སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ལོ་རྒྱུས་རྒྱུན་ཤེས་གཞོན་ནུའི་མགུལ་རྒྱན་མེ་ཏོག་ཕྲེང་བ།
རྩོམ་པ་པོ། བྱམས་རྡོར་དང་གངས་དབང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-1-28 9:03:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
༡༨༠ ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཕག་གྲུ་སྡེ་སྲིད་ཀྱི་སྲིད་དབང་དངོས་སུ་བསྒྱུར་རྗེས་བོད་ཁམས་སྤྱི་ལ་ཕན་པའི་མཛད་འཕྲིན་གང་འདྲ་བསྐྱངས།
     ༡ དཔོན་ཆེན་གྱི་གོ་གནས་མེད་པར་བཟོས་ནས་སྡེ་སྲིད་ཀྱི་བཙུགས། ༢ ཁྲི་སྐོར་བཅུ་གསུམ་གྱི་ལམ་ལུགས་མེད་པར་བྱས་ཏེ་རྫོང་ཆེན་གསར་བཙུགས་དང་རྫོང་དཔོན་བསྐོ་བཞག་ལག་ལེན་བསྟར། ༣ སྲིད་འཛིན་སྒྲིག་གཞི་དང་ཁྲིམས་ལུགས་སོགས་ལ་གསར་བཅོས་མཛད། ༤ ཆོས་གྲྭ་ཆེན་པོ་རྩེད་ཐང་ཕྱག་འདེབས་མཛད། ༥ རི་རྒྱ་ཀླུང་རྒྱ་བསྡམས་ཤིང་ཆུ་ཆེན་ལ་ཟམ་པ་དང་ཀོ་གྲུ་གསར་འཛུགས་བྱས།༦ཞལ་ལྕེ་བཅོ་ལྔ་སོགས་ཁྲིམས་ལུགས་གཏན་འབེབས་མཛད།
༡༨༡ ཕག་གྲུ་སྡེ་སྲིད་ཀྱི་དུས་སུ་དགེ་ལུགས་པའི་དགོན་སྡེ་ཇི་ལྟར་བཏབ།
     ཕག་གྲུའི་སྲིད་རབས་ལྔ་བ་མི་དབང་གྲགས་པ་རྒྱལ་མཚན་ཁོང་ཉིད་དང་། དཔོན་ཆེན་ནམ་མཁའ་བཟང་པོ་གཉིས་ཀྱིས་མཉམ་མེད་ཙོང་ཁ་པ་ཆེན་པོ་གཙུག་གི་ནོར་བུར་བསྟེན་པ་ནས་བཟུང་། རྗེ་ཙོང་ཁ་པས་དགའ་ལྡན་དགོན་པ་བཏབ། རྗེ་ཙོང་ཁ་བའི་སློབ་མ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་འབྲས་སྤུངས་དགོན་པ་བཏབ། བྱམས་ཆེན་ཆོས་རྗེ་ཤྰཀྱ་ཡེ་ཤེས་ཀྱིས་སེ་ར་དགོན་པ་བཏབ། རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོའི་དགོན་པ་བཏབ།
༡༨༢ སྡེ་སྲིད་ཕག་མོ་གྲུ་པའི་རིང་བོད་ཀྱི་རིག་གནས་གོང་འཕེལ་ཆེན་པོ་ཕྱིན་ཡོད་པས་སྙན་ངག་གི་སྐོར་ལ་མཁས་པ་གང་གིས་རྩོམ་གྲགས་ཅན་གང་དག་མཛད།
     ཞྭ་ལུ་ཆོས་སྐྱོང་བཟང་པོས་མེ་ལོང་གནད་བསྡུས་དང་།སྣར་ཐང་པ་སམྦྷ་ཤྲིས་སྙན་འགྲེལ་བཀླགས་པས་དོན་ཐམས་ཅད་འགྲུབ་པ།རིན་སྤུངས་པ་ངག་དབང་འཇིག་གྲགས་ཀྱིས་སྙན་འགྲེལ་མི་འཇིགས་སེང་གེའི་ང་རོ།གཙང་སྨྱོན་ཧེ་རུ་ཀས་མི་ལའི་རྣམ་མགུར།ཙོང་ཁ་པ་ཆེན་པོས་རྟག་ཏུ་ངུའི་རྟོགས་བརྗོད། ཞང་ཞུང་ཆོས་དབང་གྲགས་པས་རྒྱལ་པོ་ར་མ་ཎའི་གཏམ་རྒྱུད་བཅས་བརྩམས་སོ། ༡༨༣སྡེ་སྲིད་ཕག་མོ་གྲུབ་པའི་རིང་བོད་ཀྱི་རིག་གནས་ལ་གོང་འཕེལ་ཆེན་པོ་ཕྱིན་ཡོད་པས་བརྡ་དག་གི་སྐོར་ལ་མཁས་པ་གང་གིས་གཞུང་གང་དག་མཛད། ཞྭ་ལུ་ལོ་ཙྭ་བ་ཆོས་སྐྱོང་བཟང་པོས་དག་ཡིག་ཟ་མ་ཏོག་མཛད།སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་བརྡ་གསར་རྙིང་གི་བསྟན་བཅོས་ལི་ཤིའི་གུང་ཁང་བརྩམས།དཔལ་ཁང་ཆོས་མཛད་ལོ་ཙྭ་བས་དག་ཡིག་ངག་སྒྲོན་བརྩམས།
༡༨༤ སྡེ་སྲིད་ཕག་མོ་གྲུ་པའི་རིང་བོད་ཀྱི་ལོ་རྒྱུས་མཁས་ཅན་དང་གྲགས་ཆེའི་ལོ་རྒྱུས་གཞུང་གང་དག་བྱུང་།
     བུ་སྟོན་རིན་ཆེན་གྲུབ་ཀྱི་བུ་སྟོན་ཆོས་འབྱུང་དང་།ཚལ་པ་ཀུན་དགའ་རྡོ་རྗེའི་དེབ་ཐེར་དམར་པོ།འགོས་ལོ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོ།དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་བྱུང་ངོ་།
༡༨༥ སྡེ་སྲིད་ཕག་མོ་གྲུ་པའི་སྐབས་སུ་བོད་ཀྱི་གསོ་བ་རིག་པ་ལ་གོང་འཕེལ་ཆེན་པོ་བྱུང་ཞིང་བྱང་ཟུར་ལུགས་གཉིས་གྱེས་པ་དེ་གང་ཡིན་ནམ།
      བྱང་བདག་རྣམ་རྒྱལ་གྲགས་བཟང་དང་ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་ལུགས་དེ་ཡིན།
༡༨༦ སྡེ་སྲིད་ཕག་མོ་གྲུ་པའི་སྐབས་ཆོས་ལུགས་གྲུབ་མཐའ་ཁག་ཅིག་གསར་དུ་དར་ཡོད་པས་གང་དག་རེད།
     སྐབས་དེར་དགེ་ལུགས་པ་དང་བུ་སྟོན་ལུགས།བོ་དོང་ལུགས་སོགས་གྲུབ་མཐའ་མི་འདྲ་བ་མང་པོ་གསར་དུ་དར།
༡༨༧ ཕག་མོ་གྲུ་པའི་རིང་འཛུགས་སྐྲུན་གྱི་ཕྱོགས་སུ་འཕེལ་རྒྱས་བྱང་ཚུལ་ཅི་འདྲ་ཡིན།
       དགོན་སྡེ་གསར་སྐྲུན་ཐད་དགེ་ལུགས་པའི་གདན་ས་ཆེན་པོ་བཞི་དང་། དཔལ་ལྡན་རྒྱུད་གྲྭ་སྟོད་སྨད། ངེར་ཨེ་ཝམ་ཆོས་སྡེ།རྒྱལ་རྩེ་དཔལ་འཁོར་ཆོས་སྡེ།རྩེད་ཐང་ཆོས་སྡེ། ཐུབ་བསྟན་རྣམ་རྒྱལ་གླིང་། ཐུབ་བསྟན་གསེར་མདོག་ཅན།ཆབ་མདོ་བྱམས་པ་གླིང་། ཁམས་དར་རྒྱས་དགོན། བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་། སྐུ་འབུམ་བྱམས་པ་གླིང་སོགས་དགོན་སྡེ་མང་པོ་ཕྱག་བཏབ། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་། བསམ་ཡས་སོགས་ཉམས་གསོ་བྱས།བཀྲ་ཤིས་ལྷུན་པོའི་འདུ་ཁང་ཆེན་མོའི་བྱམས་ཆེན་སོགས་སྐུ་གསུང་ཐུགས་རྟེན་ཇི་སྙེད་གསར་བཞེངས་མཛད།ཡར་ཀླུང་གཙང་པོའི་ཐོག་ཏུ་ལྕགས་ཟམ་ཐོག་མར་གསར་འཛུགས་དང་ཤིང་འཛུགས་དང་ནགས་བཟོའི་བྱ་བར་གཙིགས་ཆེན་བྱས།
༡༨༨ ཕག་གྲུའི་སྲིད་དབང་འཛིན་སྐབས་སྲིད་རབས་དུ་བྱུང་བ་རེད།
        ཁྲི་རབས་དང་པོ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ནས་ཁྲི་རབས་དགུ་པ་ངག་དབང་བཀྲ་ཤིས་གྲགས་པའི་བར་ཁྲི་རབས་དགུ་བྱུང་བ་རེད།
༡༨༩ རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གི་འཁྲུངས་འདས་དང་ཡབ་ཡུམ།འཁྲུངས་ཡུལ་བཅས་ཤོད་དང་།
     རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ནི་མདོ་སྨད་ཀྱི་སའི་ཆར་ཙོང་ཁ་ཞེས་པའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་ཀྱི་སྲས་སུ་སྤྱི་ལོ༡༣༥༧ལོར་འཁྲུངས་ཤིང་སྤྱི་ལོ༡༤༡༩ལོའི་བོད་ཟླ་བཅུ་པའི་ཚེས༢༥དགུང་ལོ་རེ་གསུམ་ལ་དགོངས་པ་རྫོགས།
༡༩༠ རྗེ་ཙོང་ཁ་པའི་མཛད་ཆེན་བཞི་དེ་གང་ཡིན།
    དགའ་ལྡན་དུ་སྒྲུབ་མཆོད་ཆེན་མོ་བཙུགས།རྫིང་ཕྱིང་དུ་བྱམས་པ་ཞིག་གསོ་མཛད།ལྷ་ལྡན་དུ་སྨོན་ལམ་ཆེན་མོབཙུགས། གཉའ་ནང་དུ་ལུང་རྭ་ཆེན་པོ་བཙུགས་པ་བཅས་སོ།།
༡༩༡ རྗེ་ཙོང་ཁ་པའི་ཐུགས་སྲས་གསུམ་དེ་གང་ཡིན་ནམ།
    རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་དགེ་འདུན་གྲུབ་བཅས་སོ།
༡༩༢ དགའ་ལྡན་ཁྲི་བ་དང་པོ་སུ་ཡིན་པ་དང་།ད་ལྟར་བཞུགས་པ་ནི་དགའ་ལྡན་ཁྲི་ཐོག་དུ་བ་ཡིན།
    དགའ་ལྡན་ཁྲི་བ་དང་པོ་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ཡིན་ལ། ད་ལྟར་བཞུགས་པ་ནི་དབའ་ལྡན་ཁྲི་ཐོག་བརྒྱ་དང་གཅིག་ཡིན།
༡༩༣ པཎ་ཆེན་སྐུ་ཕྲེང་དང་པོའི་མཚན་ལ་གང་གསོལ་བ་དང་། པཎ་ཆེན་སྐུ་ཕྲེང་དུ་བྱོན་པ་དང་གང་དག་རེད།
     པཎ་ཆེན་སྐུ་ཕྲེང་དང་པོའི་མཚན་ལ་མཁས་གྲུབ་དགེ་ལེགས་དཔལ་བཟང་ཞུ་བ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་ཕེབས་ཤིང་། དེ་དག་ནི༡མཁས་གྲུབ་དགེ་ལེགས་དཔལ་བཟང་། ༢བསོད་ནམས་ཕྱོགས་གླང་། ༣དབེན་ས་བློ་བཟང་དོན་གྲུབ། ༤བློ་བཟང་ཆོས་ཀྱི་རྒྱལ་མཚན། ༥བློ་བཟང་ཡེ་ཤེས། ༦བློ་བཟང་དཔལ་ལྡན་ཡེ་ཤེས། ༧བསྟན་པའི་ཉི་མ། ༨བསྟན་པའི་དབང་ཕྱུག ༩བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ། ༡༠འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན། ༡༡དགེ་འདུན་ཆོས་ཀྱི་ཉི་མའམ་ཆོས་ཀྱི་རྒྱལ་པོ་བཅས་སོ།
༡༩༤ རྒྱལ་བ་སྐུ་ཕྲེང་དང་པོའི་མཚན་ལ་གང་གསོལ་བ་དང་།སྐུ་ཕྲེང་ག་ཚོད་ཕེབས་ཤིང་།དེ་དག་ནི་གང་དག་རེད།
    རྒྱལ་བ་སྐུ་ཕྲེང་དང་པོའི་མཚན་ལ་རྗེ་དགེ་འདུན་གྲུབ་ཅེས་གསོལ་ལ།རྒྱལ་བ་སྐུ་ཕྲེང་བཅུ་བཞི་ཕེབས་ཤིང་།དེ་དག་ནི་༡དགེ་འདུན་གྲུབ་པ།༢དགེ་འདུན་རྒྱ་མཚོ།༣བསོད་ནམས་རྒྱ་མཚོ།༤ཡོན་ཏན་རྒྱ་མཚོ།༥ངག་དབང་བློ་བཟང་རྒྱ་མཚོ།༦ཚངས་དབྱངས་རྒྱ་མཚོ།༧བསྐལ་བཟང་རྒྱ་མཚོ།༨འཇམ་དཔལ་རྒྱ་མཚོ།༩ལུང་རྟོགས་རྒྱ་མཚོ།༡༠ཚུལ་ཁྲུངས་རྒྱ་མཚོ།༡༡མཁས་གྲུབ་རྒྱ་མཚོ།༡༢འཕྲིན་ལས་རྒྱ་མཚོ།༡༣ཐུབ་བསྟན་རྒྱ་མཚོ།༡༤བསྟན་འཛིན་རྒྱ་མཚོ་བཅས་སོ།།
༡༩༥ ཏཱ་ལའི་ཞེས་པའི་དོན་གང་ཡིན་པ་དང་། དེ་སུ་ཡིས་རྒྱལ་བ་སྐུ་ཕྲེང་དུ་བ་ལ་གསོལ་བ་རེད།
     ཏཱ་ལའི་ཞེས་པ་ནི་སོག་སྐད་ཡིན་པ་དང་། བོད་སྐད་དུ་རྒྱ་མཚོ་ཞེས་པའི་དོན་ཡིན་ལ།མཚོ་སྔོན་གྱི་སོག་པོ་ཨལ་ཐན་རྒྱལ་པོས་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ལ་ཕུལ་བ་རེད།
༡༩༦ ཨེར་ཏི་ནི་ཞེས་པ་མི་རིགས་གང་གི་སྐད་དང་པཎ་ཆེན་སྐུ་ཕྲེང་དུ་བ་ལ་གནང་བ་རེད།
     ཨེར་ཏི་ནི་ཞེས་པ་སོག་སྐད་ཡིན་ལ་བོད་སྐད་དུ་རིན་པོ་ཆེ་ཞེས་པའི་དོན་ཡིན་ལ་པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་ལ་གནང་བ་ཞིག་རེད།
 ༡༩༧ གྲུབ་ཆེན་ཐང་སྟོང་རྒྱལ་པོས་བོད་ལ་ཟམ་པ་ག་ཚོད་བཙུགས་ཡོད་དམ།
     སྔ་ཕྱི་ལྕགས་ཟམ་ལྔ་བཅུ་ང་བརྒྱད་དང་། ཤན་ཆེན་དང་གྲུ་འདྲེས་པ་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ་ཐམ་པ་བཙུགས་སོ།
༡༩༨ ཨ་ཅེ་ལྷ་མོ་ཞེས་པའི་ཟློས་གར་འདི་སུ་ཡིས་གསར་གཏོད་མཛད།
     གྲུབ་ཆེན་ཐང་སྟོང་རྒྱལ་པོའམ་གྲུབ་ཐོབ་ལྕགས་ཟམ་པ་བརྩོན་འགྲུས་བཟང་པོ་མཆོག་གིས་གསར་གཏོད་མཛད།
༡༩༩ བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་དེ་གང་ཡིན་ནམ།
     རྒྱ་བཟའ་ཀོང་ཇོ་དང་། འགྲོ་བ་བཟང་མོ། དོན་ཡོད་དོན་གྲུབ། གཟུགས་ཀྱི་ཉི་མ། དྲི་མེད་ཀུན་ལྡན། སྣང་ས་འོད་འབུམ། པད་མ་འོད་འབར། ཆོས་རྒྱལ་ནོར་བཟང་བཅས་སོ།།
༢༠༠ འཛམ་གླིང་དུ་ཆེས་མང་བའི་རྩོམ་ཆོས་རྩོམ་པ་པོ་དེ་སུ་ཡིན་ནམ། ཁོང་ལ་བརྩམས་ཆོས་ག་ཚོད་ཡོད།
     ཕག་གྲུའི་སྐབས་དུ་ཕེབས་པའི་བོད་ཀྱི་མཁས་པ་བོ་དོང་ཆེན་ཕྱོགས་ལས་རྣམ་རྒྱལ་ཞུ་བ་དེ་ཡིན་ལ། ཁོང་གི་སྐུ་ཚེ་གཅིག་ལ་དཔེ་ཆ་པོ་ཏི་བརྒྱ་དང་སུམ་ཅུ་ལྷག་བརྩམས་ཡོད།
༢༠༡ བོད་དུ་བཀའ་བསྟན་འགྱུར་བཞེངས་རྒྱུའི་སྲོལ་དེ་ནམ་དུ་དར།
     ཕག་གྲུའི་སྐབས་སུ་དར།
༢༠༢ བོད་དུ་ཤིང་དཔར་གྱི་ལག་རྩལ་དེ་དུས་ནམ་དུ་དར།
     སྡེ་སྲིད་ཕག་མོ་གྲུ་པའི་སྐབས་སུ་དར།
༢༠༣ ཕག་གྲུས་དབང་སྒྱུར་བྱེད་སྐབས་བོད་ཀྱི་སྤྱི་ཚོགས་དེ་གང་འདྲ་ཞིག་ཆགས་ཡོད།
     དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། འཇིག་བརྟེན་ཀུན་ཏུ་མུ་གེ་དང་ནད་ཡམས་སོགས་མེད་ཅིང་། མཁོ་རྒུའི་ཡོ་བྱད་ལ་ལོངས་སུ་སྤྱོད་པའི་འདོད་རྒུ་རྨུགས་འཛིན་གྱི་བང་མཛོད་ལ་རང་དབང་དུ་སྤྱོད་པ་ལྟར་གྱུར་གསུངས་པ་དང་། ཡང་ན་རྒན་མོ་གསེར་ཁུར་གྱི་དུས་ཞེས་གང་ལྟར་ཆོས་སྲིད་གཉིས་ཐད་དུ་དར་རྒྱས་ཤིན་ཏུ་ཆེ་བའི་དུས་ཤིག་ཡིན་ནོ།།
༢༠༤ ཕག་གྲུའི་སྲིད་དབང་གིས་བོད་ལ་ལོ་ག་ཚོད་དབང་སྒྱུར་བྱེད་པ་དང་མཐའ་དབང་ཆ་སུ་ལ་ཤོར་བ་རེད།
     སྤྱི་ལོ༡༣༥༤ལོར་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཕག་གྲུའི་སྲིད་དབང་བཙུགས་པ་ནས་བཟུང་ཕག་གྲུས་བོད་ལ་དབང་བསྒྱུར་ལོ་ཉིས་བརྒྱ་རེ་བཞི་བྱས་ཏེ་སྤྱི་ལོ༡༦༩༨ལོར་ཀརྨ་བསྟན་སྐྱོང་དབང་པོས་ཕག་གྲུའི་སྲིད་དབང་མགོ་སྟིང་བསློགས་ནས་དབང་ཆ་བཟུང་།
༢༠༥ རིན་སྤུངས་གདུང་རབས་རྩོམ་པ་པོ་སུ་རེད།
      ཡར་ལུང་ཨར་འབུམ་ཞུ་བ་དེ་ལགས།
༢༠༦ རིན་སྤུངས་བ་ཞེས་པའི་མིང་དེ་ཇི་ལྟར་བྱུང་བ་རེད།
     ཕག་གྲུའི་སྡེ་སྲིད་ཀྱིས་རིན་སྤུངས་རྫོང་དཔོན་སྒེར་ནམ་མཁའ་རྒྱལ་མཚན་མི་རྒྱུད་ལ་འཇགས་དབང་ཐོབ་པའི་ཤེལ་དམ་སྤྲད་པ་ནས་བཟུང་སྒེར་གྱི་གདུང་རྒྱུད་རིམ་གྱོན་ལ་རིན་སྤུངས་པ་ཞེས་མིང་ཐོགས་པ་རེད།
༢༠༧ སྙན་འགྲེལ་མི་འཇིགས་སེང་གེ་ང་རོ་དང་།མངོན་བརྗོད་མཁས་པའི་རྣ་རྒྱན།ས་པཎ་རྟོགས་བརྗོད་སྐལ་བཟང་ལེགས་ལམ་རྩོམ་པ་པོ་རིན་སྤུངས་པའི་མཁས་པ་སུ་རེད།
     སྡེ་བ་རིན་སྤུངས་པ་ངག་དབང་འཇིག་གྲགས་རེད།
༢༠༨ གཙང་པ་སྡེ་སྲིད་ལ་མིང་གཞན་ཅི་ཟེར།
      གཙང་སྟོད་རྒྱལ་པོ་ཟེར།
༢༠༩ གཙང་སྟོད་རྒྱལ་པོ་ཞེས་པ་གང་ལ་ངོས་འཛིན་དགོས།
     སྡེ་སྲིད་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་དང་དེའི་བུ་ཚ་རྣམས་ལ་ངོས་འཛིན་དགོས།
༢༡༠ གཙང་བ་རྒྱལ་པོ་ལ་ཞིང་ཤག་པ་ཐོགས་དོན་གང་ཡིན།
     ཁོང་ལ་ཐོག་མ་འཚོ་རྟེན་ཞིང་གཅིག་དང་།སྡོད་ཡུལ་ཤག་གཅིག་མ་གཏོགས་མེད་པས་དེ་ལྟར་བརྗོད།
༢༡༡ སྡེ་བ་རིན་སྤུངས་པའི་སྲིད་འཛིན་གྱི་ཁྲོད་རྒྱལ་པོ་པཎྡ་ཏའི་མཚན་བཞེས་མཁན་དེ་སུ་རེད།
     སྡེ་བ་རིན་སྤུངས་པ་ངག་དབང་འཇིགས་གྲགས་རེད།
༢༡༢ གཙང་པ་རྒྱལ་པོའི་ཕོ་བྲང་གི་མིང་ལ་ཅི་ཟེར།
     ཕོ་བྲང་བསམ་འགྲུབ་རྩེ་ཟེར།
༢༡༣ གཙང་སྟོད་རྒྱལ་པོས་ཁྲིམས་ཡིག་གང་ཞེས་པ་གཏན་འབེབས་མཛད།
     ཁྲིམས་ཡིག་ཞལ་རྩེ་བཅུ་དྲུག་གཏན་འབེབས་མཛད།
༢༡༤ གཙང་རྒྱལ་གྱིས་དམག་ལ་མེད་དུ་མི་རུང་བའི་མི་བཞི་བཀོད་སྒྲིག་བྱས་པ་དེ་གང་རྣམས་རེད།
     དེ་ནི་ན་བ་གསོ་བའི་སྨན་པ་དང་།ལེགས་ཉེས་སྟོན་པའི་མོ་མ།དགྲ་གྲོགས་བརྩི་བའི་གཡུལ་རྒྱལ།དགྲ་ལྷ་གསོ་བའི་ཐུགས་དཀར་དང་བཞིའོ།།
༢༡༥ རིན་སྤུངས་པའི་རུས་རྒྱུད་ལ་ཅི་ཞེས་འབོད།
     སྒེར་ཞེས་བརྗོད་དེ་སྔོན་པུར་རྒྱལ་བོད་ཀྱི་རྗེ་བོ་ཤ་ཁྲི་བཙན་པོའི་སྐབས་བློན་མ་སངས་ལ་ཁ་བྱ་བར།ཁྱེའུ་མཚན་དང་ལྡན་པ་ཞིག་བྱུང་བས་སྒེར་དཔལ་ལེགས་འོད་ཅེས་ཐོགས།དེའི་གདུང་རྒྱུད་ལ་ནང་སྒེར་དང་ཕྱི་སྒེར།གྲུབ་ཐོབ་སྒེར་ཞེས་གསུམ་དུ་དབྱེ་བ་ལས་ནང་སྒེར་གྱི་བརྒྱུད་པ་རིམ་བཞིན་མཆེད་པ་ལས་བྱུང་བར་གྲགས་སོ།
༢༡༦ རླངས་ཕག་མོ་གྲུ་པ་དང་སྒེར་རིན་སྤུངས་པ་གཉིས་ཀྱི་གདུང་རྒྱུད་ཆུ་བོ་མཉམ་འདྲེས་ནམ་མགོ་ཚུགས་པ་རེད།
      ཕག་གྲུ་སངས་རྒྱས་རྒྱལ་མཚན་གྱིས་རིན་སྤུངས་པའི་ལྕམ་མོ་ཀུན་དགའ་དཔལ་འཛོམས་ཁབ་ཏུ་བཞེས་པ་ལས་དེ་གཉིས་ཀྱི་གདུང་རྒྱུད་ཆུ་བོ་མཉམ་བསྲེས་བྱུང་བ་རེད།
༢༡༧ ཕག་གྲུའི་སྲིད་དབང་རིན་སྤུངས་པའི་ལག་ཏུ་ནམ་ཤོར་བ་རེད།
     རབ་བྱུང་བརྒྱད་པའི་ལྕགས་ཕག་སྤྱི་ལོ༡༤༩༡ལོར་རིན་སྤུངས་མཚོ་སྐྱེས་རྡོ་རྗེས་ཕག་གྲུའི་སྡེ་སྲིད་ཀྱི་དཔོན་ཚབ་ཐེལ་གཏོང་བྱས་པ་ནས་བཟུང་ཕག་གྲུའི་སྲིད་དབང་རིན་སྤུངས་པའི་ལག་ཏུ་ཤོར་སོང་བ་ཡིན།
༢༡༨ རིན་སྤུངས་དོན་ཡོད་རྡོ་རྗེས་ལྷ་སའི་ཉེ་འདབས་ས་ནག་མར།སེར་འབྲས་དགེ་གསུམ་གྱི་ཁ་གནོན་ཡིན་ཞེས་དགོན་པ་གང་བཏབ་པ་རེད།
     ཀརྨ་དགོན་གསར་ཐུབ་བསྟན་ཆོས་འཁོར་གླིངབཏབ།
༢༡༩  རྩེ་ཕོ་བྲང་དམར་པོ་བཞེངས་སྐྲུན་གྱི་གཙོ་འགན་བཞེས་མཁན་སུ་ཡིན། ནམ་ནས་ནམ་གྱི་བར་བཞེངས་གྲུབ་ཐུབ་པ་རེད།
      སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་གཙོ་འགན་བཞེས་མཁན་སུ་ཡིན།ནམ་ནས་ནམ་གྱི་བར་བཞེངས་གྲུབ་ཐུབ་པ་རེད།    སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་གཙོ་འགན་བཞེས་ནས་བཞེངས་པ་ཞིག་ཡིན་ལ།བཞེངས་ཡུན་ནི་བོད་རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་སྤྱི་ལོ༡༦༩༠ལོའི་ཟླ་བ་གཉིས་པའི་ཚེས་ཉེར་གཉིས་ཉིན་རྨང་གཞི་བཏིང་བ་ནས་ཆུ་བྱ་སྤྱི་ལོ༡༦༩༣ལོའི་ཟླ་བ་བཞི་པའི་ཚེས་ཉི་ཤུའི་ཉིན་བཞེངས་གྲུབ་ཐུབ་པ་ཡིན་ནོ།
༢༢༠ རོང་བྱམས་ཆེན་གྱི་ཆོས་སྡེ་དང་འབྲས་ཡུལ་སྐྱེད་ཚལ་གྱི་ཆོས་སྡེ་སུས་བཏབ་པ་རེད།
     རིན་སྤུངས་ནོར་བུ་བཟང་པོས་བཏབ་པ་རེད།
༢༢༡ གཙང་པ་རྒྱལ་པོའི་རྒྱུད་པ་དེ་བོད་ཀྱི་གྲུབ་ཐོབ་གང་གི་བརྒྱུད་པ་ལས་བྱུང་བར་གྲགས།
       གཉགས་ཛྙ་ན་ཀུ་མ་ར་ལས་བརྒྱུད་པར་གྲགས།
༢༢༢ སྡེ་སྲིད་གཙང་པས་དབུས་གཙང་ཡོངས་ལ་དབང་བསྒྱུར་བའི་སྲིད་དབང་དེ་སྤྱི་ལོ་ནམ་དུ་བཙུགས་པ་རེད།
      རབ་བྱུང་བཅུ་པའི་ས་རྟ་སྤྱི་ལོ༡༦༡༨ལོར་བཙུགས་པ་རེད།
༢༢༣ ཕག་གྲུ་དང་ཚལ་བའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔའི་ཐོག་གཙང་པས་ཞལ་ལྕེ་གང་གསར་དུ་གཏན་ལ་ཕབ།
      ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་བསྣན་པ་རེད།
༢༢༤ རྒྱ་ཡིག་གི་དེབ་ཐེར་ནང་གཙང་པ་ཧན་ཞེས་པ་དེ་གཙང་བ་རྒྱལ་པོ་གང་ལ་ངོས་འཛིན་དགོས།
      གཙང་བ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོ་ལ་ངོས་འཛིན་དགོས།
༢༢༥ དཔོན་ཚབ་ཐེལ་གཏོང་ཞེས་པའི་དོན་ཅི།
     སྡེ་སྲིད་སྤྱན་སྔ་ངག་གི་དབང་པོ་སྤྱི་ལོ༡༤༩༠ལོའི་ལྕགས་ཕག་ཟླ་བ་བདུན་པའི་ཚེས་གཉིས་ལ་སྐུ་གཤེགས་ཁར་སྲས་ངག་དབང་བཀྲ་ཤིས་གྲགས་པ་ལོ་ངོ་གསུམ་ལས་མ་སོན་པ་སྐུ་ན་ཧ་ཅང་ཕྲ་བས། དེ་ལ་ཐུགས་ཆགས་པའི་ཚུལ་གྱིས་སྐུ་ངལ་ཆེན་པོ་གྱུར་སྐབས། སྤྱན་སྔ་ཆོས་ཀྱི་གྲགས་པས་གདུང་རྒྱུད་རིན་པོ་ཆེ་སྐུ་ནར་མ་སོན་བར་དུ་ཁོང་གི་ཐེལ་གྱི་སྤྱན་སྔའི་ཁུར་བཞེས་ཐོག་རྩེད་ཐང་གི་ཆེན་པོའི་གྲོས་ལ་དབང་བའི་བློན་པོ་རྣམས་དང་བཅས་པས་སྡེ་སྲིད་ཀྱི་ལ་རྒྱ་མི་འཕྱུགས་པའི་ཞལ་ལེན་མཛད་པ་ལ། དཔོན་ཚབ་ཐེལ་གཏོང་ཞེས་པ་བྱུང་། དེ་ཕྱི་ལྟར་གདུང་རྒྱུད་རིན་པོ་ཆེ་སྐུ་ནར་མ་སོན་བར་དུ་ཁོང་རྣམ་པས་སྡེ་སྲིད་སྐྱོང་བའི་ལུགས་བྱས།དོན་དུ་རིན་སྤུངས་མཚོ་སྐྱེས་རྡོ་རྗེ་གཙང་ནས་གདན་འདྲེན་ཞུས་ཏེ་ཕག་གྲུའི་སྡེ་སྲིད་ཀྱི་སྲིད་དབང་བཟུང་།
༢༢༦ བོད་གཞུང་དགའ་ལྡན་ཕོ་བྲང་གསར་དུ་འཛུགས་པ་པོ་སུ་ཡིན།
    རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ་ཡིན།
༢༢༧ དགའ་ལྡན་ཕོ་བྲང་ཞེས་བཏགས་དོན་ཅི།
     རྒྱལ་བ་དགེ་འདུན་རྒྱ་མཚོ་མཆོག་འབྲས་སྤུངས་སུ་བཞུགས་སྐབས་བླ་བྲང་འདིའི་མཚན་ལ་དགའ་ལྡན་ཕོ་བྲང་ཞེས་བཏགས་པ་དང་།ཕྱིས་རྒྱལ་དབང་ལྔ་བས་རང་གིས་བཙུགས་པའི་སྲིད་དབང་གི་མིང་ལ་བཀོལ་སྤྱོད་གནང་བར་གྲགས།
༢༢༨ རྒྱལ་མཆོག་ལྔ་བ་པཎ་ཆེན་སྐུ་ཕྲེང་གང་གིས་ངོས་འཛིན་གནང་བ་རེད།
     པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་གྱིས་ངོས་འཛིན་ཞུས་སོ།
༢༢༩ ཚངས་དབྱངས་རྒྱ་མཚོའི་མགུར་གླུ་རྩོམ་པ་པོ་སུ་ཡིན།
      རྒྱལ་བ་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཡིན།
༢༣༠ རྒྱལ་དབང་ལྔ་བའི་གསེར་གདུང་འཛམ་གླིང་རྒྱན་གཅིག་སྡེ་སྲིད་སུས་བཞེངས་པ་རེད།
      སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པ་རེད།
༢༣༡ སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྷ་སའི་ལྕགས་པོ་རི་ལ་སློབ་གྲྭ་གང་ཞེས་བྱ་བ་གསར་བཙུགས་བྱས།
      སྨན་གྱི་སློབ་གྲྭ་འགྲོ་ཕན་རིག་བྱེད་གླིང་ཞེས་བྱ་བ་གསར་དུ་བཙུགས།
༢༣༢ སྡེ་སྲིད་སངས་རྒྱས་རྒྱ་མཚོ་སུས་བཀྲོངས།
      རྒྱལ་པོ་ལྷ་བཟང་ཧན་གྱི་བཙུན་མོ་ཚེ་རིང་བཀྲ་ཤིས་ཀྱིས་བཀྲོངས་པ་རེད།
༢༣༣ རྒྱལ་པོ་ལྷ་བཟང་ཧན་ཞེས་པ་དེ་ཡུལ་གང་གི་མི་ཡིན།
      ཧོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་རྒྱུད་ཡིན་པས་སོག་པོའི་མི་ཡིན།
༢༣༤ ང་ལུམ་སྦྱར་ཞེས་པ་འདི་སུ་ལ་ངོས་འཛིན་དགོས།
      ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་དུས་སུ་བཀའ་བློན་ང་ཕོད་པ་རྡོ་རྗེ་རྒྱལ་པོ་དང་།ལུམ་པ་བ་བཀྲ་ཤིས་རྒྱལ་པོ།སྦྱར་ར་བ་བློ་གྲོས་རྒྱལ་པོ་གསུམ་གྱི་བསྡུས་མིང་ངོ་།
༢༣༥ བོད་ཀྱི་སྤྲུལ་སྐུའི་ཐོག་མ་ཀརྨ་པཀྴི་དེ་སུའི་ཡང་སྲིད་དུ་ངོས་འཛིན་བྱས།
     ཀརྨ་པཀྴ་ཆོས་ཀྱི་བླ་མ་དེ་ཀརྨ་པ་དུས་གསུམ་མཁྱེན་པའི་ཡང་སྲིད་དུ་ངོས་འཛིན་བྱས།
༢༣༦རྒྱལ་བ་པད་དཀར་འཛིན་པར་གྲགས་པ་ནི་སུ་ཡིན།
     ལྷ་བཟང་ཧན་གྱིས་རང་ཉིད་ཀྱི་བུ་ལ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ཞེས་མིང་བཏགས་ནས་རྒྱལ་དབང་ལྔ་བའི་ཡང་སྲིད་དུ་ངོས་འཛིན་བྱས།སོག་པོ་རྣམས་ཀྱིས་ཞེ་ཧོར་ཏཱ་ལི་བླ་མ་ཞེས་འབོད།
༢༣༧ བོད་ཀྱི་བཀའ་བློན་གྱི་ཐོག་མ་སུ་ཡིན།
       ཁང་ཆེན་བསོད་ནམས་རྒྱལ་པོའམ་དཱ་ཆིང་པ་ཐུར་འབོད་པ་དེ་རེད།
༢༣༨ རྩེའི་སློབ་གྲྭ་གསར་དུ་འཛུགས་མཁན་སུ་ཡིན།
       རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་༡༧༥༤ལོར་གསར་དུ་བཙུགས།
༢༣༩ དབྱིན་དམག་ལ་རྒོལ་བའི་ལུང་ཐུར་ལའི་དམག་འཁྲུག་དུས་ནམ་ཞིག་ཏུ་བྱུང་།
       སྤྱི་ལོ༡༨༨༨ལོའི་ཟླ་བ་གཉིས་པའི་ཚེས་བདུན་ཉིན་བྱུང་བ་རེད།
༢༤༠ བོད་དུ་གློག་ལས་དང་སྦྲགས་ཏར་གྱི་ལས་རིགས་རྒྱལ་བ་སྐུ་ཕྲེང་གང་གི་དུས་སུ་དར།
        རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་སྐབས་སུ་དར།
༢༤༡ བོད་ཞི་བའི་བཅིངས་འགྲོལ་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་དུས་ནམ་ཞིག་ཏུ་བཞག་པ་རེད།
        ༡༩༥༡ལོའི་ཟླ་བ༥པའི་ཚེས༢༣ལ་པེ་ཅིང་དུ་བཞག་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...