སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨུ་ཚུགས་ཀྱིས་འགྱིང་བའི་ལོ་རྒྱུས་ཀྱི་བདེན་དཔང༌།
རྩོམ་པ་པོ། ཤེས་རབ་བསྟན་དར། རྩོམ་སྒྲིག་པ། Lhamo དུས་ཚོད། 2013-10-5 10:53:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ཨུ་ཚུགས་ཀྱིས་འགྱིང་བའི་ལོ་རྒྱུས་ཀྱི་བདེན་དཔང༌།
—བོད་ཀྱི་རྡོ་རིང༌།

        དབུས་གཙང་དུ་མཇལ་སྐོར་ལ་ཡོང་ན་ངེས་པར་བརྗེད་མི་རུང་བ་ནི་རྡོ་རིང་ལ་མཇལ་རྒྱུ་དེ་རེད། རྡོ་རིང་འདི་དག་རྒས་ནས་ཡོད་ཀྱང་དེའི་སྟེང་གི་ཡིག་འབྲུ་དག་ནི་ངེས་པར་མིག་གིས་བལྟ་དགོས་ཤིང་ཡིད་ཀྱིས་བསམ་དགོས་པ་ཞིག་ཏུ་མ་ཟད། ཡིད་ཀྱི་སྣོད་དུ་བསྐྱིལ་ནས་བརྗེད་མི་རུང་བ་ཞིག་ཀྱང་རེད། ངས་སྔོན་ཆད་རྡོ་རིང་དག་གི་ཞིབ་འཇུག་དང་གནས་ཚུལ་མང་བོ་ཞིག་མཐོང་མྱོང་ཡོད་པས་ང་ལ་མཚོན་ན་རྡོ་རིང་རྩད་གཅོད་བྱེད་པ་ནི་ཆེས་སྤྲོ་བའི་དོན་ཞིག་ཡིན།
ད་ལྟ་བོད་དུ་བཞུགས་པའི་རྡོ་རིང་ཉེར་བཞི་ཡོད་ཅིང༌། རྡོ་རིང་འདི་དག་ནི་ལོ་རྒྱུས་ཀྱི་བདེན་དཔང་གསོན་པོ་སྐོར་ཞིག་ཡིན་པས་སུས་ཀྱང་ཁས་མི་ལེན་ཐབས་མེད་ཡིན། ཡིན་ན་ཡང་ང་ཚོའི་རྡོ་རིང་མང་བོ་ཞིག་རིག་གསར་སྐབས་སུ་གཏོར་བརླག་བྱས་ནས་རྩ་མེད་དུ་བཏང་ཞིང༌། སྐོར་ཞིག་ཆག་གྲུམ་དུ་བཏང་ནས་བདག་མེད་དུ་ལུས་འདུག

1

        ད་ལྟ་བོད་ན་རྡོ་རིང་དང་རྡོ་བརྐོས་ཡི་གེ་ཕལ་ཆེར་ཉི་ཤུ་རྩ་བཞི་ལས་བཙན་པོའི་སྐབས་ཀྱི་རྡོ་རིང་དང་རྡོ་བརྐོས་ཡི་གེ་ཉེར་གཅིག་དང་བསྟན་པ་ཕྱི་དར་སྐབས་ཀྱི་རྡོ་རིང་ཡི་གེ་གསུམ་ཙམ་ཡོད། དེ་དག་སྔ་ཤོས་ཁྲི་སྲོང་ལྡེ་བཙན་གྱི་དུས་ཀྱི་རྡོ་རིང་སྟེ། དེའི་སྐབས་སུ་བཞེངས་པའི་རྡོ་རིང་བཞི་ཡོད། ཁོང་གི་སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐབས་ཀྱི་རྡོ་རིང་དགུ་ཙམ་ཡོད་བོད་ཀྱི་ས་ཆ་སྐོར་ཞིག་ན་ཡོད་ཟེར། རལ་བ་ཅན་གྱི་སྐབས་སུ་བཞེངས་པའི་རྡོ་རིང་ལྔ། སུས་བཞེངས་པ་མི་ཤེས་པ་གསུམ་ཙམ་ཡོད་ཟེར།
        དེ་དག་ད་ལྟ་གང་དང་གང་དུ་བཞུགས་པ་ནི་ངེས་པར་ཤེས་དགོས་པ་ཞིག་ཡིན་ལ། ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ནམ་སློབ་གཉེར་བྱེད་མཁན་ཞིག་ཡིན་ན་ངེས་པར་ལྟ་སྐོར་ཞིབ་འཇུག་བྱ་དགོས་པ་ཞིག་རེད། དེ་བས་བདག་གིས་དེའི་སྐོར་ཅུང་ཞིབ་ཏུ་གླེང་འདོད།
        ཁྲི་སྲོང་གི་སྐབས་སུ་བཞེངས་པའི་རྡོ་རིང་ལས་གཅིག་བསམ་ཡས་ཀྱི་རྡོ་རིང་ཡིན་ལ། གཅིག་ལྷ་སའི་ཞོལ་རྡོ་རིང་ཕྱི་མ་ཟེར་བ་དེ་རེད། གཅིག་ཀོང་བོའི་ཕྱོགས་སུ་ཡོད་ཅིང་རྡོ་རིང་དེའི་ཡི་གེ་དེ་འདྲ་གསལ་བོ་མིན་ཞིང་ཞིབ་འཇུག་བྱེད་མཁན་ཡང་ཉུང༌། དེའི་མིང་ལ་ཀོང་བོའི་རྡོ་རིང་ཟེར་ཞིང་ཉིང་ཁྲི་ས་ཁུལ་སྨིན་གླིང་རྫོང་གི་གླང་དཀར་གྲོང་ཚོ་ཟེར་བ་དེར་ཡོད། བཞི་བ་འཕྱོངས་རྒྱས་ཟམ་ཁའི་རྡོ་རིང་ཡིན་ལ། དེ་ད་ལྟ་འཕྱོངས་རྒྱས་སྲིད་གཞུང་གི་སྒོ་རའི་ནང་དུ་རྡོ་རིང་ཞིག་ཡོད་པ་དེ་རེད་ཟེར། ད་ལྟ་དེའི་ཡི་གེ་མི་གསལ་མོད་ཚེ་དབང་ནོར་བུའི་གསུང་འབུམ་ལས་ཁ་ཚང་བར་བཀོད་ཡོད་པ་རི་ཅར་སན་གྱིས་ཡི་གེ་བུ་ཡིག་ཏུ་ཕབ་ཡོད།
        ཁྲི་ལྡེ་སྲོང་བཙན་གྱི་སྐབས་ཀྱི་རྡོ་རིང་དགུ་ལས་གཅིག་ནི་ལྷ་སའི་ར་མ་སྒང་དུ་ཡོད་པའི་སྐར་ཆུང་རྡོ་རིང་ཡིན་ལ། གཉིས་པ་དེ་མལ་གྲོ་གོང་ཁའི་ཞྭ་ལྷ་ཁང་དུ་རྡོ་རིང་གཡས་མ་དང་གཡོན་མ་ཞེས་པའི་རྡོ་རིང་གཉིས་ཡོད། འོན་ཀྱང་ད་ལྟ་རྡོ་རིང་གཅིག་མ་གཏོགས་མེད་པར་བཤད། གཅིག་ཀོང་བོའི་རྒྱུད་ལ་ཡོད་པའི་ཀོང་བོ་གཡུང་དྲུང་འཛིན་ཟེར་ས་དེར་ཡོད་ཀྱང་བྲག་བརྐོས་ཡི་གེ་ཡིན། དེ་ནི་ཀོང་དཀར་རྗེ་ལ་དམིགས་བསལ་གྱི་ཐོབ་ཐང་གནང་བའི་ཡི་གེ་ཞིག་རེད། ད་དུང་ཆབ་མདོ་རྫོང་གི་བྲག་གཡབ་ན་འདན་མ་བྲག་རྩེ་ཟེར་བར་ཡི་གེ་ཞིག་དང༌། ལྷོ་ཁ་ལྷོ་བྲག་རྫོང་གི་རྡོ་ཆུང་དང་རྣམ་ཐང་ཟེར་བའི་ལུང་བ་ཞིག་ཡོད་པ་དེའི་གཡས་གཡོན་ལ་བྲག་བརྐོས་ཡི་གེ་གཉིས་ཡོད། མཚོ་སྔོན་ཡུལ་ཤུལ་གྱི་འབིས་རྣམ་སྣང་གི་སྐུ་བརྙན་དང་བྲག་བརྐོས་ཡི་གེ་ཞིག་དང་སྐྱེ་རྒུའི་མདོའི་ལེབ་ཁོག་ཏུ་སངས་རྒྱས་ཀྱི་སྐུ་དང་ཚེ་དཔག་མེད་ཀྱི་རྡོ་བརྐོས་ཡི་གེ་ཞིག་ཡོད།
        ཁྲི་རལ་གྱི་སྐབས་སུ་བཞེངས་པའི་རྡོ་རིང་ཡི་གེ་ལྔ་ལས་གཅིག་ནི་འཕྱོངས་རྒྱས་ཀྱི་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་ཡིན་ལ། གཉིས་པ་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་རྒྱ་བོད་མཇལ་འདུམ་རྡོ་རིང་དང༌། གསུམ་པ་ད་ལྟ་མཚུར་ཕུ་དགོན་པའི་ནང་དུ་ཡོད་པའི་མཚུར་ཕུ་རྡོ་རིང༌། བཞི་བ་ལྷ་རྩེ་ཁྲོམ་ཆེན་ཁུལ་ལ་ཡོད་པའི་ཁྲོམ་ཆེན་རྡོ་རིང་ཞེས་པ་དེ་རེད། ལྔ་བ་མངའ་རིས་སྟོད་ཀྱི་པུ་ཧྲེང་ལ་ཡོད་པའི་རྡོ་རིང་ཞིག་ཡོད། དེ་ལ་མང་ཆེ་བས་སྤྱན་རས་གཟིགས་ཀྱི་རྡོ་རིང་ཞེས་འབོད་ཀྱིན་ཡོད་པ་རེད།
        ད་དུང་སུས་བཞེངས་གསལ་བོ་མི་ཤེས་པའི་རྡོ་རིང་གཉིས་དང་བྲག་བརྐོས་ཡི་གེ་གཅིག་སྟེ་གསུམ་ཡོད་པ་ལས་གཅིག་ནི་འཇང་ས་དམ་ཁུལ་ཏེ་དེང་སང་ཡུན་ནན་ཞིང་ཆེན་ལིས་ཅིང་ནས་གསར་དུ་རྙེད་པའི་རྡོ་བརྐོས་ཡི་གེ་དེ་ཡིན་ལ། གཉིས་པ་ནི་ལྷ་སའི་བྲག་ཡེར་བའི་ལྷ་ཁང་ནས་རྙེད་པའི་རྡོ་ལ་བརྐོས་པའི་ཡི་གེ་དེ་རེད། གསུམ་པ་ནི་ཉེ་ཆར་ཀོང་བོ་རྒྱ་མདར་ཡོད་པའི་བྲག་བརྐོས་ཡི་གེ་ཞིག་རྙེད།
        བསྟན་པ་ཕྱི་དར་གྱི་སྐབས་སུ་བཞེངས་ཤིང༌། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྡོ་རིང་ཡི་གེ་གསུམ་ཡོད་པ་ལས་གཅིག་ནི་བསྟན་པ་ཕྱི་དར་སྐབས་ཀྱི་སློབ་གནས་ཚུལ་ཁྲིམས་ཀྱི་སློབ་མ་ཞང་སྣ་ནམ་ཡེ་ཤེས་རྡོ་རྗེས་བཞེངས་པའི་འཕན་ཡུལ་སྟོད་རྒྱལ་ལྷ་ཁང་གི་རྡོ་རིང་རེད། གཉིས་པ་ནི་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་སྟོད་ལུང་བདེ་ཆེན་རྫོང་གི་ར་ཚགས་དགོན་ཟེར་བར་ཡོད་པའི་ར་ཚགས་རྡོ་རིང་དང༌། གསུམ་པ་ནི་ལྷོ་ཁ་གྲ་ནང་རྫོང་གི་ཁོངས་གཏོགས་གྲྭ་བཞི་སྨོན་འདུན་གླིང་གི་ཉེ་འདབས་ཀྱི་གྲོང་ཚོ་ཞིག་གི་ནང་དུ་ཡོད་པ་རེད། བཞི་བ་ནི་གཡོ་དགེ་ལུང་བར་བྱུང་བའི་རྡོ་རིང་གི་ཡི་གེ་རེད། རྡོ་རིང་དེ་ལས་ཡི་གེ་བཤུས་ནས་ཕྱིར་ས་འོག་ཏུ་སྦས་ཟེར་སྲོལ་ཡོད་ཅིང༌། མ་ཕྱི་ཡི་གེ་དེ་སྐུ་འབུམ་དགོན་པ་ནས་རྙེད། འོན་ཀྱང༌། དེའི་མ་ཕྱི་སྔོན་གྱི་བརྡ་རྙིང་མ་ཡིན་པར་ད་ལྟའི་ཡི་གེར་ཕབ་ཡོད།
        དེ་དག་ལས་བོད་ཀྱི་ལོ་རྒྱུས་ཀྱི་ནོར་འཁྲུལ་མང་བོ་ཞིག་ལ་ཡོ་བསྲང་བྱ་ཐུབ་ཅིང༌། གཉའ་ཁྲི་བྱོན་ཚུལ་དང་ཆོས་ལུགས་དར་སྤེལ་བཏང་བ། བཙན་པོའི་གཉེན་ཉེ་དང་བྲོ་བོར་ཚུལ། བོད་ཀྱི་དམག་དཔུང་གིས་གཞན་ཆམ་པ་ཕབ་པའི་ཚུལ། རྒྱ་བོད་ཀྱི་འབྲེལ་བ་སོགས་གནད་དོན་མང་བོ་ཞིག་གསལ་བོ་བཤད་ཐུབ་པས་རིན་ཐང་ཆེན་པོ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་བདེན་དཔང་བླ་ན་མེད་པ་ཞིག་ཀྱང་ཡིན།

2

        བོད་ཀྱི་རྡོ་རིང་ལ་ཞིབ་འཇུག་གནང་མཁན་གྱི་ཐོག་མ་ཕལ་ཆེར་དཔའ་བོ་གཙུག་ལག་ཕྲེང་བ་ཡིན་པར་མཐོང་སྟེ་ཁོང་གིས་ཆེད་དུ་བཀའ་གཙིགས་ཀྱི་ཡི་གེ་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་བཀོད་ཡོད་ལ། རྒྱལ་དབང་ལྔ་བས་ཀྱང་དབོན་ཞང་རྡོ་རིང་ལ་ཞིབ་འཇུག་བྱས་པའི་རྟགས་ཡོད། ཡིན་ན་ཡང༌། རྡོ་རིང་གི་ཡི་གེ་མ་ཕྱིར་བཀོད་ནས་ཞིབ་འཇུག་བྱེད་མཁན་ནི་བོད་ལ་མཚོན་ན་ཀ་ཐོག་ཚེ་དབང་ནོར་བུ་ཟེར་བ་དེ་ཡིན་པ་ལས་དགེ་འདུན་ཆོས་འཕེལ་མིན། ཁོང་ནི་དུས་རབས་བཅོ་བརྒྱད་ནང་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་དུས་མཉམ་པའི་མཁས་པ་ཆེན་པོ་ཀ་ཐོག་ཚེ་དབང་རིག་འཛིན་ནོར་བུ་ཞེས་པ་དེ་རེད། ཁོང་ནི་ལོ་རྒྱུས་ཀྱི་མཁས་པ་ཆེན་པོ་ཞིག་སྟེ་ཁོང་གི་མངའ་རིས་གུང་ཐང་སྨད་ཀྱི་གདུང་རབས་སྐོར་ཡོད་ཅིང༌། ཁོང་གི་གསུང་འབུམ་ནང་རྡོ་རིང་ཡི་གེ་དྲུག་བཀོད་པ་ལས་འཕྱོངས་རྒྱས་ཟམ་ཁར་ཡོད་པའི་རྡོ་རིང་ཡི་གེ་ཁ་ཚང་བར་བཀོད་ཡོད། དེ་མིན་ན་ད་ལྟ་ཡི་གེ་བསུབ་འདུག་པས་དེ་དག་མཐོང་ཐབས་བྲལ་བ་རེད། རྗེས་ཀྱི་ཞིབ་འཇུག་པ་ཀུན་གྱིས་ཁོང་གི་གསུང་ལ་བརྟེན་ནས་ད་གཟོད་འཕྱོངས་རྒྱས་ཟམ་ཁའི་རྡོ་རིང་ཤེས་ཤིང་ཞིབ་འཇུག་བྱ་ཐུབ་པ་བྱུང་བ་རེད།
        བོད་ཀྱི་རྡོ་རིང་གི་རིན་ཐང་འདི་ཕྱི་གླིང་གི་མཁས་པའི་སྔར་ནས་ཤེས་ཡོད་པ་རེད། 1880ལོ་ནས་པུ་ཞི་ཨེར་ལགས་ཀྱིས་ཆེད་རྩོམ་ལས་རྡོ་རིང་ལ་ཞིབ་འཇུག་བྱས་པ་དང་དེ་དང་མཉམ་དུ་ཧྲོ་ཧྥོ་ལན་ཁུ་དང་ལོ་ཀྲིན་ཡིས་ཝ་ཏི་ཨེར་སོགས་ཀྱིས་ཀྱང་ཞིབ་འཇུག་བྱས་པ་རེད།
        ནུབ་ཕྱོགས་ལས་རྡོ་རིང་ལ་ཞིབ་འཇུག་གི་གྲུབ་འབྲས་གཟེངས་སུ་མཐོ་བ་ཞིག་ནི་དབྱིན་ཇི་བ་རི་ཅར་སན་རེད། ཁོང་ནི1936ལོ་ནས1949ལོ་བར་དུ་དབྱིན་ཇི་དང་རྒྱ་གར་སྲིད་གཞུང་གི་གཞུང་ཚབ་པ་བྱས་ནས་ལྷ་སར་བསྡད་པའི་དཔོན་རིགས་ཤིག་རེད། དེ་བས་ཁོང་གིས་བོད་ཀྱི་ས་གནས་ཁག་ལ་བསྐྱོད་ནས་རྡོ་རིང་ཡི་གེ་བཤུས་ཤིང་ཞིབ་འཇུག་བྱས།
        1949ལོ་རི་ཅར་སན་གྱིས་རྡོ་རིང་ཞིབ་འཇུག་གི་ཆེད་རྩོམ་མང་བོ་སྤེལ། 1950ལོར་ཏུའུ་ཅིས་ཀྱང་རྡོ་རིང་ལ་ཞིབ་འཇུག་གི་ཆེད་རྩོམ་སྤེལ། 1952ལོར་ཡང་རི་ཅར་སན་གྱིས་རྡོ་རིང་ལ་ཞིབ་འཇུག་གི་དཔྱད་རྩོམ་སྤེལ་ཅིང༌། 1956ལོར་ཨ་རིའི་རྒྱ་ནག་པ་ལི་ཀོས་ཧྥིང་གིས་ཀྱང་དེའི་ཕྱོགས་ཀྱི་རྩོམ་ཡིག་སྤེལ། 1952ནས1984ལོའི་བར་དུ་རི་ཅར་སན་གྱིས་བོད་ཀྱི་རྡོ་རིང་གི་སྐོར་གྱི་དཔེ་ཆ་གཉིས་དབྱིན་ཡིག་གི་ལམ་ནས་པར་བསྐྲུན་བྱས་པ་རེད།
        1982ལོའི་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒྱ་ནག་པ་བོད་རིག་པའི་མཁས་པ་དབང་རྒྱལ་གྱིས་རྒྱ་ཡིག་གི་བོད་ཀྱི་རྡོ་རིང་ཡི་གེ་ཞེས་པའི་དེབ་བཏོན་པ་དང1984ལོར་ཁོང་དང་རྒྱ་ནག་པ་བསོད་ནམས་སྐྱིད་གཉིས་ཀྱིས་རྡོ་རིང་ཡི་གེ་ལ་ཞིབ་འཇུག་བྱས་ཏེ་བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཁ་བྱང་ཟེར་བའི་བོད་ཡིག་དཔེ་ཆ་ཞིག་པར་དུ་བསྐྲུན་ཅིང་རྒྱ་ཡིག་གི་དཔེ་ཆའང་པར་དུ་བསྐྲུན། དེའི་རྗེས་སུ་རིམ་བཞིན་གཉའ་ཀོང་དཀོན་མཆོག་ཚེ་བརྟན་དང༌། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། པད་མ་འབུམ། ཚེ་རིང་ཆོས་རྒྱལ། ཟླ་བ་ཚེ་རིང་སོགས་རྡོ་རིང་རེ་གཉིས་ལ་དཔྱད་པ་གཏོང་བའི་བོད་མི་མང་བོ་བྱུང་མོད། འོན་ཀྱང་ཕྱོགས་ཡོངས་ནས་ཞིབ་འཇུག་ཁ་ཚང་ཞིག་བྱས་པ་ནི་ཆབ་འགག་རྟ་མགྲིན་ལས་མེད། ཁོང་གིས་བོད་ཀྱི་རྡོ་རིང་ཚང་མར་ཞིབ་འཇུག་བྱས་ཏེ་དུས་དེབ་སོ་སོ་བཀོད་ཅིང་མི་རིང་བར་རྡོ་རིང་ཡི་གེ་ཞིབ་འཇུག་གི་དེབ་དེ་པར་བསྐྲུན་བྱ་ངེས་རེད།

3

        བདག་ད་རེས་དབུས་གཙང་ལ་མཇལ་སྐོར་བྱེད་དུས་རྡོ་རིང་སྐོར་ཞིག་མཐོང་བྱུང༌། དེ་ནི་བདག་ལ་མཚོན་ན་ཆེས་བསོད་ནམས་ལྡན་པ་ཞིག་ཡིན་སྙམ་ནས་དགའ་བ་སྒོམ་གྱིན་ཡོད། ཐེངས་འདིར་ངས་མཐོང་བ་ནི་པོ་ཏ་ལའི་སྐས་མགོར་ཡོད་པའི་རྡོ་རིང་གཉིས་དང༌། ཞོལ་རྡོ་རིང༌། དབོན་ཞང་རྡོ་རིང༌། དེའི་གཡོན་དུ་ཡོད་པའི་རྡོ་རིང༌། སྐར་ཆུང་རྡོ་རིང༌། བསམ་ཡས་རྡོ་རིང༌། ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་བཅས་བརྒྱད་མཐོང་བ་ལས། པོ་ཏ་ལའི་མདུན་གྱི་རྡོ་རིང་གཉིས་དང་གཙུག་ལག་ཁང་གི་མདུན་གྱི་རྡོ་རིང་ཆིན་རྒྱལ་རབས་ཀྱིས་བཙུགས་པ་ལས་གཞན་རྣམས་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་རེད།
        ད་དུང་འགྲོ་འདོད་རུང་འགྲོ་མ་ཐུབ་པ་ནི་ཞྭ་ལྷ་ཁང་དང༌། འུ་ཤིང་དོ། ར་ཚགས་དགོན་པ་བཅས་ཡིན་མོད་དུས་ཚོད་ཀྱི་དབང་གིས་འགྲོ་མ་ཐུབ་པས་ཕངས་སེམས་ཆེ། རྗེས་མར་བདག་ངེས་པར་དེ་དག་ལ་མཇལ་བར་འགྲོ་ངེས་ཡིན་ལ། དེ་དག་གི་སྐོར་རྗེས་སུ་ཁྱེད་ལ་ཞུ་ཆོག

(1)

        པོ་ཏ་ལར་མཇལ་མ་ཐག་ཏུ་མཇལ་འདོད་པ་ནི་ཞོལ་རྡོ་རིང་ཕྱི་མ་འདི་ཡིན་ཏེ། ཞོལ་རྡོ་རིང་ཕྱི་མ་ནི་ཕོ་བྲང་གི་རྡོ་སྐས་ཀྱི་རྡོ་རིང་དེ་ལ་བལྟས་ནས་བཤད་པ་ཡིན། འོན་ཀྱང་རྡོ་རིང་ནང་མའི་སྟེང་དུ་ཡི་གེ་མེད་པས་ལོ་རྒྱུས་ཀྱི་དཔང་བོ་བྱེད་ཐབས་མེད། བོད་ཀྱི་རྡོ་རིང་ལས་ཆེས་རིན་ཐང་ཆེ་བ་ནི་རྡོ་རིང་ཕྱི་མ་དང་དབོན་ཞང་རྡོ་རིང་གཉིས་ཡིན། དེ་གཉིས་ནི་བོད་ཀྱི་ལོ་རྒྱུས་ཀྱི་བདེན་དཔང་ཆེས་གལ་ཆེ་བ་ཞིག་ཡིན། ལྷག་པར་རྡོ་རིང་འདི་ནི་ད་ལྟ་བོད་དུ་ཡོད་པའི་ཆེས་སྔ་ཤོས་ཀྱི་རྡོ་རིང་ཡིན།
        པོ་ཏ་ལར་མཇལ་ནས་ཐང་ཆེན་ལ་སླེབས་དུས་ར་བ་ཆུང་ངུ་ཞིག་བསྐོར་ནས་སྡོང་གསེང་དུ་ཁེར་རྐྱང་དུ་འགྱིང་བའི་རྡོ་རིང་ཞིག་མཐོང་བ་དེ་རྡོ་རིང་ཕྱི་མ་ཡིན་མོད། ཆེད་དུ་སོང་ནས་ཡི་གེ་ཀློག་པའི་གོ་སྐབས་མི་འདུག ཡིན་ན་ཡང༌། རྒྱང་ནས་བལྟས་ན་རྩེ་མོར་ཆར་ཁེབས་དང་ཏོག་ཡོད་པའི་རྡོ་རིང་དེའི་ངོས་གསུམ་ལ་བོད་ཡིག་འཁོད་ཡོད་པ་མཐོང་ཐུབ། དཔྱད་གཞིའི་ཡིག་ཆ་ལ་བཀོད་པ་ལྟར་ན་ནུབ་ངོས་སུ་ཡིག་ཕྲེང68དང༌། ཤར་ངོས་སུ་ཡིག་ཕྲེང16ལྷོ་ངོས་སུ་ཡིག་ཕྲེང74ཡོད་ཅིང༌། བྱང་ངོས་སུ་ཡི་གེ་འཁོད་མེད། ངས་རྒྱང་རིང་ནས་དེ་ལ་ལྟ་བཞིན་སྔོན་གྱི་ལོ་རྒྱུས་ཕྱིར་དྲན་བྱས་པ་ཡིན།
སྟག་སྒྲ་ཀླུ་ཁོངནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་གཙོ་ཆེ་བ་ཞིག་ཡིན་ཞིང༌། སྤྱི་ལོ763ལ། བཙན་པོས་སྟག་སྒྲ་ཀླུ་ཁོང་ལ་བོད་དམག་ཁྲི་ཉི་ཤུ་དང་བཅས་རྒྱ་ནག་རྒྱལ་བོའི་ཕོ་བྲང་ཁྲང་ཨན་ལ་དཔུང་འཇུག་བྱེད་པར་མངགས། ཁོས་ཐང་གི་རྒྱལ་ས་ཕབ་ནས་གོང་མ་གསར་བ་ཞིག་བསྐོས་ཏེ་བོད་ལ་ལོ་ཐང་དབུལ་བར་ཁས་བླངས། ཉིན་བཅོ་ལྔ་ལ་སྟོན་མོ་བྱས་ནས་སླར་ཕྱིར་ལོག་རྗེས། བཙན་པོས་ཁོང་གི་བྱས་རྗེས་ལ་བསྟོད་བསྔགས་བྱེད་ཕྱིར་རྡོ་རིང་འདི་བཙུགས་པ་རེད། དེ་ནི་རྒྱའི་ལོ་རྒྱུས《སྐྱོང་རོགས་གསལ་བའི་མེ་ལོང》སོགས་དང《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཆར》ཡང་གསལ།
        དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བཀའ་གཙིགས་ཡི་གེ་འདིས་དོན་གནད་ཁག་བཞི་གསལ་བཤད་བྱེད་ཐུབ་ཟེར། དེ་བཞི་ནི་ཞིབ་འཇུག་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་བཞི་སྟེ། (1)བྱས་རྗེས་ཡོད་པའི་བློན་པོ་ལ་ས་ཞིང་དང༌། འབྲོག་ཐང༌། ཕྱུགས་རིགས་བྲན་གཡོག་བཅས་མི་རབས་ནས་མི་རབས་བར་བརྒྱུད་འཛིན་བྱས་ཆོག་པའི་བྱ་དགའ་སྤྲོད་པ་དང༌། རབས་ཆད་ན་མུ་མཐུད་ནས་གཉེན་འབྲེལ་གཞན་དག་ལ་གནང་བ། (2)བྱས་རྗེས་ཡོད་པའི་བློན་པོའི་མི་རྒྱུད་ཀྱི་ནང་ནས་བཙན་པོ་ལ་ངོ་ལོག་བྱེད་མཁན་བྱུང་ན་ཉེས་ཅན་དེ་རང་ལ་ཁྲིམས་གཅོད་བྱེད་པ་ལས། ཁྱིམ་ཚང་གི་བུ་ཚ་དང་སྤུན་མཆེད་གཞན་དག་ལ་ཞོར་འདྲུད་མི་བྱེད་པ། (3)བློན་པོ་འབལ་ལྡོང་ཚབ། ལང་མེས་གཟིགས་གཉིས་ཀྱིས་རྒྱལ་བོ་ཁྲི་ལྡེ་གཙུག་བཙན་བཀྲོངས་པ་དང་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་ཡང་བཀྲོང་རྩིས་བྱས་པའི་གནས་ཚུལ་བློན་པོ་སྟག་སྒྲ་ཀླུ་གོང་གིས་ཤེས་ནས་རྒྱལ་བོ་ལ་ཞུས་རྗེས་བློན་པོ་གཉིས་སྲོག་ཐོག་ཏུ་བཏང་བ། (4)བློན་པོ་སྟག་སྒྲ་ཀླུ་གོང་གིས་དམག་དཔོན་བྱས་ཏེ་ཐང་རྒྱལ་རབས་ཀྱི་མངའ་ཁོངས་སུ་དམག་དྲངས་པ་དང༌། རྒྱལ་ས་ཁྲང་ཨན་བླངས་པ་གོང་མ་ཧྲན་ཀྲོའུ་ལ་བྲོས་པའི་སྐོར་བཅས་གསལ་བར་བཤད་པ་བཅས་སོ། །
        རྡོ་རིང་འདིའི་ཡི་གེ་ནི་བོད་ཀྱི་ན་གཞོན་དག་གིས་ངེས་པར་བཀླག་དགོས་པ་ཞིག་དང་དེ་ལ་བརྟེན་ནས་སྐབས་དེའི་ལོ་རྒྱུས་དེར་ཕྱིར་དྲན་བྱ་དགོས་པ་ཞིག་ཀྱང་རེད། རྡོ་རིང་འདི་ལས་སྙིང་གི་སྤོབས་པ་མཁའ་ལ་འཕྱོ་བར་བྱེད་ངེས་ཀྱང་ད་ལྟ་ལྷ་ས་ལ་མཇལ་སྐོར་བྱེད་པའི་བོད་མི་དག་གིས་འདི་ནི་རྡོ་རིང་ཤི་རོ་ཞིག་ཡིན་པར་འདོད་ནས་སུས་ཀྱང་ཁ་ཡ་བྱེད་ཀྱིན་མི་འདུག དེ་ལྟར་དོ་སྣང་ཅི་ཡང་མེད་པའི་རིན་ཐང་བྲལ་བའི་ལོ་རྒྱུས་ཀྱི་བདེན་དཔང་མང་བོ་ཞིག་རྩ་མེད་དུ་སོང་ནས་ད་ལྟ་ལོ་རྒྱུས་ལ་རྫུན་བཟོ་བྱེད་པའི་དུས་ལ་སླེབས་པ་རེད།
        རྡོ་རིང་འདི་ཀློག་དུས་སྐྱ་དམག་འབུམ་ཕྲག་རླུང་དམར་གྱི་འཁོར་ལོ་བཞིན་དུ་རྒྱུ་བའི་སྣང་བ་ཞིག་བྱུང་ལ། ས་གཞི་གཉིད་ལས་སློང་བ་ལྟ་བུའི་རྟ་ཕོའི་རྨིག་སྒྲ་དང་དཔའ་བོའི་ངར་སྐད་ཀྱང་ཐོས་ཐུབ་པ་རེད། སྐབས་འདིར་ངས་ཐང་ཡིག་ལས། བྷོད་རྣམས་ཁྲེལ་དང་ངོ་ཚ་མེད་པར་གསལ་བོར་ཤེས། ལྷ་དང་དཔང་དུ་གསོལ་ཏེ་ཕན་ཚུན་ལ་བློས་འཁེལ་བའི་ངང་ཕིན་ལེང་དུ་མཇལ་དུམ་བྱེད་སྐབས་ཀྱང་ཁོ་ཚོས་གཡོ་བྱས། དེ་ལས་སེམས་རྒྱུད་བཟང་ཞིང་བློ་རྩ་དཀར་བོའི་སྒོ་ནས་བྷོད་ལ་དབང་དུ་བསྒྱུར་མི་ནུས་པ་གསལ། ཁུང་ཙི་ན་རེ། “ཀླ་ཀློར་རྗེ་བོ་ཡོད་པ་ལས། །རྒྱ་ལ་རྗེ་བོ་མེད་པ་དགའ། ”ཞེས་གསུངས་པ་ཅིས་མ་བདེན། ཞེས་གསུངས་པ་དེ་སླར་ཡང་དྲན་བྱུང༌།

(2)

        བོད་ཀྱི་དགོན་པ་དང་བོ་བསམ་ཡས་ཡིན་ལ། སློབ་གྲྭ་ཆེན་མོའི་དང་བོ་ཡང་བསམ་ཡས་རེད། ལྷ་ས་སྲིད་ཀྱི་ལྟེ་བ་ཡིན་ན་བསམ་ཡས་རིག་གནས་ཀྱི་ལྟེ་བར་གྱུར་ཡོད་པ་རེད། བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ནི་སློབ་གྲྭ་ཆེན་མོ་འདིའི་མཚོན་བྱེད་གལ་ཆེན་ཞིག་རེད།
        རྡོ་རིང་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ལོ་རྗེས་མ་སྤྱི་ལོ768ལོར་བཙུགས་ཤིང༌། བསམ་ཡས་ལ་ཕེབས་མྱོང་བའི་མཇལ་བ་ཞིག་ཡིན་ན་རྡོ་རིང་དེ་མཐོང་ཡོད་ངེས། ཡིན་ན་ཡང༌། སུ་ཞིག་གིས་དེ་ནི་ཁྲི་སྲོང་ལྡེ་བཙན་གྱིས་རང་གི་བུ་རབས་ཚ་བརྒྱུད་ལ་བཞག་པའི་ཞལ་ཆེམས་ཡིན་པ་ཡིད་ལ་དྲན་མི་སྲིད།
རྡོ་རིང་ནི་ཡི་གེ་འགའ་རྡོ་ལ་བརྐོས་པ་ཙམ་མ་ཡིན་པར་རྒྱལ་བོ་ཞིག་གི་རེ་བ་དང་ཆབ་སྲིད་ཅིག་གི་འགྲོ་ཕྱོགས་བཀོད་པ་ཞིག་རེད། དེ་བས་བདག་གིས་རྡོ་རིང་གི་ཡི་གེ་ཀློག་ཚེ་ཁྲི་སྲོང་ལྡེ་བཙན་དངོས་ཀྱི་ཞལ་གསུང་ལ་ཉན་པ་ལྟ་བུའི་སྣང་བ་བྱུང༌།
        “ལྷ་ས་དང་བྲག་དམར་གྱི་གཙུག་ལག་ཁང་ལ་སོགས་པར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་བྱས་ཤིང་དམ་པའི་ཆོས་མཛད་པའི་ཚུལ་འདི་དུས་ནམ་ཡང་རྒྱུན་ཆད་དུ་མི་འཇུག་པ་དང་འཐོར་ཞིག་ཏུ་མི་འགྲོ་བར་བྱ་དགོས། འདི་དག་ལ་མཐུན་རྐྱེན་དུ་ཕུལ་བའི་དངོས་པོ་དག་ཇེ་ཉུང་དང་ཡུན་ཐུང་བར་བཏང་མི་ཆོག དེང་ཕྱིན་ཆད་བཙན་པོའི་གདུང་རྒྱུད་རིམ་བྱོན་རེ་རེ་ནས་ཀྱང་བཙན་པོ་ཡབ་སྲས་ཀྱི་མཛད་ཚུལ་བཞིན་དུ་ཁས་ལེན་དམ་བཅའ་བྱ་དགོས། ”
        ཡི་གེ་དེ་ཀློག་གིན་བདག་ལ་ཕངས་སེམས་ཤིག་སྐྱེས་བྱུང༌། ཕངས་སེམས་དེ་ནི་སངས་རྒྱས་ཆོས་དང་འབྲེལ་བ་ཙམ་མ་ཡིན་པར་བོད་ཀྱི་ཆབ་སྲིད་དང་རིག་གནས་བཅས་ཕྱོགས་མང་བོར་འབྲེལ་ཡོད་པ་དེ་རེད། གལ་ཏེ་བཙན་པོ་གླང་དར་མ་ཨུ་དུམ་བཙན་གྱིས་ཁྲི་སྲོང་གི་ཞལ་གསུང་འདི་བརྩི་བ་ཡིན་ན་བོད་བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་མི་འགྲོ་བ་དང་བོད་མགོ་ནག་གི་མགོ་ལ་ཡོང་བའི་སྡུག་བསྔལ་དེ་དག་ཀྱང་གཏན་ནས་ཡོད་མི་སྲིད།
        ངའི་སེམས་ལ་དེ་ལྟར་དྲན་བཞིན་དུ་ཁྲི་ལྡེ་སྲོང་བཙན་གྱི་མཁྱེན་རྒྱ་ལ་ཧ་ལས་བྱུང༌། ཡིན་ན་ཡང༌། བཙན་པོ་ཡབ་སྲས་དང་རྗེ་བོ་བློན་པོ་ཀུན་གྱིས་ཁས་བླངས་ཏེ་མནས་མནན་པའི་དམ་ཚིག་དེ་ཐོར་དུས་བོད་ཀྱི་རྒྱལ་ཁམས་ཀྱང་ཐོར་སོང་བ་ཤེས་བྱུང༌།

(3)

        ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་ལ་མཇལ་དུས་ངའི་ཡིད་ལ་སྨྲ་མི་ཤེས་པའི་སྣང་བ་ཞིག་རྒྱས་བྱུང༌། དེ་ནི་བདག་ཁོ་ནའི་ཉམས་སུ་མྱོང་བ་ལས་ཐབས་གཞན་གང་ཡང་མི་འདུག རྡོ་རིང་དེ་ད་ལྟ་ཡང་ལྷོ་ཁའི་འཕྱོངས་རྒྱས་མུ་ར་རིའི་འདབས་སུ་ཡོད་ཅིང༌། དེར་ཡིག་ཕྲེང47ཡང་པ་ངང༌། རྡོ་རིང་གི་སྨད་དུ་ཡོད་པའི་ཡི་གེ་མང་ཆེ་བ་ནི་ཡལ་ནས་གསལ་བོ་མི་འདུག འོན་ཀྱང་དེའི་ཡི་གེ་རྒྱ་ནག་པ་དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་ལ་བཀོད་ཡོད་མོད། དེ་ལས་ཐིག་ཕྲེང47མ་གཏོགས་བཀོད་མི་འདུག
        རྡོ་རིང་དེའི་སྟེང་དུ་རྒྱལ་བོ་འདི་ཉིད་ཀྱི་མཛད་རྗེས་བཀོད་ཡོད་ཅིང་ཐིག་ཕྲེང་ང་དགུ་ཡོད། མཐོ་ཚད་མུས7.18ཞེང་ལ་ལི་མུས78སྔོན་ཆད་རྡོ་རིང་གི་སྐེད་ཙམ་བར་དུ་སར་བསྣུབ་འདུག་པས་རི་ཅར་སན་སོགས་ཀྱིས་ཡི་གེ་ཐིག་ཕྲེང47མ་གཏོགས་བཀོད་མ་ཐུབ། 1984ལོར་བོད་ལྗོངས་རིག་དངོས་སྲུང་སྐྱོབ་སྡེ་ཁག་གིས་བརྟག་དཔྱད་བྱས་ཏེ་སར་བསྣུབ་པ་ཡང་བརྐོས་ནས་བཏོན་ཏེ་ཁང་བ་ཞིག་ཀྱང་ལས་འདུག ད་ལྟ་ཁང་བ་ཆུང་ངུ་དེ་ནང་དུ་ཡོད་ཀྱང་བདག་མེད་དུ་ལུས་འདུག་པས་ནང་དུ་ཆར་ཆུ་འཁྱིལ་འདུག
        ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ནི་བོད་ཀྱི་རྒྱལ་བོ་བཞི་བཅུ་བ་སྟེ་ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་གཉིས་ཀྱི་སྲས་ཆུང་བ་ཡིན། བློན་ཆེན་པོ་བྲན་ཀ་དཔལ་ཡོན་དང་མྱང་ཏིང་ངེ་འཛིན་ལ་སོགས་པས་བཙན་པོའི་སྐུ་ཕྱྭ་སྲུང་སྐྱོང་དང་ཆབ་སྲིད་སྐྱོང་རོགས་ཞུས། རྒྱལ་བོ་འདི་ཉིད་ཀྱིས་ཡབ་མེས་ཀྱི་བཞེངས་པའི་གཙུག་ལག་ཁང་རྣམས་ལ་མཆོད་པ་ཕུལ་བ་དང༌། ཤུལ་ན་བཞུགས་པའི་ལོ་པཎ་རྣམས་ལ་བསྙེན་བཀུར་ཚད་མེད་གནང་བ་མ་ཟད། རྒྱ་གར་ནས་སློབ་དཔོན་བི་མ་ལ་མི་ཏྲ་སོགས་སྤྱན་དྲངས་ཏེ་སྔར་མ་བསྒྱུར་བའི་ཆོས་མང་བོ་བསྒྱུར། དེ་སྐབས་བན་དེ་དཔལ་བརྩེགས་དང༌། ཆོས་ཀྱི་སྙིང་བོ་ལ་སོགས་པས་ཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་ན་བཞུགས་པའི་གསུང་རབ་རྣམས་ཤོ་ལོ་ཀ་དང༌། བམ་གྲངས། ཐེམ་བྱང་སོགས་བཀོད་པར་དཀར་ཆག་ཕང་ཐང་མ་ཞེས་བཀའ་འགྱུར་གཅིག་ཏུ་བསྡུས་པའི་ཐོག་མ་ཡིན། དེ་རྗེས་བན་དེ་དཔལ་བརྩེགས་ལ་སོགས་པས་སྟོང་ཐང་ལྡན་དཀར་ན་བཞུགས་པའི་གསུང་རབ་རྣམས་བསྒྲིགས་ནས་བཀོད་པར་དཀར་ཆག་ལྡན་དཀར་མ་དང༌། བསམ་ཡས་མཆིམས་ཕུར་བཞུགས་པའི་བཀའ་འགྱུར་ལ་དག་ཐེར་མཛད་ནས་བསྒྲིགས་པར་དཀར་ཆག་མཆིམས་ཕུ་མ་ཞུ་བ་བཅས་བྱུང༌། དེ་ལྟར་རྒྱ་གར་དང་བོད་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་བོད་སྐད་ལ་བསྒྱུར་བའི་ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་ཀྱི་གཞུང་ལུགས་རྣམས་ཞུས་ཤིང་གཏན་ལ་ཕབ་པ་དང༌། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བཀས་བཅད་པ་དེ་ནི་བཀས་བཅད་རྣམ་པ་གསུམ་དུ་གྲགས་པའི་གཉིས་པ་དེ་ཡིན་པར་བཞེད་མཁན་ཡང་ཡོད།
        སྐབས་དེར་སྒྱུར་ཡིག་གཏན་ལ་འབེབས་པའི་རྩ་དོན་ནི། དང་བོ་ནི་བྱཱ་ཀ་ར་ཎའི་གཞུང་ལུགས་དང་མཐུན་དགོས་པ་དང༌། གཉིས་པ་ཆོས་ཀྱི་གཞུང་ལས་བཤད་པའི་རྩ་བའི་བརྗོད་དོན་དང་འགལ་མི་ཆོག་པ། གསུམ་པ་བོད་མི་ཡོངས་ཁྱབ་ཀྱིས་གོ་བདེ་བ་ཞིག་ཡོང་ཐབས་བྱ་དགོས་པ་བཅས་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་བཟུང་ལོ་རྒྱུས་ཐོག་ཆོས་ཀྱི་གཞུང་ལུགས་བསྒྱུར་བའི་ཉམས་མྱོང་དང་བསླབ་བྱ་རྣམས་ཕྱོགས་བསྡོམས་གནང་སྟེ་ཡིག་སྒྱུར་གྱི་རིག་པའི་གཞུང་ལུགས་ཤིག་གསར་བཏོད་མཛད་ཡོད། དེ་བཞིན་རྒྱལ་བོ་འདིའི་སྐུ་དུས་སུ་སྐྱིད་ཤོད་དུ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས་པ་དང༌། ལྷ་ལྡན་གཙུག་ལག་ཁང་མདུན་ངོས་ཀྱི་ཁྱམས་རྭ་དེའང་གསར་དུ་བཞེངས།
        བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་ཞིག་ཅིང་དཀོན་མཆོག་གསུམ་བླ་མར་བྱ་བའི་བཀའ་ཁྲིམས་བསྒྲགས། བཀའ་གཙིགས་ཀྱི་ཡི་གེ་མང་བོ་བྲིས་ཏེ་རྒྱས་བཏབ་ནས་མཛོད་དུ་བཞག་པ་མ་ཟད་རྡོ་རིང་ལའང་བརྐོས། དེ་དུས་སྐར་ཆུང་གཙུག་ལག་ཁང་གི་རྡོ་རིང་དང༌། དབུར་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་སྔ་རྟིང་གཉིས། ཀོང་བོ་དེ་མོའི་རྡོ་བརྐོས། ཁམས་ཀྱི་བྱམས་མདུན་བྲག་བརྐོས་ཡི་གེ འཕྱོངས་རྒྱས་བང་སོའི་རྡོ་རིང་ཡི་གེ་སོགས་གནའ་བོའི་ལོ་རྒྱུས་རྡོ་ལ་བརྐོས་ནས་ཕྱི་རབས་པའི་མིག་རྒྱན་དུ་བཞག་པ་ནི་བཙན་པོ་འདིའི་སྐུ་དུས་སུ་མང་ཤོས་ཡིན།
        མདོར་ན་རྒྱལ་བོ་འདིའི་སྐུ་དུས་སུ་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས་ནས་འབངས་རྣམས་བདེ་ལ་བཀོད་པར་གྲགས། གཞན་ཡང་དེ་སྐབས་མཐའ་བཞིའི་རྒྱལ་ཁམས་ཀུན་དང་ལྷག་པར་དུ་ཐང་བོད་དབར་ཞི་འདུམ་མཛའ་མཐུན་མཛད་པ་ལྷ་ལྡན་གཙུག་ལག་ཁང་མདུན་ངོས་ཀྱི་རྡོ་རིང་ཐོག་གསལ་བོ་ཡོད། རྒྱལ་བོ་ཁྲི་ལྡེ་སྲོང་བཙན་གྱིས་བཙུན་མོ་འབྲོ་བཟའ་ཁྲི་མོ་ལེགས་དང༌། མཆིམས་རྒྱལ་བཟའ་ལེགས་མོ་བཙན། ཅོག་རོ་བཟའ་བརྩན་རྒྱལ་རྣམས་ཁབ་ཏུ་བཞེས་པར་སྲས་གཙང་མ་དང༌། དར་མ། རལ་བ་ཅན། ལྷ་རྗེ། ལྷུན་གྲུབ་བཅས་ལྔ་བྱུང༌། རྒྱལ་བོ་འདིས་ཆབ་སྲིད་ལོ་བཅུ་དྲུག་གམ་སུམ་ཅུ་སོ་གཉིས་བསྐྱངས་ནས་མཐར་དགུང་ལོ་ལྔ་བཅུ་ང་བཞི་བར་སྒྲགས་ཕུར་སྐུ་གཤེགས་པར་གྲགས།
        འོན་ཀྱང་རྡོ་རིང་ལས་ཁོང་གི་མཛད་རྗེས་ཀྱི་ཡི་གེ་མང་ཆེ་བ་མི་གསལ་བས། ང་ཚོས་ཆེད་དུ་གོང་གི་ཚིག་ཕྲེང་དེ་ལས་ཁྲི་ལྡེ་སྲོང་བཙན་རྗེས་སུ་དྲན་པར་བྱས་ཏེ། འོན་ཀྱང་སྔོན་གྱི་ལོ་རྒྱུས་དྲན་པ་ནི་དགའ་སྐྱོའི་སྣང་བས་རང་སེམས་སྨྲེང་བར་བྱས་པ་ལས་མ་འདས་པ་འདྲ།

(4)

        སྐར་ཆུང་ལྷ་ཁང་ནི་ཁྲི་ལྡེ་སྲོང་བཙན་གྱི་བཞེངས་པའི་ལྷ་ཁང་ཞིག་ཡིན་ལ། འདི་ནི་དགེ་བ་ཁོ་ནའི་ཆེད་དུ་བཞེངས་པ་འདྲ། ཁོང་གི་ལྷ་ཁང་མང་བོ་བཞེངས་ཡོད་མོད། ལ་ལ་རིག་གནས་ཀྱི་ཆེད་དུ་བཞེངས་ཤིང་ལ་ལ་ཆབ་སྲིད་ཀྱི་ཆེད་དུ་བཞེངས་པ་འདྲ། ད་ཐེངས་བདག་འགྲོ་མ་ཐུབ་པའི་འུ་ཤིང་དོ་ནི་རིག་གནས་ཀྱི་ཆེད་དུ་བཞེངས་པ་འདྲ། འདི་ནི་ངའི་བསམ་བློའི་འཁྱེར་ཕྱོགས་ཤིག་ཡིན།
        གོ་ཐོས་ལ་སྐར་ཆུང་ལྷ་ཁང་ནི་ལྷ་ས་སྐྱིད་ཆུའི་ལྷོ་ངོས་ར་མ་སྒང་དུ་ཡོད་ཅེས་མི་རིགས་གཞན་པའི་བྲིས་པའི་ངོ་སྤྲོད་དུ་འདུག་ཀྱང༌། བདག་གིས་ར་མ་སྒང་གང་དུ་ཡོད་ཅེས་ལྷ་ས་བ་མང་བོ་ཞིག་ལ་དྲིས་ཀྱང་ན་གཞོན་ཚོས་ར་མོ་ཆེ་ཡིན་ངེས་ར་མ་སྒང་ཟེར་བ་ཞིག་མེད་ཟེར། སངས་རྒྱས་དགོན་པ་ཞེས་པ་བསམ་ཡས་དགོན་པ་ཡོད་པ་མ་གཏོགས་སངས་རྒྱས་དགོན་པ་ཞིག་མེད་ཟེར། བདག་གིས་ས་ཁྲ་དང་གནས་ཡིག་ལ་བསྟུན་ནས་རྒན་པོ་ཞིག་དྲི་བ་བཅས་བྱས་ནས་ར་མ་སྒང་ནི་མེ་འཁོར་ས་ཚིགས་སུ་ཡོད་པ་ཤེས་བྱུང༌།
        གླ་འཁོར་ཞིག་ལ་བསྡད་ནས་ར་མ་སྒང་གྲོང་ཚོ་ལ་འགྲོ་རྒྱུ་ཞེས་བཤད་པས་ར་མ་སྒང་ཟེར་བ་ཞིག་མེད་ཟེར། འོ་ན་མེ་འཁོར་ས་ཚིགས་ཀྱི་བོད་ཀྱི་སྡེ་བ་ཞིག་ལ་སྐྱོལ་ཅེས་པས་སྡེ་བ་ཞིག་ལ་བསྐྱེལ་སོང༌། དེ་ནས་དྲིས་པས་མ་བསམ་ནས་ར་མ་སྒང་ལ་སླེབས་འདུག
        ད་ལྟ་སྔོན་གྱི་ལྷ་ཁང་ཞིག་པའི་ཤུལ་ཀྱང་མི་མཐོང་ལ་རྗེས་སུ་འདིར་སངས་རྒྱས་དགོན་པ་ཞེས་པའི་བཙུན་པའི་དགོན་པ་ཞིག་བཏབ་པའི་རྗེས་ཀྱང་རྙེད་མི་ཐུབ། ཡིན་ན་ཡང༌། ད་ལྟ་འདི་རུ་སྐར་ཆུང་ལྷ་ཁང་བསྐྱར་བཞེངས་བྱེད་ཀྱིན་འདུག དགོན་འདིའི་ཨ་ཁུ་བློ་བཟང་ཆོས་འཕེལ་གྱིས་བདག་ལ་འདིའི་སྐོར་ངོ་སྤྲོད་བྱས་པས། ད་གཟོད་ར་མ་སྒང་མི་རྙེད་པའི་གནས་ཚུལ་ཤེས་སོང༌། དགོན་པ་འདི་འབྲས་སྤུངས་དགོན་པའི་མདུན་ཐད་དུ་ཡོད་ཅིང༌། སྔོན་ཆད་སྡེ་བ་གཞུང་གི་དགོན་པ་ཡིན། 1968ལོར་བཤིགས་ཤིང༌། 1997ལོར་སླར་བཞེངས་བྱས། སྔོན་ཆད་དགོན་འདི་ར་མ་སྒང་གྲོང་ཚོའི་དཀྱིལ་ན་ཡོད་ཀྱང་ད་ལྟ་གྲོང་ཁྱེར་འཛུགས་སྐུན་གྱི་ཆེད་དུ་གྲོང་ཚོ་གཞན་དུ་སྤོ་རུ་བཅུག ད་ལྟ་གནས་ཆུང་ངུ་ཞིག་ལས་མི་དབང་ལ་བསྐྱར་བཞེངས་བྱེད་པའི་འགྲོ་གྲོན་ཡང་དམངས་ཚོགས་ཀྱིས་ཕུལ་བ་ཡིན། ང་ཚོས་ཨུ་ཚུགས་ཀྱིས་གནའ་བོའི་གནས་འདི་སྲུང་བཞིན་ཡོད་གསུངས།
        སྐར་ཆུང་ལྷ་ཁང་གཙུག་ལག་ཁང་གི་མདུན་གྱི་རྡོ་རིང་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་འཇིང་ཡོན་གྱིས་དཀར་ཆུང་ལྷ་ཁང་ནང་བའི་ཆོས་ལུགས་སྲུང་སྐྱོབ་བྱེད་པའི་ཆེད་དུ་སྤྱི་ལོ789—815ལོའི་བར་གྱི་ལོ་ཞིག་ལ་བཙུགས་པའི་རྡོ་རིང་ཞིག་རེད། ད་ལྟ་འདི་ན་མཆོད་མཇལ་ཅི་ཡང་མི་འདུག་ནའང༌། བདག་སྐར་ཆུང་ལྷ་ཁང་འགྲོ་བ་ནི་མཇལ་བའི་ཆེད་ཁོ་ན་མ་ཡིན་པར་འདི་ན་ལོ་རྒྱུས་ཀྱི་བདེན་དཔང་དུ་བཞུགས་པའི་རྡོ་རིང་དེར་མཇལ་བའི་ཆེད་དུ་ཡིན། དེ་བས་ངས་ཁོང་ལ་རྡོ་རིང་གི་སྐོར་དྲིས་པ་ཡིན།
        རྡོ་རིང་འདི་ལ་མཁས་པ་མང་བོས་ཞིབ་འཇུག་བྱས་མྱོང་ལ། ལྷག་པར་མཁས་པའི་དབང་བོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། དཀར་ཆུང་ལྷ་ཁང་གི་རྡོ་རིང་ཡི་གེ་འདིར་གཤམ་གསལ་གནད་དོན་ཁག་ལྔ་གསལ་བཤད་བྱས་པ་སྟེ། (1)རྒྱལ་བོ་ཁྲི་ལྡེ་སྲོང་བཙན་གྱིས་སངས་རྒྱས་ཆོས་ལུགས་མུ་མཐུད་དུ་སྲུང་སྐྱོབ་བྱས་པ། (2)ཁོང་གི་ཡབ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྲག་དམར་གྱི་བསམ་ཡས་གཙུག་ལག་ཁང་བཞེངས་པ། (3)རྒྱལ་བོ་ཁྲི་ལྡེ་སྲོང་བཙན་རང་ཉིད་ཀྱིས་རྒྱལ་སྡེ་དཀར་ཆུང་ལྷ་ཁང་བཞེངས་པ། (4)རབ་བྱུང་གི་ནང་ནས་ཆོས་ལ་མཁས་ཤིང་ནུས་པ་ཡོད་པ་ཞིག་འདེམས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཚབ་མཁན་པོར་བསྐོ་དགོས་པ་དང༌། ཁོང་ལ་ཆོས་ལུགས་ཀྱི་ལས་དོན་ཐད་དབང་ཆ་ཚང་མ་ཡོད་པ། (5)ཡབ་དང་མེས་པོའི་དུས་སུ་དཀོན་མཆོག་གསུམ་གྱི་མཆོད་རྒྱུན་དུ་གནང་བའི་ལྷ་འབངས་དང་རྒྱུ་ནོར་རྣམས་མུ་མཐུད་ནས་སྲུང་སྐྱོབ་འགན་ལེན་བྱེད་རྒྱུ་བཅས་འཁོད་ཡོད་ཅེས་གསུངས།
        ཡིན་ན་ཡང༌། ཨ་ཁུ་འདིས་བདག་ལ་བཤད་པ་ནི་ཡིད་སྐྱོ་བའི་གཏམ་རྒྱུད་ཅིག་ཡིན། རིག་གསར་གྱི་དུས་སུ་གཙུག་ལག་ཁང་བཤིག་ཅིང་རྡོ་རིང་གཏོར། རྡོ་རིང་ཆག་དུམ་འདི་རེད་ཅེས་བདག་མེད་དུ་ལུས་པའི་རྡོ་དུམ་འགའ་ཕྱོགས་གཅིག་ཏུ་སྤུངས་འདུག རྗེས་སུ་པོ་ཏ་ལའི་སྐུ་ཞབས་གཡུ་རྒྱལ་གྱིས་ཆག་གྲུམ་དུ་གྱུར་པ་དེ་དག་ནོར་བུའི་གླིང་ཀའི་ནང་དུ་རྙེད་པ་རེད་ཟེར། ཁོང་གིས་བདག་རྡོ་རིང་གི་ར་སྐོར་ཆུང་བ་དེར་ཁྲིད། དེ་ནི་རྩྭ་ཡན་གྱི་ཁྲོད་དུ་རྡོ་རིང་གི་ཆག་གྲུམ་འགའ་ཞིག་གཡས་ལོག་གཡོན་ལོག་ཏུ་འདུག་པ་མཐོང༌། ངའི་སྣང་བ་ཞིག་ལ་བོད་ཀྱི་ལོ་རྒྱུས་གསོན་པོ་ཞིག་དམར་གསོད་བྱས་འདུག་སྙམ་ཏེ་ཕངས་སེམས་ཤིག་དབང་མེད་དུ་སྐྱེས་བྱུང༌།

(5)

        རྒྱ་བོད་མཇལ་འདུམ་རྡོ་རིང་ནི་བོད་ཀྱི་རྡོ་རིང་དག་ལས་ཆེས་དམིགས་བསལ་གྱི་རྡོ་རིང་ཞིག་ཡིན་ལ། ད་ལྟ་གཙུག་ལག་ཁང་གི་མདུན་དུ་ར་བ་བསྐོར་ནས་བཞག་ཡོད། གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡང་ཟེར་ཞིང་རྒྱའི་མཁས་པ་དག་གིས་དེ་ལ་ཁྲང་ཆིན་རྡོ་རིང་ཡང་ཟེར་ཞིང་ལ་ལས་དབོན་ཞང་རྡོ་རིང་ཟེར། འོན་ཀྱང་དོན་ངོ་མར་བོད་རང་གིས་རྒྱ་བོད་མཇལ་འདུམ་རྡོ་རིང་ཞེས་གནའ་བོའི་ཡིག་ཚང་དུ་བཀོད་འདུག་པས་ང་ཚོས་མུ་མཐུད་དུ་མིང་དེ་སྤྱད་དགོས་པ་ཡིན། དེ་ནི་བོད་ཀྱི་བཙན་པོ་ཁྲི་རལ་བ་ཅན་དང་ཐང་རྒྱལ་རབས་ཀྱི་གོང་མ་མུའུ་ཚུང་གཉིས་མཉམ་དུ་ཆིངས་བསྒྲིགས་ནས་བཙུགས་པ་ཞིག་རེད།
        རྡོ་རིང་དེའི་མཐོ་ཚད་ལ་མུས4.78དང་ཞེང་ཚད་ལ0.95མཐུག་ཚད་ལ་མུས0.50ཡོང༌། རྡོ་རིང་གི་རྩེ་མོར་ཆར་ཁེབས་དང་ཏོག་ཡོད་ཅིང༌། ངོས་བཞིར་ཡི་གེ་བཀོད་ཡོད་པ་སྟེ། ནུབ་ངོས་སུ་བོད་རྒྱ་ཤན་སྦྱོར་གྱི་ཡི་གེ་ཡོད་ཅིང༌། དེའི་གཡོན་ངོས་སུ་བོད་ཡིག་དབུ་ཅན་ཡིག་ཕྲེང77དང་གཡས་ངོས་སུ་རྒྱ་ཡིག་གི་ཡིག་ཕྲེང6ཡོད། བྱང་ངོས་སུ་བོད་ཕྱོགས་ཀྱི་གནའ་གན་འཇོག་པར་ཞུགས་མཁན་དཔོན་རིགས་བཅུ་བདུན་གྱི་མིང་ཐོ་དེ་རྒྱ་བོད་ཤན་སྦྱར་གྱི་ཡི་གེར་བཀོད་ཡོད། ལྷོ་ཕྱོགས་སུ་རྒྱ་ཕྱོགས་ཀྱི་མནའ་གན་འཇོག་མཁན་དཔོན་རིགས་བཅོ་བརྒྱད་ཀྱི་མིང་ཐོ་བཀོད་ཡོད། ཤར་ངོས་སུ་བོད་ཡིག་རྐྱང་རྐྱང་བཀོད་པ་ལས་རྒྱ་ཡིག་བཀོད་མེད།
        དེ་ཡང་སྤྱི་ལོ821ལོར་བོད་རྒྱ་གཉིས་ནས་ཁྲང་ཨན་དུ་མནའ་གན་བཞག་ཅིང༌། དེ་ནས་སྤྱི་ལོ822ལོར་ཡང་བོད་རྒྱ་གཉིས་ནས་ལྷ་སར་མནའ་གན་བཞག སྤྱི་ལོ823ལོར་རྡོ་རིང་དེ་ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་ཇོ་བོའི་དབུ་སྐྲ་ཟེར་བའི་རྒྱ་ལྕང་གི་འཁྲིས་སུ་བཙུགས། དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས་དབོན་ཞང་གི་རྡོ་རིང་གི་རིན་ཐང་ཐད་ལ་འདི་ལྟར་གསུངས་ཏེ། (1)རྡོ་རིང་ཡི་གེའི་ནང་གི་གཉིས་པ་དང༌། སྐད་གྲགས་ཆེ་བའི་དབང་གིས་དང་བོར་བཞག་པའི་ཁྲང་ཆིང་མཐུན་འབྲེལ་རྡོ་རིང་འདིས་གསལ་བཤད་བྱས་པའི་དོན་གནད་དགུ་སྟེ། (1)ཐང་བོད་གཉིས་བར་དམག་འཁྲུག་ཐེངས་མང་བྱུང་ཡང་དེས་ཐང་བོད་གཉིས་ཀྱི་མཐུན་སྒྲིལ་རྩ་བ་ནས་གཏོར་ཐུབ་མེད་པ། (2)སྐབས་དེའི་བོད་ཀྱི་རྒྱལ་བློན་ཚོའི་མནའ་བཞག་བྱེད་སྟངས། (3)རྒྱ་བཟའ་འུན་ཁྲིན་ཀོང་ཇོ་དང་ཅིན་ཁྲིན་ཀོང་ཇོ་བོད་དུ་རྒྱལ་བོའི་བཙུན་མོར་བརྫངས་པའི་ལོ་གསལ་བོར་འཁོད་པ། (4)རྒྱལ་བོ་ཁྲི་ལྡེ་སྲོང་བཙན(སད་ན་ལེགས)གྱི་སྲས། རྒྱལ་བོ་ཁྲི་གཙུག་ལྡེ་བཙན(རལ་བ་ཅན)ཡིན་པ། (5)རྒྱལ་བོ་ཁྲི་ལྡེ་སྲོང་བཙན་གྱིས་སྲིད་དབང་བསྒྱུར་བའི་རིང་ཐང་རྒྱལ་རབས་ཀྱི་གོང་མ་མི་རབས་གསུམ་བྱུང་བ་དང༌། ཕན་ཚུན་མཐུན་འབྲེལ་ལེགས་པོ་བྱུང་བའི་དབང་གིས་བཀའ་གཙིགས་བཞག་མ་ཐུབ་པར་ལུས་པ། (6)ཐང་རྒྱལ་རབས་ཀྱི་ཁྲི་ལོ་དང༌། རྒྱལ་བོ་ཁྲི་གཙུག་ལྡེ་བཙན་གྱི་སྲིད་ལོ་ཤན་སྦྱར་ཁག་གསུམ་བཀོད་ཡོད་པ། (7)སྐབས་དེའི་ཐང་རྒྱལ་རབས་དང་བོད་ཀྱི་རྒྱལ་བོའི་བར་གྱི་འབྲེལ་བ་ངོ་མ་དེ་གང་ཡིན་གསལ་བཤད་བྱས་ཡོད་པ། (8)མཐུན་འབྲེལ་ཆིངས་ཡིག་འཇོག་སྐབས་སུ་ཞུགས་པའི་ཐང་བོད་རྒྱལ་རབས་གཉིས་ཀའི་ཞི་དྲག་བློན་ཆེན་སོ་སོའི་གོ་གནས་ཀྱི་རིམ་པ་དང་མིང་བཅས་རྒྱ་བོད་ཤན་སྦྱར་དུ་བཀོད་པ། (9)བོད་ཡིག་ཐོག་བཀོད་པའི་བཀའ་གཙིགས་ཀྱི་ནང་དོན་རྣམས་རྒྱ་ཡིག་ཐོག་ཏུ་ཡང་ཆ་ཚང་བར་བཀོད་ཡོད་པ་བཅས་སོ། །
        ཕངས་པ་ཞིག་ལ་ད་ལྟ་རྡོ་རིང་གཞན་གཉིས་མི་འདུག1954ལོར་མཚོ་སྔོན་གྱི་བླ་མ་དཔོན་པོ་དག་ནུབ་བྱང་ཅུན་གྱིས་རྒྱལ་ནང་ལ་ལྟ་སྐོར་ཁྲིད་དུས་ཁྲང་ཨན་གྱི་དེའུ་འབུར་ཞིག་གི་སྟེང་དུ་རྡོ་རིང་ཞིག་གི་མཐའ་སྐོར་ལ་ལྕགས་དྲས་བསྐོར་ཡོད་པ་དེ་རྒྱ་མི་ཚོར་དྲིས་རྒྱ་བོད་ཀྱི་ས་མཚམས་ཀྱི་རྡོ་རིང་ཡིན་ཟེར། འོན་ཀྱང1958ལོར་སླར་ཡང་ལྟ་སྐོར་ལ་ཁྲིད་དུས་ས་ཆ་དེར་སོང་མོད་རྡོ་རིང་དེ་མི་འདུག་ཟེར། དེ་ནི་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་ཡོད་པའི་རྡོ་རིང་དེ་ཡིནསྲིད། གཞན་པའི་རྡོ་རིང་གཅིག་ནི་རྒྱ་བོད་གཉིས་ཀྱི་ས་མཚམས་གུང་གི་རྨེ་རུར་བཙུགས་ཡོད་ཀྱང་ད་ལྟ་བསྡད་མེད། གུང་གི་རྨེ་རུ་ཞེས་པ་ཡང་ངོས་འཛིན་པ་མི་མཐུན་པ་དུ་མ་ཡོད་དེ། མཁས་པ་ལ་ལས་ཀ་ཆུ་མཆོད་རྟེན་དཀར་བོ་དང་ལ་ལས་ཁྲི་ཀར་ངོས་འཛིན་ལ། ཅོ་ནེ་བསྟན་འགྱུར་གྱི་དཀར་ཆག་ཏུ་ཧྲན་ཞི་ཕྱོགས་ན་ཡོད་པར་བཤད།
        རྡོ་རིང་དེར་ཐང་བོད་གཉིས་ཆབ་སྲིད་དུས་གཅིག་ཏུ་འཛོམས་ནས་གྲོས་མོལ་བྱས་ཏེ། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་བཙན་པོ་དབོན་ཞང་གཉིས་ལས་མེད་དོ་ཞེས་པའི་མནའ་ཚིག་དང༌། ཕྱིན་ཆད་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། ས་མཚམས་ཡན་ཆད་ཕན་ཚུན་ལ་དམག་མི་དྲངས། གལ་ཏེ་དམག་དྲངས་ན་དམག་དྲངས་མཁན་དེ་ཕུང་བར་གྱུར་ཅིག་ཅེས་སོགས་མནའ་ཚིག་རྡོ་ལ་བརྐོས་ཡོད། རྡོ་རིང་འདི་བཙུགས་ནས་ད་བར་མི་ལོ་1177ལྷག་གི་ལོ་རྒྱུས་ཡོད་ལ་དེང་སང་ཡང་མཇལ་རྒྱུ་ཡོད།
        རྗེས་མར་ལོ་རྒྱུས་ལ་འགྱུར་བ་གང་མང་བྱུང་ནས་རྒྱ་བོད་སུས་ཀྱང་རྡོ་རིང་དུ་བཀོད་པའི་དམ་བཅའ་ལ་སུས་ཀྱང་བརྩི་སྲུང་བྱེད་ཀྱིན་མེད་ན་ཡང་དབོན་ཞང་རྡོ་རིང་འདི་ད་དུང་ལོ་རྒྱུས་ཀྱི་བདེན་དཔང་དུ་ཀྲོང་ངེར་ལངས་འདུག ར་བ་ཞིག་གིས་མཐའ་སྐོར་བའི་རྡོ་རིང་འདིའི་མདུན་དུ་སོང་ནས་ཡི་གེ་ཀློག་པའི་སྐལ་བ་མ་བྱུང་བས་རྒྱང་མཇལ་རེ་བྱས་ནས་སྟོང་འདང་རེ་རྒྱག་པ་ལས་ཐབས་གཞན་རྙེད་མ་སོང༌།

(6)

        པོ་ཏ་ལར་མཇལ་བ་ནི་བོད་མི་དག་གི་རེ་བ་ཉག་གཅིག་རེད། འོན་ཀྱང་པོ་ཏ་ལར་སྒོ་ཆེན་གྱི་གཡས་གཡོན་དུ་ཁང་སེར་གཉིས་ཡོད་པ་ལ་དོ་སྣང་བྱེད་མཁན་བོད་མི་ཕལ་ཆེར་ཡོད་མི་སྲིད། འོན་ཀྱང་རྒྱའི་མཁས་པ་དག་གིས་བོད་ཀྱི་ལོ་རྒྱུས་འབྲི་དུས་དེ་ནི་ཆེས་གལ་ཆེ་བ་ཞིག་ཡིན།
        ཞོལ་ལ་འགྲོ་དུས་ངས་དེ་གར་ལྕམ་མོ་རྡོར་དབྱིངས་ལ་སྒུག་ནས་ཅུང་བསྡད་པ་ཡིན། རྒྱ་མི་ལྟ་སྐོར་བ་དག་གིས་མིག་ཅེར་ནས་ལྟ་བ་བཞིན་དུ་བདག་གིས་ཀྱང་མིག་ཅེར་ནས་བལྟས་ཏེ་དེའི་ཡི་གེ་ཀློག་ཐུབ་མིན་ལ་བལྟས་པ་ཡིན། བོད་བཙན་པོའི་རྡོ་རིང་ལས་ཀྱང་སྐྱིད་པོར་སྡོད་པའི་རྡོ་རིང་དེ་གཉིས་ནི་བོད་ཀྱི་ཁང་སེར་རྡོ་རིང་ཞེས་འབོད་པ་དེ་གཉིས་རེད། དེ་སྔོན་ཆད་པོ་ཏ་ལའི་གཞུང་ལམ་ལྷོ་ངོས་སུ་ཡོད། སྤྱི་ལོ1965ལོར་སྣང་ཆུང་ལྟ་བུས་ཀླུ་ཁང་ནང་དུ་སྤོས།
        ཁང་སེར་རྡོ་རིང་ཤར་མ་དེ་རུས་སྦལ་སྒལ་བའི་སྟེང་རྡོ་ལེབ་ཀྱི་མདུན་ངོས་གཡས་ཕྱོགས་སུ་རྒྱ་ཡིག་དང༌། གཡོན་ཕྱོགས་སུ་བོད་ཡིག རྒྱབ་ངོས་གཡས་ཕྱོགས་སུ་སོག་ཡིག གཡོན་ཕྱོགས་སུ་མན་ཇུའི་ཡི་གེ་བཅས་བཀོད་ཡོད། དེ་ནི1721ལོར་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་བརྩམས་ཤིང༌། 1724ལོར་གོང་མ་ཡུང་ཀྲེང་གིས་རྡོར་ཡི་གེ་བརྐོས་ཏེ་བཙུགས། ནང་དོན་གཙོ་བོ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིའི་ཡིས་བོད་ལ་དམག་རོགས་གནང་ནས་སོག་པོ་ཅིན་གར་བ་བོད་ནས་མཐར་སྐྲོད་བཏང་ནས་བོད་ལ་དུས་བདེ་ཞི་འཇམ་བྱུང་བའི་སྐོར་ཡིན།
        རྒྱལ་དབང་སྐུ་ཕྲེང་ལྔ་བ་གཤེགས་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་སྐྱོང་དུས། ལྷ་བཟང་ཁང་གིས་སྡེ་སྲིད་བཀྲོངས། 1706ལོར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབ་སྟེ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་པོ་ཏ་ལར་ཁྲིར་བཀོད། ལྷ་བཟང་ཁང་གིས་ལོ་བཅུ་གཉིས་ཙམ་སྲིད་བཟུང་མཐར་སོག་པོ་ཅིན་གར་ཚེ་དབང་རབ་བརྟན་གྱིས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཁྲིར་འགོད་པ་དང་ལྷ་བཟང་གི་བུ་ལ་ཁོའི་བུ་མོ་བག་མར་སྐྱེལ་ཁུལ་གྱིས་དམག་དྲངས། 1717དགེ་ལུགས་པའི་གྲུབ་མཐའ་སྲུང་སྐྱོབ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགྲ་ཤ་ལེན་དགོས་ཞེས་ལྷ་སར་དཔུང་འཇུག་བྱས། རྒྱལ་བོ་ལྷ་བཟང་བཀྲོངས་ཤིང་རྙིང་མའི་བླ་མ་གྲགས་ཅན་མང་བོ་བཀྲོངས། དགོན་སྡེ་མང་བོ་གཏོར། རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཁྲིར་འཁོད་དུས་མན་ཇུ་དམག་དང་ཨ་མདོ་བོད་སོག་གིས་སྐྱེལ་མ་བྱས་ནས་ལྷ་སར་འབྱོར། བོད་ནས་ང་ལུམ་སྦྱར་གསུམ་གྱིས་དམག་དྲངས་ཏེ་ཅིན་གར་བར་རྒོལ་བ་ལས་ཅིན་གར་བ་གཡུལ་མ་བྱས་པར་ཕྱིར་ལོག་པས་གོང་མ་ཁང་ཞིས་དམག་མངགས་ནས་ཅིན་གུར་བ་མཐར་སྐྲོད་བཏང་བས་བོད་ཀྱི་སྤྱི་ཚོགས་དུས་བདེ་ཞི་འཇགས་བྱུང་ཞེས་བཀོད་ཡོད།
        རྡོ་རིང་ནུབ་མའི་འགོ་ཡིག་ཏུ་ཆན་ལུང་གིས་བཙུགས་པ་ཞེས་ཡོད་པ་དེའི་མདུན་ངོས་སུ་རྒྱ་ཡིག་དང་མན་ཇུའི་ཡི་གེ རྒྱབ་ངོས་སུ་བོད་ཡིག་དང་སོག་ཡིག་བཅས་བརྐོས། དེའི་བརྗོད་བྱ་ནི1791ལོར་བླ་མ་ཞྭ་དམར་ཟེར་བས་དཀྲུག་རྐྱེན་འོག་གོར་ཥ་བོད་ལ་བཙན་འཛུལ་བྱས་ནས་གོར་དམག་གཙང་གཞིས་ཀ་རྩེར་ལྷགས་ཏེ་བཀྲ་ཤིས་ལྷུན་པོ་དགོན་གྱི་རྩ་ཆེའི་སྐུ་ཆས་དང༌། ལྷ་ཁང་ཁག་གི་སྐུ་འདྲའི་དབུ་རྒྱན། སྙན་རྒྱན། ཕྲ་རྒྱན། སྐུ་གདུང་གི་ཕྲ་རྒྱན། གསེར་ཀོང༌། མཆོད་ཆས་སོགས་འཕྲོག་བཅོམ་དང༌། གཞིས་རྩེ་རྫོང་དང༌། གྲོང་ཁྱེར་ནང་གི་འབྱོར་ལྡན་ཁྱིམ་ཚང་དང༌། ཚོང་བ་སོགས་ཀྱི་རྒྱུ་ནོར་འཕྲོག་བཅོམ་ཚད་མེད་དང༌། མི་བསད་རྟ་འགྱེལ་གྱི་ནག་ཉེས་ནམ་མཁར་མི་ཤོང་བའི་ནག་ཉེས་བསགས་པར་བརྟེན་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་མཁྱེན་ནས་དགོངས་བཞེས་བླ་མེད་ཀྱིས་ནང་བློན་ཕུ་ཟི་ཀྲུང་ཐང་བོད་དུ་དམག་རོགས་བཏང་ནས་གོར་ཥ་མཐར་སྐྲོད་བཏང་ཚུལ་དང༌། ཕུ་ཟི་ཀྲུང་ཐང་གིས་བྱས་རྗེས་ཆེན་པོ་བཅུ་བཞག་པའི་སྐོར་བཀོད་ཡོད། རྡོ་རིང་དེ་ནི་གནམ་གྱི་ལྷ་ཁྲི་ལོ་ལྔ་བཅུ་ང་བདུན་དགུན་ཟླའི་ཟླ་བ་དང་བོའི་ཚེས་སྟོད་དང༌། ཆུ་ཕོ་བྱི་བའི་ལོ་ལ་བྲིས་ཞེས་གསལ།
        གོ་ཐོས་ལྟར་ན་རྡོ་རིང་དེ་གཉིས་སྔོན་ཆད་པོ་ཏ་ལའི་མདུན་དུ་བསླངས་ཡོད་ཀྱང་རྗེས་སུ་རྫོང་རྒྱབ་ཀླུ་ཁང་དུ་སྤོས། ལོ་རབས་དགུ་བཅུ་བའི་ནང་དུ་རྒྱལ་ཁབ་ཀྱིས་སྒོར་ཁྲི་བཅོ་བརྒྱད་བཏང་ནས་ཕྱིར་པོ་ཏ་ལའི་མདུན་དུ་སྤོས།

(7)

        ལྷ་འབྲུམ་རྡོ་རིང་ནི་ཇོ་ཁང་གི་མདུན་གྱི་ལྷོ་ངོས་སུ་ཡོད་པའི་རྡོ་རིང་དེ་ཡིན། 1794ལོར་བོད་དུ་འབྲུམ་ནད་ཚབས་ཆེན་སླེབས་ནས་མི་མང་བོ་ཤི་སྟེ་ནད་པ་རྣམས་རི་ཁུག་ཏུ་ཕུད་ནས་བཀྲེས་སྐོམ་གྱིས་མནར་བཞིན་འཆི་བར་སྒུག་དགོས་པའི་ཚད་ལ་སླེབས།
        རྡོ་རིང་འདི་ནི་སྐབས་དེར་སྨན་བཅོས་བྱས་ཏེ་ནད་པ་སྐོར་ཞིག་དྲག་པ་ལ་བརྟེན་ནས་བཙུགས་པ་ཞིག་སྟེ། བོད་སྡོད་ཨམ་བན་ཧྭ་ལིང(和琳)གིས། བོད་མིར་ལྷ་འབྲུམ་འགོག་པའི་སྨན་ཁང་གཟུགས་དགོས་ཚུལ་དང༌། དེ་མིན་རྒྱལ་དབང་རིན་པོ་ཆེར་ཞུས་ནས་ཕྱུག་པོ་དག་གིས་བཟའ་བཏུང་གོས་སོགས་ཞལ་འདེབས་རྒྱག་རྒྱུའི་སྐུལ་སློང་དང༌། རི་ཁུག་ཏུ་ནད་ཁང་འགའ་གསར་རྒྱག སྨན་བཅོས་མི་སྣ་མངགས་བཏང་ནས་ནད་པ་ཁག་གཅིག་ནད་གཞི་དྲག་བསྐྱེད་བྱུང་བ་སོགས་ཀྱི་ཕན་འབྲས་ཐོན་པའི་ལོ་རྒྱུས་དང༌། བོད་མི་འདས་རྗེས་ཕུང་བོ་བྱ་གཏོར་སོགས་ཀྱི་ལམ་ལུགས་བཅོས་བསྒྱུར་བྱ་དགོས་ལུགས་འཁོད་ཡོད།
        རྡོ་རིང་འདིའི་ཡི་གེ་དངོས་སུ་ཀློག་པའི་སྐལ་བ་བྱུང༌། འོན་ཀྱང་སེམས་ཚུལ་གཞན་གང་ཡང་མ་བྱུང༌། རྒྱ་རིགས་འཇིགས་སུ་རུང་བའི་གོམས་སྲོལ་ཏེ་བྱ་གཡེང་གི་ནང་དུ་རྔམ་མཐུག་པའི་རིག་གནས་ཤིག་ཡོད་པ་ཤེས་མེད་པ་རེད། ད་ལྟ་ཡང་ཁོ་ཚོས་འཇིགས་སུ་རུང་བར་འཛིན་གྱི་ཡོད།
        རྡོ་རིང་དེ་ལས་བྱ་གཡེང་བྱེད་པ་ནི་བླུན་རྨོངས་ཐ་ཤལ་གྱི་བྱ་སྤྱོད་ཅིག་ཏུ་ངོས་བཟུང་ནས་ཕྱིན་ཆད་དུར་སྦས་བྱ་དགོས་པའི་ཁྲིམས་བཅས་ཏེ། གལ་ཏེ་ལག་བསྟར་མི་བྱེད་མཁན་ཡོད་ན་དམར་གསོད་གཏོང་དགོས་ཞེས་སྐད་ཆ་འཇིགས་པོ་བཤད་ཡོད། འོན་ཀྱང་ཁོའི་སྐད་ཆ་དེའི་ནུས་པ་ཅུང་ཟད་ཙམ་ཡང་བྱུང་མི་འདུག་སྟེ། རྒྱུ་མཚན་ནི་ཁོའི་སྐད་ཆ་དེའི་གོམས་སྲོལ་ཞིག་ལ་རྒོལ་བ་མ་ཟད། གཞུང་ལུགས་བསྒྱུར་དུ་མེད་པའི་ཆོས་ལུགས་ལ་ངོ་རྒོལ་བྱས་པ་ཞིག་ཀྱང་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...