སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མུན་པ་སེལ་བའི་སྒྲོན་མེ་འཁྲུངས་པའི་ཕ་ཡུལ།
རྩོམ་པ་པོ། ཤེས་རབ་བསྟན་དར། རྩོམ་སྒྲིག་པ། Lhamo དུས་ཚོད། 2013-9-30 10:09:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

མུན་པ་སེལ་བའི་སྒྲོན་མེ་འཁྲུངས་པའི་ཕ་ཡུལ།
__ཐོན་ལུག་ར་བ།

        གལ་ཏེ་མི་རིགས་ཤིག་ལ་མིག་ཟུང་ཞིག་ཡོད་པའི་དབང་དུ་བཏང་ན་བོད་ཀྱི་མིག་ཟུང་ནི་སློབ་དཔོན་ཐོན་མི་ཡིན་ངེས། ངས་ཐོན་མིའི་ཕ་ཡུལ་ལ་མཇལ་བའི་དུས་ཁོང་གི་འཁྲུངས་སའི་གནས་ལ་དེ་བས་ཀྱང་སྤྲོ་བ་འཕེལ། ལོ་རྒྱུས་ཐོག་ལ་ལས་ཁོང་ལྷོ་གཉལ་བ་ནས་ཡིན་པ་དང་ལ་ལས་སྙེ་མོ་ཐོན་ནས་ཡིན་པར་བཞེད་པ་གཉིས་ཡོད། བདག་གིས་ལོ་རྒྱུས་ཤུལ་བཞག་དང་ངག་རྒྱུན་གཉིས་ལས་ཁོང་གང་དུ་འཁྲུངས་པར་ར་འཕྲོད་པར་འདོད་ཡོད།
        བདག་ཐོན་ལུག་ར་བ་ལ་འགྲོ་ངེས་ཡིན་ཞེ་ན་མི་མང་བོ་ཞིག་གིས་འགྲོ་དཀའ་ཟེར་ཞིང༌། ལ་ལ་དེ་ལ་སླེབས་དཀའ་ཟེར། བདག་གིས་སྤོབས་པ་བསྐྱེད་དེ། སློབ་དཔོན་ཐོན་མི་རྒྱ་གར་ལ་ཕེབས་པ་ལྟ་བུའི་སྙིང་སྟོབས་མེད་ཀྱང་ཁོང་གི་འཁྲུངས་ཡུལ་ལ་འགྲོ་བའི་སྤོབས་པ་མེད་ན་རང་ཉིད་སྡར་མ་ཞིག་ཏུ་ངོས་བཟུང་བ་ཡིན།
        མཁས་དབང་ཚེ་ཏན་ཞབས་དྲུང་གི《ཐོན་མིའི་ཞལ་ལུང》ལས་ཀྱང“སྔོན་གྱི་མཁས་པས་བརྩམས་པའི་བསྟན་བཅོས་རྣམས་སུ་ཐོན་ལུག་ར་ཁ་བ་ནས་བློན་པོ་ཐོན་མི་ ཨ་ནུ་ར་ག་ཏའི་བུ་ཐོན་མི་སམ་བྷོ་ཊ”ཞེས་དང“གང་ལྟར་ཐོན་མི་དང༌། ཐུ་མི་ཞེས་འབྲི་  སྲོལ་གཉིས་མཆིས་ནའང་དེང་སང་ཐོན་ཞེས་འབྲི་བ་ནི་དར་སོ་ཆེ”ཞེས་གསུངས། གནས་དེ་ནི་སྙེ་མོ་རྫོང་ཁོངས་ཀྱི་ཐོན་ལུག་ར་ཁ་འོག་བྱ་བ་ཐོན་པ་ཤང་དང་རྒྱང་ཚད་སྤྱི་ལེ་བཅུ་གསུམ་ལྷག་ཙམ་དང་གནས་ཆེན་ཁ་དབྲག་དང་ཉེ་བའི་ཆར་ཡོད། ཡུལ་མི་ན་གཞོན་ཞིག་གིས་འཕྲུལ་རྟ་ལས་ཐོན་པ་ལ་འགྲོ་བའི་རི་གཤམ་དུ་སྐྱེལ་བ་མ་ཟད། སྤོ་བོ་ངག་དབང་དགེ་འདུན་ལ་ཐོན་ལུག་ར་བའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་ཞུ་རོགས་བྱས། ཁོང་ནི་དགུང་ལོ་དགུ་བཅུར་སླེབས་པའི་བགྲེས་སོང་ཞིག་ཡིན་ལ། ཁོང་གིས་གསུངས་པ་ལྟར་ན་སྔོན་མ་ཁོང་བཀའ་བརྒྱུད་པའི་གྲྭ་བ་ཡིན། ཁོང་གིས་བདག་ལ་ཐོན་ལུག་ར་བའི་སྐོར་གྱི་གནས་ཚུལ་དག་སྦ་གསང་མེད་པར་གསུངས་བྱུང༌།
        སྔོན་ཐོན་མི་སྡེ་བ་འདིར་འཁྲུངས་པ་རེད། ཡབ་ཨ་ནུ་ར་ག་ཏའི་བུར་འཁྲུངས་ཤིང་དགུང་ལོ་ཆུང་དུས་ནས་སེམས་བཟང་ཞིང་བློ་རིག་ཤིན་ཏུ་རྣོ་བ་ཡོད་པར་གྲགས། ཁྱིམ་དེ་ད་ལྟའང་ཡོད། ལ་ལས་དེ་ལ་བསམ་འགྲུབ་སྒང་ཟེར་ཞིང་ལ་ལས་ཐོན་ལུག་ར་གཞིས་ཀ་ཟེར། འོན་ཀྱང་སྡེ་བ་འདིར་ཐོན་མིའི་གདུང་རྒྱུད་སྔོན་ནས་ཆད་ཟིན།
        བོད་ཀྱི་བཙན་པོའི་རྒྱལ་ཐོག་སོ་གཉིས་པ་རྒྱལ་བོ་སྲོང་བཙན་སྒམ་པོ་ཁྲིར་མངའ་གསོལ་ཞིང་བོད་ཁམས་གཅིག་གྱུར་བྱས་རྗེས་གཅིག་གྱུར་གྱི་སྲིད་སྐྱོང་བར་གཅིག་གྱུར་དུ་བཀོལ་རུང་བའི་ཡི་གེ་ཞིག་མེད་ཐབས་མེད་པར་དགོངས་ཏེ་བློན་པོ་ཚོར་བཀའ་བཀོད་ཀྱིས་བོད་ཁམས་ཡོངས་སུ་ཁྱེའུ་བློ་རྣོ་བ་བཙལ་བར་མངགས། ཁོང་གི་རྣམ་དཔྱོད་ཀྱི་གྲགས་པ་ལ་བརྟེན་ནས་རྒྱལ་བོ་སྲོང་བཙན་གྱིས་ཐོས་པས་འདིར་འཚོལ་ཏུ་ཡོང༌། སྐབས་དེར་ཕ་མས་ཞིང་རྨོ་དུས་ཁོང་རྒྱལ་བོས་འཁྱེར་བར་བློས་མ་བཟོད་པར་ཞིང་ཁར་ས་བརྐོས་ནས་ནང་རྡོའི་ཀླད་བཀབ་ནས་སྦས་ཏེ་བཞག་ནས་ཞིང་རྨོ་བཞིན་ཡོད།
        ཉིན་ཞིག་ཐོན་མི་ཡབ་དང་ལྷན་དུ་ཞིང་རྨོ་བར་ཕེབས་ཤིང་ཡབ་ནས་ཞིང་རྨོས། བཙན་པོས་བཏང་བའི་ཁྱེའུ་བློ་རྣོ་བ་འཚོལ་མཁན་གྱི་རྟ་བ་དེ་རྣམས་ཡོང་བ་དང་འཕྲད་པས་རྟ་བ་དེ་ཚོས་ཡབ་ལ་ད་ནངས་ནས་ད་ལྟ་བར་ཞིང་ནང་དུ་རྨོན་རོལ་ག་ཚོད་ཙམ་བཏང་ངམ་ཞེས་དྲིས་པར་ཡབ་ནས་ལན་འདེབས་མ་སྤོབས་པའི་སྐབས་ཐོན་མི་ཉིད་ཀྱིས་རོལ་ནང་གི་སྦས་ཁང་ལས་བཞེངས་ཏེ“ཁྱེད་རྣམས་ད་ནངས་ཕེབས་པ་ནས་ད་བར་དུ་རྟ་ཕོའི་རྨིག་རྗེས་ཇི་ཙམ་བཞག་གམ”དྲི་བ་བཏང་བས་རྟ་བ་དེ་རྣམས་ཧ་ལས་ཏེ་ཁྱེའུ་དེ་བློ་རིག་ཧ་ཅང་རྣོ་བ་ཞིག་འདུག་པས་བཙན་པོའི་གམ་དུ་གདན་དྲངས་པར་གྲགས། དྲི་བ་བཏང་བའི་ཞིང་དེར་ད་ལྟའང་ཞིང་དྲི་བ་ཆེན་མོ་ཞེས་ཟེར་བ་དང་རྟ་བ་དེ་རྣམས་ཐོག་མར་ཐོན་མི་ཞིང་གི་རྨོན་རོལ་ནང་བཞུགས་པ་དང་འཕྲད་པས་མཚན་གཞན་ལ་རོལ་རྙེད་མ་ཡང་ཟེར་སྲོལ་ཡོད།
        བློན་པོ་རྟ་བ་དེ་རྣམས་ཀྱིས་ཐོན་མི་དེ་ཉིད་བཙན་པོའི་གམ་དུ་གདན་དྲངས་ཤིང་ཁྱེའུ་དེ་ཉིད་བློ་རིག་རྣོ་ཚུལ་སྐོར་གླེང་བས་བཙན་པོ་ཤིན་ཏུ་དགྱེས་ཏེ་ཁོང་ལ་ཁྱེད་རྒྱ་གར་དུ་ཡི་གེ་སློབ་ཏུ་འགྲོ་ཐུབ་བམ་མི་ཐུབ་བཀའ་འདྲི་གནང་བ་ན། ཐོན་མིས་མ་ཤི་ཕན་ཆད་ཅི་ལ་མི་ཐུབ་ཅེས་བཙན་པོའི་བཀའ་དང་དུ་བླངས། དེ་ནས་བཙན་པོ་སྲོང་བཙན་སྒམ་པོས་ཐོན་མི་འཁོར་དང་བཅས་པ་ལ་རིན་ཆེན་གྱི་འབུལ་སྐྱེས་མང་བོ་དང་བཅས་རྒྱ་གར་དུ་མངགས། ཐོན་མིས་རྒྱ་གར་གྱི་ཡུལ་ཁམས་ཆེ་བ་ཀུན་དུ་ཉུལ་ཞིང་མཁས་པ་མང་བོའི་ཞབས་ལ་གཏུགས་པས་མཁས་པའི་རྩེར་སོན།
        ཐོན་མི་བོད་དུ་ཕྱིར་ཕེབས་སྐབས་སྒྲ་རིག་པའི་བསྟན་བཅོས་སོགས་རྒྱ་དཔེ་མང་བོ་བསྣམས་ཏེ་ཕེབས་ལ། རྒྱ་གར་གྱི་སྒྲ་རིག་པ་དང་ལེགས་སྦྱར་ཡི་གེར་སྦྱངས་ནས་ཕྱིར་ཕེབས་ཏེ་བོད་རང་གི་སྐད་ལ་ཞིབ་འཇུག་བྱས་ནས་བོད་ཡིག་འདི་གསར་བཏོད་གནང་བས་རྒྱལ་བོས་ཐོན་མིར་བཀུར་བསྟི་དང་གཟེངས་བསྟོད་ཀྱང་རྒྱ་ཆེར་མཛད།
        དེ་ནས་བཙན་པོ་སྲོང་བཙན་གྱིས་ཐོན་མི་སློབ་དཔོན་དུ་བསྟེན་ཏེ་ཡི་གེ་འབྲི་ཀློག་སྦྱངས་པ་མ་ཟད། བློན་པོ་དང་བཙུན་མོ་བྱིས་པ་དག་གིས་ཡི་གེ་སྦྱངས་ནས་ལོ་ཙཱ་བ་ཡང་དྷརྨ་ཀོ་ཥ་ལྟ་བུ་བྱུང༌། ཐོན་མིས་བོད་ཀྱི་ཡི་གེ་གསར་བཟོ་མཛད་རྗེས་ཡི་གེའི་རིག་པ་གཏན་ལ་ཕབ་པའི་བསྟན་བཅོས་ཆེན་པོ་བརྒྱད་བརྩམས་པ་ལས་ད་ལྟ་སུམ་རྟགས་གཉིས་ལས་འཕྲོས་དྲུག་པོ་ནུབ་པ་བོད་ཀྱི་ལོ་རྒྱུས་རྣམས་སུ་བཤད།
        སྤོ་བོ་ངག་དབང་དགེ་འདུན་གྱི་བསྟན་པའི་ལམ་དུ་ཞུགས་ཤིང་འགྲོ་བཞིན་སློབ་དཔོན་ཐོན་མིའི་མཛད་པ་ལ་ཕྱིར་དྲན་བྱེད་བཞིན་དུ་སོང་བ་ཡིན། ཐོན་མིའི་ཕ་ཡུལ་འདི་དག་ཏུ་ད་དུང་མ་ཤེས་པའི་གནས་ཚུལ་མང་བོ་ཞིག་ཡོད་པ་དང༌། ད་དུང་འཚོལ་འོས་པ་མང་བོ་ཞིག་ཀྱང་ཡོད་པ་འདྲ། ལ་གཟར་མོ་འདིར་ངའི་སེམས་པས་ད་དུང་ཅི་ཞིག་འཚོལ་བཞིན་ཡོད།
དུས་ཚོད་གཉིས་ལ་འགོས་པས་ད་གཟོད་ཐོན་ལུག་ར་བའི་མདུན་དུ་བུད་བྱུང༌། ངའི་སེམས་པ་དབང་མེད་དུ་སྤྲོ་ཡུར་སེ་སོང༌། གནས་འདི་ནས་སློབ་དཔོན་ཐོན་མི་འཁྲུངས་པ་རེད་ཨང༌། ད་ལྟ་བདག་དངོས་གནས་སློབ་དཔོན་ཐོན་མིའི་ཕ་ཡུལ་དུ་སླེབས་བྱུང༌། ངལ་དུབ་ཡོད་ཚད་ཀྱང་གང་ཞིག་ཏུ་བྲོས་པ་བཞིན་རྩ་མེད་དུ་སོང་ནས་ཐོན་ལུག་ར་བའི་གྲོང་ཚོ་ནང་དུ་སོང༌།
        སྟབས་ལེགས་པ་ཞིག་ལ་བུ་མོ་ཉི་མར་འཕྲད་བྱུང༌། མོ་བོད་ལྗོངས་སློབ་ཆེན་རྒྱ་ཡིག་སྡེ་ཁག་གི་སློབ་མ་ཞིག་སྟེ་ལྷག་པར་སྡེ་བ་འདིའི་སློབ་གྲྭ་ཆེན་མོ་བ་གཅིག་པུ་ཡིན་ཟེར། མོས་རོགས་རམ་ལ་བརྟེན་ནས་བུད་མེད་ཅིག་བཙལ་ནས་སྐད་ཆ་འདྲི་རོགས་བྱས།
        བུད་མེད་དེས་ཐོན་མིའི་འཁྲུངས་ས་དང་བཞུགས་མྱོང་བའི་ཐོན་ལུག་ར་བའི་གཞིས་ཀ དྲི་ཞིང་ཆེན་མོ་སོགས་བསྟན་བྱུང༌། མོས་ང་ཚོས་གནས་ཚུལ་དེ་དག་ཐོས་མྱོང་བ་ལས་གསལ་ཆ་མི་ཤེས། འདི་ནས་ཡར་སོང་ནས་ལུང་སྐེད་ན་སྤོ་བོ་ཞིག་ཡོད། དེར་དྲིས་ན་གསལ་བོར་བཤད་ངེས་རེད་ཟེར། འདི་དག་ངས་འབྲི་བཞིན་པའི་ཐོན་མིའི་ལོ་རྒྱུས་སུ་གསལ་བས་རྗེས་སུ་ངས་ཁྱེད་རྣམས་ཀྱི་གཟིགས་མོར་དབུལ་ངེས་ཡིན།
        ཉི་མ་ནུབ་རིར་ཕྱོགས་འདུག་པས་སྤོ་བོ་དེ་འཚོལ་བའི་དུས་ཚོད་མ་བྱུང༌། བུ་མོ་ཉི་མས་བཤད་པ་ལྟར་ན་སྡེ་བ་འདིའི་ལམ་སྟབས་མི་བདེ་བས་སྲིད་གཞུང་གིས་ཆུ་ཤུར་ལ་གནས་སྤོ་རྒྱུ་རེད། ངས་གྲོང་ཚོ་འདི་ཐོན་མིའི་ཕ་ཡུལ་ཡིན་པས་འདིའི་གནས་ཚུལ་དག་ཡི་གེར་བཀོད་དགོས། ཁྱེད་ཀྱིས་ངེས་པར་བསྒྲུབ་རོགས་ཞེས་བཤད་པ་ལ་མོ་དགོད་བཞིན་དུ་ཅི་ཡང་མི་ཟེར།
        ངས་ཐོན་མི་གནས་འདི་ནས་ཐོན་མ་ཎི་སྒང་ལ་ཕེབས་པའི་ལམ་ལ་རྒྱང་ལྟ་བྱས་ཤིང༌། གནས་འདི་དག་ཏུ་ཡོད་པའི་ངག་རྒྱུན་དང་ས་མིང་འདི་དག་གིས་ཐོན་མིའི་འཁྲུངས་ཡུལ་ནི་སྙེ་མོ་རྫོང་ཁོངས་སུ་ཡོད་པའི་ཐོན་ལུག་ར་ཁ་འོག་ནས་ཡིན་པ་གསལ་བོར་རྟོགས་བྱུང༌།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...