཀྱིས་འགྲེལ་སྟངས་ལ་རྟ་མག་མོག་གི་སྤུ་ལྟར་བཞེད་པ་གང་མང་བྱུང༌། སྤྱིར་ཐ་སྙད་ཅིག་གི་འགྲེལ་ནི་དེ་འདྲ་དགོས་གལ་ཆེ་བ་ཞིག་མིན་ནའང“མ་སངས”ཞེས་པ་འདིར་མཚོན་ན་ལོ་རྒྱུས་དང་འབྲེལ་བའི་ཐ་སྙད་ཅིག་ཡིན་པས་འདིའི་དོན་ཤེས་རྟོགས་བྱུང་ཚེ་ལོ་རྒྱུས་ཀྱི་གནད་དོན་མང་བོ་ཞིག་ལ་དབྱེ་ཞིབ་དང་བསྡོམས་ཚིག་ཡང་དག་ཅིག་བཀོད་ཆོག་ཕྱིར་ད་ལན་ཁོ་བོས་ཆེད་དུ་ཐ་སྙད་འདིའི་སྐོར་ལ་དཔྱད་པ་ཅུང་ཟད་གཏོང་སྙམ།
        མ་སངས་ཞེས་པའི་ཐ་སྙད་འདི་ནམ་བྱུང་ངེས་གསལ་མེད་ན་ཡང༌། 《བོད་རྒྱ་ཆོས་འབྱུང་རྒྱས་པ》ལས“བདུན་པ་མ་སངས་རུ་དགུས་དབང་བྱས་ཏེ”ཞེས་དང༌། 《རྒྱལ་བོའི་བཀའ་ཐང》ལས“བདུན་པ་མ་སངས་སྤུན་དགུས་བྱས་ཏེ”ཞེས་པ་དག་ལ་བལྟས་ན་མངའ་མཛད་དེ་དག་གི་སྐབས་སུ་མ་སངས་ཞེས་པའི་ཐ་སྙད་བྱུང་མྱོང་བ་བསྙོན་དུ་མེད་ནའང་ཡང་སྙིང་དེའི་སྔོན་ནས་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་མ་སངས་ཞེས་བཏགས་པ་དང༌། ཡང་ན་མ་སངས་ཞེས་པ་ཇི་འདྲ་ཞིག་ཡིན་མིན་སྐོར་ལ་གསལ་བཤད་ཅི་ཡང་བྱས་མེད། ཡོངས་གྲགས་སུ་མངའ་མཛད་བྱུང་བའི་ལོ་རྒྱུས་དེ་འགྲོ་བ་མི་བྱུང་བའི་སྔ་རོལ་དང་རྗེས་ཡིན་པར་བཞེད་པ་མི་མཐུན་པའི་ཕྱིར་མ་སངས་ཀྱང་མི་ཡིན་མིན་ལ་རྩོད་པ་བྱུང༌།
        དེ་ཡང《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ》ལས“མ་སངས་ནི་ཡོངས་གྲགས་སུ་ཐེའུ་རང་ཞེས་བྱ་བའི་གྲས་ཡིན①”པར་བཤད་ལ། 《ཞང་བོད་ལོ་རྒྱུས་ནོར་བུའི་མེ་ལོང》ལས“མ་སངས་གྱི་གོང་དུ་བྱུང་བ་དེ་དག་མི་མ་ཡིན་ཁོ་ན་ཡིན་སྟབས། དུས་སྐབས་དེ་དག་ཏུ་ད་དུང་གངས་རིའི་ར་བས་བསྐོར་བའི་ལྗོངས་ཆེན་པོ་འདིར་མིའི་འགྲོ་བ་བྱུང་མེད་ཅིང༌། མ་སངས་ནི་མིའི་འགྲོ་བ་དང་ཤིན་ཏུ་ཉེ་བའི་འགྲོ་བ་ཞིག་ཡིན་ཚུལ་གནའ་བོའི་ལོ་རྒྱུས་མང་བོ་ལས་འབྱུང་བ་བཞིན། དུས་དེ་ཙམ་ཞིག་ན་མིའི་འགྲོ་བ་ཡོད་སྲིད་པ་སྟེ་མ་སངས་སྤུན་དགུའི་ནང་ཚན་མ་སངས་མཚོ་སྐྱེས། ཞེས་པ་དེས་མིའི་ཐ་སྙད་བསྟན་པ་དེ་ཨོད་མའམ་ཨོད་མི་ཞེས་བྱ་ཡིན་ལས་ཆེ་ཞེས་བྱ་བ་རྣམས་ཀྱིས་བག་ཙམ་ཤེས་ཐུབ་པ་ཡིན②”ཞེས་འབྱུང་བ་དག་ནི་མངའ་མཛད་འགྲོ་བ་མིའི་སྔ་རོལ་ཏུ་བྱུང་བ་དང་མ་སངས་ཀྱང་མི་མ་ཡིན་དུ་བཞེད་པའི་ཕྱོགས་ཡིན།
        སྤྱིར་ན་བཤད་ཚུལ་འདི་ལ་ལོ་རྒྱུས་དཔྱད་གཞིའི་རིན་ཐང་ངེས་ཅན་ཞིག་ཡོད་པ་གདོན་མི་ཟ་ཡང་ཅུང་ཟད་དཔྱད་དགོས་པ་ཡིན་ཏེ། 《ལྡེའུ་ཆོས་འབྱུང》ལས། “བོད་གློ་བུར་བཙན་པོ་ལ་གཉའ་ཁྲི་མ་བྱོན་གོང་དུ་རྒྱལ་ཕྲན་རྣམས་ཀྱིས་དབང་བྱས་ཏེ་དང་བོ་གནམ་གནོན་གྱིས་དབང་བྱས③”ཞེས་དང༌། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ》ལས“བོད་དབུས་ན་རྨོངས་པས་ཁས་ཉེན་ཏེ་རྒོལ་ཏུ་མི་ཐུབ་བྲག་རི་བཙན་པོ་འཛིན་སྐབས། དེའི་དུས་སུ་ཕྱོགས་བཞིའི་དགྲ་འདུལ་འདོད་དབང་མཛད་བཅུ་གཉིས་བྱུང་སྟེ④”ཞེས་དང༌། གཞན《ཆོས་འབྱུང་མེ་ཏོག་སྙིང་པོ》སོགས་ལོ་རྒྱུས་མང་བོ་ལས་གསལ་བ་ལྟར་འགྲོ་བ་མི་བྱུང་ནས་བྱུང་བ་ལོ་རྒྱུས་ཀྱི་ཆོས་ཉིད་དང་མཐུན་ཞིང༌། 《རྒྱལ་བོ་བཀའི་ཐང་ཡིག》ལས། མ་སངས་རུས་དགུའི་སྔོན་དུ“བོད་ཁམས་རུས་དགུ”ཞེས་བཏགས་པའི་ཚུལ་ལ་དཔགས་ན་སྐབས་དེར་དེ་སྐད་མིང་འདོགས་པ་བོའང་འདིར་བྱུང་བའི་འགྲོ་བར་བསྙོན་དུ་མེད་ཅིང་དེའི་སྐབས་སུ་བོད་སྐད་སྤྱོད་བཞིན་པ་ཆེས་གསལ་ལ། 《རྒྱལ་བོའི་བཀའ་ཐང》ལས“ཕྱོགས་བཞིའི་རྒྱལ་བོ་ཕྱོགས་ནས་དར་བའི་ཚེ། །དེ་དུས་བོད་ཀྱི་མི་ལ་རྗེ་མེད་པས། །⑤”ཞེས་མངའ་མཛད་དྲུག་མི་ཡིན་པ་ཁ་གསལ་ཁུངས་དག་གིས་བསྟན་པ་དང་མངའ་མཛད་དྲུག་གི་རྗེས་མ་གཉའ་ཁྲིའི་སྔོན་ཏག་ཏག་ཡིན་པ“སྤུར་རྒྱལ་སྔོན་དུ་མངའ་མཛད་དྲུག་ཏུ་བྱུང”ཞེས་པས་ཤེས་ཐུབ། ལྷག་པར་སྐབས་དེའི་འགྲོ་བ་མི་བྱུང་ཡོད་ན་དེ་དག་གི་དཔོན་པོ་མི་མ་ཡིན་དུ་ཁས་ལེན་དགོས་པས་འདི་ནི་ངེས་པར་བཞད་གད་སློང་བའི་གཏམ་དུ་སྣང་ངོ༌། །
        གཞན་ཡང《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས“གནམ་ནས་ལྕེ་རིང༌།  གཡུ་རིང༌། གཡུ་བསེ་མཆེད་གསུམ་ལས་ཆུང་བས་མི་རྗེ་མཛད་དེ་གཡུ་བསེ་བྱི་ལ་སྤུན་བཞི་བྱུང་བ། གདོང་གི་རུས་ཆེན་བཅོ་བརྒྱད་དང་འཁྲུགས་པས་གནམ་ལ་གཡུ་རིང་གིས་རོགས་མཛད་དེ་བཏུལ་ནས་བྲན་ཏུ་བཀོད། གཡུ་རིང་གིས་དམུའི་བུ་མོ་དམུ་ཟ་ལྡེམ་ཁབ་ཏུ་བཞེས་པར་མ་སངས་སྤུན་བདུན་བྱུང༌།⑥ ”ཞེས་དང༌། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོ》ལས“རིན་སྤུངས་ནི་སྔོན་བོད་རྗེ་ཤ་ཁྱི་བཙན་པོའི་དུས་མ་སངས་ལ་ཁར་ཁྱེའུ་མཚན་དང་ལྡན་པ་ཞིག་བྱུང⑦”ཞེས་དང“མ་སངས་མཚོ་སྐྱེས་རྡོ་རྗེས་ཡར་ཀླུངས་མཁར་ཐོག་བཟུང་ཞིང༌།  སྤྱན་སྔ་དཔལ་ངག་གི་དབང་ཕྱུག་གཤེགས་རྗེས་གདུང་རྒྱུད་སྐུ་ན་ཆེས་ཕྲ་བས་ཕོ་བྲང་སྣེའུ་གདོང་རྩེར་དཔོན་ཚབ་ཀྱི་ཐེལ་མཛད⑧”ཅེས་པ་དག་ལ་བལྟས་ན་མ་སངས་མི་ཡིན་པ་ནི་ཐག་ཆོད་པར་སྣང༌།
        དེས་ན་འགྲོ་བ་མིའི་རིགས་ལས་འགའ་ཞིག་ལ་མ་སངས་ཞེས་བརྡ་སྦྱར་བ་ལ་དགོས་པ་ཆེན་པོ་ཞིག་ཡོད་པ་ཐེ་ཚོམ་མེད་ནའང་ཡོངས་གྲགས་ཀྱི་ལོ་རྒྱུས་དང་བརྡ་དག་སོགས་སུ་འདིའི་ཐད་ཅི་ཡང་མི་གསལ་བས་ང་ཚོས་འདིའི་ཐད་གླེང་བ་ལ་དཀའ་ངལ་ཆེན་པོ་ཞིག་ཡོད། སློབ་དཔོན་དོར་ཞི་གདོང་དྲུག་སྙེམས་བློའི་བཞེད་པ་ལྟར་ན“ཡུལ་སྐད་དུ་བོན་ཆོས་དང་གླུ་དཔེ་རྙིང་བར་མ་སངས་སྡེ་ལྔ་དང་མ་སྤྱང་སྡེ་ལྔ། མ་སངས་སྟོན་པ་དང་མ་སྤྱང་སྟོན་པ། ལྡོང་ཨ་ལོང་ལ་མོ་ཨ་ལོང་ལེན་ཟེར་བ་དང༌། སངས་འ་ལོང་ལ་མོ་སྤྱང་ཨ་ལོང་ལ་མོ་ཅི་རིགས་སུ་བྲིས་འདུག  དེར་བལྟས་ན་ཕལ་ཆེར་སྤྱང་ནི་ཡིག་སྐད་དང་བསང་དང་སངས་ནི་ཁ་སྐད་དུ་བྲིས་པ་འདྲ། བདུན་པ་མ་སངས་རུ་དགུས་དབང་བྱས་ཏེ་ཞེས་འབྱུང་བའི་མ་སངས་ཞེས་པའི་སངས་དེ་སྤྱང་ཡིན་པའི་དབང་དུ་བྱས་ན་མ་སངས་ཞེས་འཇོག་པའི་རྒྱུ་མཚན་ཇི་ལྟར་འགྲེལ་ཞེ་ན་མི་ཡི་འགྲོ་བ་ཆགས་པའི་ཐོག་མའི་གནས་སྐབས་དང༌། རྗེས་ལུས་ཀྱི་གནས་སྐབས་ན་ཡོད་པའི་མི་རིགས་མང་བོ་ཞིག་གི་ནང་དུ། སྐྱེས་པ་གཅིག་དང་བུད་མེད་གཅིག་བསྡེབས་ཏེ་ཁྱིམ་ཚང་བརྟན་ཆགས་བྱེད་ཅིང་། ཁྱིམ་བདག་སྐྱེས་པས་བྱེད་པའི་ལུགས་སྲོལ་དར་མེད། བུད་མེད་ཀྱིས་ཁྱིམ་འཛིན་ཞིང་བུ་ཕྲུག་གིས་མ་ངོ་ལས་ཕ་ངོ་མི་ཟིན་པས་མ་རྒྱུད་གཙོ་བོའི་ལམ་ལུགས་ཞེས་མི་རབས་ཀྱི་ལོ་རྒྱུས་ཀྱི་ཐོག་མའི་དུས་སྐབས་སུ་བརྩིས་ཤིང་ལོ་རྒྱུས་ཚན་རིག་གཞུང་དུ་གྲགས་ཆེ་བ་དང༌། སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་ཀྱི་རྒྱུད་ལས་མཆེད་པའི་ཕའི་རིགས་སུ་བྱུང་བ་རྣམས་ཀྱིས་ཡུལ་བཟུང་བ་ལ་བོད་དང༌། མའི་རིགས་སུ་བྱུང་བ་རྣམས་ཀྱིས་ཡུལ་བཟུང་བ་ལ་བོད་ཆེན་པོ་ཞེས་སུ་འབྲོམ་སྟོན་པའི་གསུང་ལས་འབྱུང་བ་དང༌།  རྒྱའི་གནའ་རབས་ཀྱི་ལོ་རྒྱུས་སུ་དབུས་གཙང་དང་མངའ་རིས་ཕྱོགས་སུ་བུད་མེད་རྒྱལ་ ཁབ་ཅེས་པ་ཞིག་ཀྱང་ཚུགས་མྱོང་བས། རྒྱུ་མཚན་འདི་དག་ལ་འདང་བརྒྱབས་ན་མ་སངས་ཞེས་པའི་མ་དེ་མ་རྒྱུད་དུས་སྐབས་ཀྱི་གདུང་རྒྱུད་རིགས་རུས་མཚོན་བྱེད་ཀྱི་བརྡ་ཨེ་ཡིན་སྙམ⑨”གསུངས། དེ་གནས་ལུགས་དང་ལྡན་པའི་གསུང་ཡིན་ནའང“མ་སངས་སྤུན་བདུན”དང༌། “མ་སངས་མཚོ་སྐྱེས”“མ་སངས་ལ་ཁ”སོགས་ལ་བསམས་ན་སངས་ཞེས་པ་ལྡོང་དང་སྤྱང་ཡིན་མིན་ཅི་རིགས་ཡོད་པས་མཐའ་གཅིག་ཏུ་མིག་བཙུམ་དགོས་ དོན་ཅི་ཡང་མེད་དོ། །
        “བོད་མ་སངས་ཀྱི་ཡུལ”ཞེས་པ་བཞིན་བོད་ཀྱི་དམངས་ཁྲོད་རྩོམ་རིག་དང་ལོ་རྒྱུས་གང་མང་ཞིག་ཏུ“མ་སངས་ཡ་རུ་ཁ་ཁྲ”དང༌།“མ་སངས་གེ་སར་རྒྱལ་བོ”“མ་སངས་ནོར་བུ་དགྲ་འདུལ”“མ་སངས་འཕྲུལ་གྱི་རྒྱལ་བོ”“མ་སངས་གཉན་གྱི་སྡེ”“མ་སངས་རྣམས་ཀྱི་བདག་པོ་སྲིད་པ་ཀུན་ལ་མངའ་མཛད་དོ”ཞེས་གང་མང་ཞིག་མཐོང་རྒྱུ་ཡོད། གལ་ཏེ་མ་སངས་ཞེས་པ་འདྲེའམ་ཡང་ན་མི་མ་ཡིན་ནམ་ཐེའུ་རང་ལྟ་བུ་ཞིག་ཡིན་ཚེ་དམངས་ཀྱིས་བཀུར་ཞིང་དགའ་བའི་སྐྱེས་བུ་དེ་དག་ལ་མིང་དེ་འདོགས་མི་སྲིད་ལ་དེ་བས་རང་རེའི་གདོང་དམར་ཡུལ་འདིར་སུ་ཞིག་གིས་ཐེའུ་རང་གི་ཡུལ་ཞེས་མཚང་མིང་སུ་ཞིག་འདོགས། གལ་དེ་མི་རིགས་གཞན་པ་ཞིག་གི་སྐད་ཡིན་པའི་དབང་དུ་བཏང་ན་དེ་ལྟར་བྱེད་འོས་པ་ཞིག་ཏུ་སྣང་ཡང་མངའ་མཛད་ཀྱི་སྐབས་སུ་མིང་འདི་བྱུང་བས། དེའི་དུས་རང་རེའི་སྐད་འདི་གྲུབ་ནས་དུས་ཡུན་ཅི་ཙམ་ཞིག་འགོར་བ་ཤེས་དཀའ་ནའང་མི་རིགས་གཞན་དང་འབྲེལ་འདྲིས་མེད་པ་ནི་ལོ་རྒྱུས་ཆོས་ཉིད་ཀྱིས་ཤེས་པས་མི་རིགས་གཞན་གྱི་སྐད་ཅིག་ཡིན་པ་ནམ་ཡང་མི་སྲིད།
        གོང་དུ་དྲངས་པའི་ལུང་དག་ལ་བལྟས་ན“མ་སངས”ཞེས་པའི་མིང་འདི་ཕལ་ཆེར་མི་མཐུ་ནུས་ཅན་དག་ལ་སྦྱར་ཡོད་པ་འདི་ལ་བལྟས་ན་མ་སངས་ཞེས་པ་འདི་ཕལ་ཆེར་མི་དཔའ་བོའམ་མཐུ་ནུས་ཅན་ལ་འབྲེལ་བ་ཡོད་ངེས། འབྲེལ་བ་དེའི་སྟེང་ནས་དཔྱད་གཞིའི་ཡིག་ཆ་བཀླགས་པས་མ་སངས་ཞེས་པ་དཔའ་བོའི་མིང་ཡིན་པ་གསལ་བོར་ཤེས་ཏེ། 《ཏུན་ཧོང་ཡིག་རྙིང》ནང་བཙན་པོའི་གདུང་ཁུངས་བརྗོད་སྐབས།“བཙན་པོ་འྀ་གདུང་རབ་ཀྱྀ་ཁུངས་སྨོས་པའ། །གནམ་དགུང་གྀ་སྟེང་ན། །ལྷ་ཀུ་སྤྱི་སེར་བཞྀས་བརྒྱ་བའ། མ་སངས་ཐམ་ཅད་གྀ་བདག་པོ⑩ ”ཞེས་དང༌། 《བཀའ་ཆེམས་ཀ་ཁོལ་མ》ལས“ད་དུང་ཕ་སྤྲེའུ་དང་མ་བྲག་སྲིན་མོ་གཉིས་ལ་བུ་ཚ་རིགས་རྒྱུད་དུ་གྱུར་པ་དཔའ་བོ་མི་རྒོད་གསུམ་བྱུང་བ་ལ་ལྟ་བ་མིག་རྣོ་དང༌། ཉན་པ་རྣ་གསང༌། སྙོབ་པ་ལག་རིང་གསུམ་ཡིན་ཏེ་མ་སངས་འདི་རྣམས་ཡིན་ནོ། ། ⑴”《དམ་ཅན་བསྐང་གསོལ་གནམ་ལྕགས་ཐོག་མདའ》ལས།  “ཁྱེད་ཀྱི་གཡས་ཀྱི་རུ་འདྲེན་པ། །མ་སངས་སྤུན་དགུ་དྲག་རྩལ་ཅན། །སྟག་རལ་གཡས་ནས་ཁྲ་ལ་ལ། །གཟིག་ཤུབས་གཡོན་ནས་སི་ལི་ལི། །⑵”《བཀའ་ཆེམས་ཀ་ཁོལ་མ》ལས།“གྲི་གུང་བཙན་པོ་དེ་བློན་པོ་དག་མི་མ་སངས་འབངས་ལི་ངམ་དང་བཅས་ཁ་ཆེའི་ཡུལ་དུ་དམག་རྒྱག་ཏུ་ཕྱིན་ཏེ⑶”ཞེས་པ་དག་གིས་མཚོན་ནོ། །དེ་བཞིན་བཀའ་ཐང་སོགས་ལས་མ་སངས་ཞེས་པ་མི་མ་ཡིན་མཐུ་རྩལ་ཅན་དག་བཤད་པ་དག་གིས་མ་སངས་ཞེས་པ་མི་མ་ཡིན་ཞིག་གཏན་ནས་མ་ཡིན་པར་མ་སངས་ནུས་པ་ཅན་དག་མི་མ་ཡིན་དུ་གྱུར་པ་ཞིག་སྟེ་སྔོན་གྱི་ལྷ་དང་མི་གཉིས་ཀྱི་འབྲེལ་བའི་སྟེང་ནས་དཔྱད་རྒྱུ་ནི་རང་རེ་བོད་ལ་མཚོན་ན་ཆེས་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །
        དེས་ན་བོད་ལ་མ་སངས་ཀྱི་ཡུལ་ཞེས་པའི་མིང་འདི་མ་སངས་སྤུན་དགུས་དབང་བསྒྱུར་བ་ཡིན་པ་ལས་བྱུང་བར་ངེས་ཤིང༌། དཔའ་བོ་ལ་མ་སངས་ཞེས་བཤད་པ་འདིའི་གནད་ད་དུང་ཤེས་དཀའ་ནའང༌། བོད་ཀྱི་སེམས་ཁམས་དང་ཡུལ་སྲོལ་བཅས་ཀྱི་སྟེང་ནས་བཤད་པ་ཕལ་ཆེར་འདི་འདྲ་ཞིག་ཡིན་ཤོས་ཆེ། བོད་ཀྱིས་མི་དཔའ་བོ་ལ་ཨ་མའི་བུ་ཞེས་དམིགས་བསལ་གྱི་མིང་ཞིག་ཡོད་པ་འདི་ལ་བལྟས་ན་མ་སངས་ཞེས་པའང“མ་སངས་མའི་བུ”འམ“མ་བཟང་བོའི་བུ”ཞེས་པའི་གོ་དོན་ལྡན་ཏེ“མ་སངས”ཞེས་པ་ནི་དངོས་མའམ་བཟང་བོའི་དོན་ཡིན་ཏེ《ས་སྐྱ་གདུང་རབས》ལས།“བར་བ་གཡུ་རིང་འདིས་དམུའི་བུ་མོ་དམུ་ཟ་ལྡེམ་བུ་ཁབ་ཏུ་བཞེས་པས་སྲས་མ་བཟང་སྤུན་བདུན་དུ་གྲགས་པ་བྱུང⑷”ཞེས་མ་སངས་ཀྱི་ཚབ་ཏུ་མ་བཟང་བྲིས་པ་འདིས་གསལ་བོར་ཤེས་སོ། ། མ་སངས་མའི་བུ་ཞེས་པའི་ཚིག་བསྡུས་པས་མ་སངས་ཞེས་བཏགས་པ་ཡིན་སྙམ། གང་ལྟར་ཡང་མ་སངས་ཞེས་པ་དཔའ་བོའི་མིང་ཡིན་པ་དོན་དངོས་ཀྱི་སྟེང་ནས་ར་སྤྲོད་ བྱུང་ཡོད་པ་འདི་ཡིན་ནོ། །
        ང་ཚོས་དཔའ་བོ་ལ་མ་སངས་ཏེ་ཨ་མའི་བུ་ཞེས་པའི་མིང་འདིས་བཏགས་པ་ལ་བརྟེན་ནས་བོད་དུ་འགྲོ་བ་མིའི་རིགས་བྱུང་ནས་ཅུང་མ་འགོར་བར་རིགས་རུས་བར་དང་ཁྱིམ་རྒྱུད་བར་དུ་འཐབ་རྩོད་བྱུང་བས་ཕན་ཚུན་བར་དུ་ཡ་ང་བའི་དམག་འཁྲུག་བྱུང་ཞིང་དེ་དང་དེ་ལྟ་བུའི་དམག་འཁྲུག་གི་ལས་དགྲ་འདུལ་གཉེན་སྐྱོང་གི་ལས་ལ་སྤྲོ་བའི་བདེན་དྲང་གི་དཔའ་བོ་གང་མང་བྱུང༌། དཔའ་བོ་དེ་དག་གི་བདེན་དྲང་གི་སྤྱོད་པ་ལས་དེ་དག་ལ་མ་སངས་མའི་བུ་ཞེས་དམངས་ཚོགས་ཀྱིས་ཡིད་ཆེས་དང་གོང་བཀུར་བྱས་ཏེ་སྤྱི་ཚོགས་སྟེང་དུ་ཡ་རབས་ཀྱི་དཔའ་བོའི་སྤྱོད་བཟང་དར་སྤེལ་གཏོང་བའི་འདུན་པ་དེ་ལྷང་ལ་བུད་ཡོད་པ་དང༌། མངའ་མཛད་ཀྱི་སྐབས་ནས་མ་རྒྱུད་གཙོ་བོའི་ལམ་ལུགས་སམ་ཡང་ན་དེའི་ཤུགས་རྐྱེན་གང་མང་ཞིག་ཐེབས་པ་ལ་བརྟེན་བུད་མེད་ཀྱི་གོ་གནས་སྐྱེས་པ་ལས་མཐོ་བའང་མངོན་པར་མཚོན་ཡོད། བོད་ཀྱི་ཡུལ་སྲོལ་དང་སེམས་ཁམས་ལོ་རྒྱུས་བཅས་བསྡུར་ནས་དཔྱད་པ་བཞིན་མ་སངས་ནི་དཔའ་བོའི་མིང་ཡིན་ལ་དེ་ཡང་བདེན་ དྲང་གི་སྤྱོད་པ་དང་ལྡན་པ་དག་ཡིན་པར་ར་འཕྲོད་བྱུང་བ་འདི་ལས་ང་ཚོས་བསྐལ་བ་ཡ་ཐོག་གི་གནས་ཚུལ་གང་མང་ཞིག་ལ་ཚོད་དཔག་དང་བསྡོམས་ཚིག་བཀོད་ཆོག་ཆོག་ཡིན་པ་བཅས་གོང་དུ་དཔྱད་པ་ལས་ཉེས་སྐྱོན་གང་མཆིས་མཁས་པ་དག་གི་མདུན་དུ་སྙིང་ནས་འཆགས་སོ། །
མཆན་འགྲེལ།
① ནམ་མཁའི་ནོར་བུ།  《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས།》《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ》མི་རིགས་དཔེ་སྐྲུན་ཁང༌། ཤ 254
② ནམ་མཁའི་ནོར་བུ《ཞང་བོད་ལོ་རྒྱུས་ནོར་བུའི་མེ་ལོང》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ཤ 5
 ③ལྡེའུ་ཇོ་སྲས།《ལྡེའུ་ཆོས་འབྱུང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ཤ 98
④《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ཤ  223
 ⑤གུ་རུ་ཨོ་རྒྱན་གླིང་བས་གཏེར་ནས་བཏོན་པ། 《བཀའ་ཐང་སྡེ་ལྔ》 མི་རིགས་དཔེ་སྐྲུན་ཁང༌། ཤ 112
 ⑥རྒྱལ་བ་བློ་བཟང་རྒྱ་མཚོ། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》མི་རིགས་དཔེ་སྐྲུན་ཁང༌། ཤ 91
⑦ རྒྱལ་བ་བློ་བཟང་རྒྱ་མཚོ།《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 མི་རིགས་དཔེ་སྐྲུན་ཁང༌། ཤ158
⑧ རྒྱལ་བ་བློ་བཟང་རྒྱ་མཚོ།《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》མི་རིགས་དཔེ་སྐྲུན་ཁང༌། ཤ 160
⑨ དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན། 《མུན་འཇོམས་ནོར་བུའི་ཕྲེང་བ》《དཔའ་རིས་ཞེས་པའི་མིང་དང་དཔའ་རིས་བོད་རིགས་མཆེད་ཁུངས་ལ་དཔྱད་པ》མི་རིགས་དཔེ་སྐྲུན་ཁང༌། ཤ 13-14
⑩ དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》  ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང༌། ཤ1
 ⑴ཨ་ཏི་ཤས་གཏེར་ནས་བཏོན་པ།《བཀའ་ཆེམས་ཀ་ཁོལ་མ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།ཤ59
⑵ བློ་བཟང་འཕྲིན་ལས་དབང་བོ། 《དམ་ཅན་བསྐང་གསོལ་སྟོབས་ལྡན་ཡིད་འགུལ》ལག་བྲིས་མ། ཤ 14
 ⑶ཨ་ཏི་ཤས་གཏེར་ནས་བཏོན་པ།《བཀའ་ཆེམས་ཀ་ཁོལ་མ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། ཤ86
 ⑷ངག་དབང་ཀུན་དགའ་བསོད་ནམས། 《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》མི་རིགས་དཔེ་སྐྲུན་ཁང༌། ཤ 7


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...