སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསར་དུ་རྙེད་པའི་བཙན་པོ་ཁྲི་ལྡེ་སྲོང་གཙུག་བཙན་གྱི་བཀའ་གཙིགས་ཀྱི་ཡི་གེ་ཐོར་བུ།།
རྩོམ་པ་པོ། ར་སེ་དཀོན་མཆོག་རྒྱ་མཚོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-3-19 10:41:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     དེ་སྔའི་ཡོངས་གྲགས་ཀྱི་དེབ་ཐེར་རྣམས་སུ་ལྷ་བླ་མའི་རྣམ་ཐར་རགས་བསྡུས་མ་འཁོད་པ་མེད་ཀྱང་། མཚན་ལ་ཁྲི་ལྡེ་སྲོང་གཙུག་བཙན་ཟེར་བ་མངོན་རྒྱུ་མེད་ལ་བཀའ་གཙིགས་ཀྱི་མི་དེ་གཏན་འབེབས་བྱས་ཚུལ་གཏན་ནས་འཁོད་མེད་པས། ད་ལྟའི་ཞིབ་འཇུག་པ་ཚོས་ཕྱི་དར་སྐོར་གྱི་དཔྱད་རྩོམ་ནང་དུའང་ཚོར་རྒྱུ་མེད་པ་ཞིག་ཆགས་འདུག ཁོ་བོས་ལོ་མང་རིང་དཔེ་རྙིང་བཙལ་འཚོལ་བྱས་པ་ལས། འབྲས་སྤུངས་སུ་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་སུ་ཕྱོགས་བསྡུས་བྱས་ཏེ་དམ་སྦྱར་གནང་བའི་དཔེ་མཛོད་ཀྱི་ཡིག་རྙིང་ཁྲོད་དུ་ཐོར་བུ་འདི་ཉིད་ལག་སོན་བྱུང་ཞིང་། དེ་ལས་དེ་སྔ་ལྷ་བླ་མ་ཡབ་སྲས་ཀྱི་ལོ་རྒྱུས་ཡིག་ཚངས་དྲིལ་དཀར་དང་དྲིལ་སྔོན་ཟེར་བ་ཡོད་ཚུལ་ཙམ་གསལ་སྣང་ལ། བཀའ་གཙིགས་འདི་ཉིད་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ་བས་བོད་རིག་པའི་ལས་རིགས་ཀྱི་མཁས་པ་ཚོའི་སྤྱན་སྔར་འགྲེམས་ཐུབ་ན་ཉར་ཚགས་ཀྱི་རིན་ཐང་མངོན་པར་སེམས་ཏེ་མཚམས་སྦྱོར་བགྱིས་པ་ལགས།
གཅིག མཚམས་སྦྱོར་གྱི་གཏམ།
     དེ་སྐད་དུ༼དྲིལ་དཀར་ཟླ་བ༽ལས། འཛམ་གླིང་ས་སྒང་གླང་པོ་ལ་སོགས་ཁ་ནས་འབབ་པའི་ཆུ་བོ་བཞི་ཡི་མགོ། མ་དྲོས་གཟི་ཆེན་མ་པང་བདེ་གཤེགས་རྣམས་ཀྱི་བཅགས་ཤིང་བྱོན་པའི་གནས།། ཏེ་སེ་གངས་སྙན་ཤེལ་གྱི་མཆོད་རྟེན་དབང་ཕྱུག་ཆེན་པོ་གཏིང་གནས་པ།། ན་སྙིལ་སྤོས་ངད་ལྡན་པའི་རི་རྒྱུད་རྩེ་མོ་བརྒྱ་པར་གྲགས་པ་དང་།། དེ་བ་ན་ལ་གསེར་གྱི་འབྱུང་ཁུངས་ཀྱིས་སྐོར་ཆུ་བོ་བརྒྱ་པའི་འགྲམ།། སྟོད་ཀྱི་མངའ་རིས་སྐོར་གསུམ་སྤངས་རྩེ་པུ་ཧྲང་གུ་གེའི་ཡུལ་གྱི་དབུས།། དེ་ལྟའི་གནས་སུ་ཡབ་མེས་བྱང་ཆུབ་སེམས་དཔའ་སྐུ་འཁྲུངས་ཏེ།། དེའི་སྐུ་ཚེའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལས་ནི་ཐིགས་པ་ཙམ་བརྗོད་པ།། ཞེས་གསུངས་པ་བཞིན་བཙན་པོ་ཁྲི་ལྡེ་སྲོང་གཙུག་བཙན་ཞེས་སམ་མཚན་ཡོངས་གྲགས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྐུ་ཚེའི་མཛད་འཕྲིན་གསལ་པོར་རྟོགས་པའི་ཡན་ལག་ཏུ། ཁོང་སྐུ་ངོ་མ་དབུ་བཞུགས་ཐོག་གནང་བའི༼བཀའ་གཙིགས་ཀྱི་ཡི་གེ༽ཐོར་བུ་འདི་ཉིད་བོད་ཀྱི་རིག་གནས་ཞིབ་འཇུག་པར་དཔྱད་གཞིར་མ་སྦས་པར་མཚམས་སྦྱོར་བྱ་འདོད་པས་འདིར་གཟིགས་ཞིབ་མཛད་འཚལ།
གཉིས། བཀའ་གཙིགས་ཀྱི་ཡི་གེ་དངོས།
ཀ  ཡབ་སྲས་གསུམ་གྱི་མཛད་ཚུལ་གྱི་དྲིལ།
     བྱི་ལོ་དཔྱིད་ཟླ་ཐ་ཆུང་གིས་ངོ་ལ། དཔལ་བཙན་པོ་ཡེ་ཤེས་འོད་ཡབ་སྲས་ཕོ་བྲང་དབེན་ནས་བྱམ་མ་སྙོམ་མ་གླིང་ན་བཞུགས། ཞབས་དྲུང་དུ་་ཉེར་གནས་དགེ་འདུན་དང་། དགེ་བསྙེན་པ་ཡོ་ཚོགས། ད་སླན་ཆད་ཆོས་འཁོར་འདིར། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཇི་སྲིད་གནས་སྲིད་གནས་ཀྱི་བར་ནི་སེམས་ཅན་ཐམས་ཅད་བདག་གིར་བླང་པ་ཡིན་པས། བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོ་གཙོ་བོར་བྱས་ཏེ། སྐྱེ་བོ་ཕལ་པོ་ཆེའི་དོན་ལ་བསམ་ནས། ཡུལ་ཁམས་འདིའི་འགྲོ་བ་དག་གི་ཕན་པ་དང་། བདེ་བ་བླ་ན་མེད་པ་བསྒྲུབ་པའི་སླད་དུ། དཀོན་མཆོག་གསུམ་ཀྱི་བརྟེན་གཙུག་ལག་ཁང་ཁ་ཁྱེར་མི་ཆུང་བ་ནི་གྲངས་ཀྱིས་བསིས་ཆགས་འོག་གི་འབངས་ནས། མཐོ་གླིང་དུ་སྡེ་གཉིས་ཀྱི་དགེ་འདུན་མི་ཉུང་བ་ཞིག་ནི་ཐར་པར་སྐཡེ། མངའ་རིས་རྙིང་ཚེམས་བསྲེ་གསུམ་ལྷ་རིགས་སུ་བསྔོས་ཏེ། དེ་ལྟར་ཆེས་ཆེ་བར་བསྒྲུབས་པ་འདི། ཇི་སྲིད་གནས་ཀྱི་བར་དུ་ནི་ཕྱོགས་འདི་པའི་མི་གཡོ། མཆོག་ཀྱང་བདེ་བར་འགྱུར་ཞིང་། གསུང་རབ་རིན་པོ་ཆེ་ཡང་དེ་སྲིད་མི་ནུབ་པར་འགྱུར་བའི་རིགས་པས། དེ་ལྟ་བས་ན་བསྟན་པ་འཛིན་པ་ད་ལྟར་དང་། རིམས་ཀྱིས་འབྱུང་བའི་གང་ཟག་རབ་ཏུ་འབྱུང་བ་རྣམས་ཀྱིས། ཆོས་ཀྱི་ཡི་གེ་དང་བོད་ཁམས་སུ་མངའ་ཕྱིར་མཛད་པའི་བཀའ་ཁྲིམས་རྙིང་པ་དང་། གསར་དུ་བྱུང་བའི་ཁྲིམས་བུ་ཆུང་འདི་དག་མི་འགལ་ཞིང་། དེ་དག་མཐུན་པར་གཙོ་བོར་བྱོས་ཤིག མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་གཞི་དང་། བསླབ་པ་གསུམ་གྱི་དང་པོ་ནི་ཚུལ་ཁྲིམས་ཡིན་པས། འདུལ་བའི་བསླབ་པ་རྣམས་གཙོ་བོར་བགྱི་བར་དམིགས་ལས། ལྟུང་བའི་རིམ་པའི་བཅས་པ་དང་། བཀག་པ་དང་རྗེས་སུ་གནང་བ་ལ་སོགས་པ་གང་གང་བསྲུང་བའི་ཐབས་དང་། རྩ་བ་ལྟ་བུ་ལས་ཞིག་ན་འཚམས་ལས་འདོན་པ་དང་། དགེ་འདུན་གྱི་ལྷག་མ་མན་ཆད། ལྟུང་བ་ཆེ་ཁྲ་བྱུང་ན། ཆད་པ་དང་གཤག་པའི་རིམ་པ་ཇི་ལྟར་བྱ་བ་ནི་འདུལ་བ་སྡེ་བཞི། འདུལ་བ་སྤྱི་མདོ་ལས་ཇི་ལྟར་བཤད་པ་དང་མཐུན་པར་བསྒྲུབ་བོ། ། སངས་རྒྱས་ཀྱི་བསྟན་པ་དར་བར་བྱ་བ་དང་། ཆོས་དང་མཐུན་པར་རྒྱལ་ཁམས་སྐྱོང་བར་རྒྱལ་པོ་ལ་རག་ལས་པས། མངའ་མཛད་རྣམས་ཀྱི་བཅོ་བ་མཆོག་ཏུ་བཅོས་ཏེ། དཀོན་ཅོག་གསུམ་གཉན་པར་བཀུར་ཞིང་། ཡོ་བྱད་ཅི་འབྱོར་བ་ལ་བརྟེན་པའི་འབངས་དང་། ཞིང་དང་། སྐོར་དང་། རྐང་འགྲོས་ལ་སོགས་པ། སྔར་བསྔོས་པ་རྣམས་དབྲི། མི་སྙུང་བ་དང་དམ་པའི་ཆོས་ནམ་དུ་ཡང་མི་བཞིག་ཅིང་། ཆེད་དུ་བསྒྲུབས་ཏེ་དར་བར་སྤེལ་བ་དང་མངའ་རིས་བདེ་བར་བྱ་ཞིང་། མཐའ་དག་སྙོམ་པར་མཆིས་ཀྱི་རྐྱང་བ་དང་མངའ་མཛད་ཀྱིས་མ་མཁྱེན་ན། རྒྱལ་ཁྲིམས་དང་སྦྱར་བ་ལ་སོགས་པ་ནི་འཕགས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས་ཆར་བྱེད་ཀྱི་གདན་པ་དང་། མེས་ཁྲི་སྲོང་ལྡེ་བཙན་ལ་སོགས་གདུང་རབས་རིམ་པར་མཛད་པའི་ཆོས་རྩིགས་ཀྱི་མདོ་རྣམས་དང་། ངའི་རིང་ལ་མཛད་པ། ཝི་ཕུག་གསར་ཁྲིམས་ལས་འབྱུང་བ་བཞིན་བྱའོ། ། ཆོས་འཁོར་ཀྱི་དགེ་འདུན་རྣམས་ནི། བདག་དང་གཞན་གྱི་དོན། དེ་བཞིན་གཤེགས་པའི་བསྟན་པ་འཛིན་ཅིང་སྤེལ་བ་ལགས་པས། ཕྲལ་བགྱི་བོ་ཚལ་ལུགས་སུ་འཆད་པ་འཆིས་ཏེ། དགེ་འདུན་བགྱི་བོ་ཚལ་གྱི་ཡན་ལག ཆོས་ཀྱི་ཡི་གེ་འདུལ་བའི་གཞུང་དང་། སྔ་རབས་ཡབ་མེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་ཆོས་ཁྲིམས་ཀྱི་གཞི་དག་ལས་ཀྱང་ཞིབ་ཏུ་འབྱུང་མོད་ཀྱི། ད་ལྟར་འཕྲལ་དུ་བགྱི་བར་འོས་པའི་ཆ་ཕྲ་བ་རྣམས། བླ་ནས་ཀྱང་རྣམ་གྲངས་སུ་ཕྱེ་སྟེ་བཀའ་སྨོས། འོག་ཏུ་གནས་བརྟན་ལ་སོགས་པ་དགེ་འདུན་སྡེ་མཐུན་པར་ཕྱི་གྲོས་སུ་བསྡུས་ཏེ། གཉེར་འགྱུམས་ཀྱང་གསོལ། རྗེ་འབངས་སྤྱི་མོལ་གྱི་བཅད་ནས། ནང་ཁྲིམས་ཀྱི་ཡི་གེ་གཞུང་དུ་བྲིས་པའི་གཞི། ༄།དེ་པ་དགྲོམ་པ་ཡང་དགར་རྫོགས་པའི་སངས་རྒྱས་ཤྰཀྱ་ཐུབ་པ་སྔོན་འདས་པའི་དུས་སྐལ་བ་གྲངས་མེད་པ་གང་གི་རླུང་གི་བྱེ་མ་བརྙེད་འདས་ནས་སངས་རྒྱས་ཀྱི་ཞིང་འདིར་སྐལ་བ་ཆེན་པོ་འཛིན་པ་ཞེས་བྱ་བ་ལ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་མདུན་ནས་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ་རྩེས་བྱ་བར་གྱུར་པའི་ཚེ། དེ་པ་རིན་ཆེན་སྙིང་བོའི་སྤྱན་སྔར་སྨོན་ལམ་ལྔ་བརྒྱ་བཏབ་པ་དང་། རྗེས་སུ་མཇུན་པར་སྐལ་བ་བཟང་པོ་མི་འཇེད་འཇིག་རྟེན་གྱི་ཁམས། གླིང་བཞི་པ་བཅོམ་པ་དང་ལྡན་པ། རབ་ཏུ་སྙིགས་མ་ལྔ་དང་བཅས་པའི་གནས། བརྩོད་པའི་གནས། སེམས་ཅན་ཉོན་མོངས་པའི་རྙོགས་པས་སླང་བ། འདིར་མངོན་པར་རྫོགས་པར་སངས་རྒྱས་ཏེ། འགྲོ་བ་རྣམས་གདུལ་བྱའི་རྐྱེན་དང་མཐུན་པར་རྣམ་པར་ཐར་པའི་སྒོ་མང་པོ་སྐྱེ་སྟེ། སེམས་ཅན་གྲངས་མེད་པ་ཞིག་ཐར་པ་མྱ་ངན་ལས་འདས་པ་དང་། བླ་ན་མེད་པའི་གོ་འཕངས་ལ་བཀོད་པར་མཛད་དོ།། དེ་ལྟ་བུའི་འཕགས་པའི་ལམ་ཕན་པ་དང་བདེ་བའི་དོན་དུ་གསུངས་པས་བླ་ན་མེད་པའི་ཆོས་བདུད་རྩི་དང་མཚུངས་པ། མདོ་སྡེ་བཅུ་གཉིས་སྡེ་སྣོད་གསུམ་གྱིས་བསྡུས་པ་དག སྡུད་པ་པོའི་འཕགས་པ་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཡོངས་སུ་བསྟད་ནས། དེ་དག་གིས་ཀྱང་ཡང་དག་པར༼བཟུང་བ༽འདི། ད་ལྟར་ལྔ་བརྒྱ་ཐ་མ་དང་ཉེ་ཏེ། གཟུགས་བརྙན་ཙམ་དུ་གནས་པའི་དུས་ལ་བབས་པས། ཡོངས་མིས་མཆོག་གཞུང་ལུགས་དམ་པ་དང་ནི་བྲལ། ཡོན་པའི་ལམ་འབའ་ཞིག་ནི་བསྟེན། ཡོངས་སུ་ཕན་པའི་ཆེད་དུ་མི་བསྒྲུབ། བདག་ཕྱོགས་ནི་ཉི་ཚེ་ནི་བྱེད། འདི་ལ་ཕན་པའི་ཐབས་ནི་སྤངས། ཕྱི་མ་ལ་བདེ་བའི་ལམ་ནི་མི་འཚོལ། སངས་རྒྱས་ཀྱི་ཆོས་ནི་སྐོལ། ཕྱིན་ཅི་ལོག་གི་དུར་ཁྲོད་ནི་ལྷུང་། འགྲོ་བ་ཐར་པའི་གནས་དང་ནི་བྲལ། ངན་འགྲོའི་ཕྱོགས་སུ་ནི་བབས་པ་ནི་ཤས་རྟག་སྟེ། དེ་པའི༼དེ་བཞིན་གཤེགས་པའི༽བཀའ་ཚུལ་བཞིན་དུ་སྒྲུབ་པ་དབུས་ཐ་གང་ནའང་ཉུང་ལ། ཁྱད་པར་དུ། ས་ཕྱོགས་འདི་ཐང་ཁོབ་ལྟ་བུར་འདུག་སྟེ། གསུང་རབ་སྙིང་བོའི་སྣོད་དུ་གྱུར་པ་དཀོན་ཞིང་། བདག་ཅག་ལྟ་བུ་བསོད་ནམས་ཆུང་ངུ་རྣམས་ཀྱིས་འདུལ་བར་དཀའ་བས་ཀྱང་ཐེག་པ་ཆེན་པོ་ལ་གཞོལ་བའི་གང་ཟག་གི་དགེ་སློང་བསམ་རྟན་པ་དང་། ཆོས་སྨྲ་བ་དང་། ཀློག་པ་དང་། གནས་རྟན་པ་དང་དགེ་སྐོས་དང་། ལག་གིས་བླ་དང་། དམ་བཞག་ལ་སོགས་པ་དང་། ལས་ཀྱི་རིམ་པ་ནི། འཕགས་པ་རིན་པོ་ཆེའི་ཅུང་པོའི་མདོ་དང་། འདུལ་བའི་ཡི་གེ་དང་། ཀྲི་ཡ་ཀ་ར་ལ་སོགས་པ་དང་། གདུང་སྔ་མ་ལ་སོགས་པས་མཛད་པའི་གཞུང་དག་ལས་སྨོས་པ་ལྟར་གྱིས་ཤིག དགེ་འདུན་གྱི་ཆོས་ལོག་རྣམས་མི་སྤྱད་པའི་ཁྲིམས།   ༄། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་པ་དང་བདེ་བར་འགྱུར་བའི་ལམ། དམ་པ་འདི་བསྒྲུབ་པ་ལས། གཞན་དམ་པའི་ཆོས་ལྟར་བཅོས་པ་ཕྱིན་ཅི་ལོག་གི་སྤྱོད་པ་དག་ནི་སྤང་བར་འོས་པ་ཡིན་པས། སྔགས་ལོག་པ་དང་། ལུང་དང་མན་ངག་ཏུ་གསོལ་བའི་ཆོས་ནོར་བ་དང་། ཕྱི་རོལ་བའི་ལྟ་བ་དང་། གཞུང་དང་། ཨ་ཏི་པ་དང་། བོན་དང་། མོ་དང་། ཞང་ཞུང་གི་གཙུག་ལག སྐར་སྡད་ཀྱི་རྩིས་ལོག་པ་དང་མི་མཐུན་ཞིང་། ཚད་མ་དང་འགལ་བའི་མ་དག་པ་རྣམས་མི་སློབ། གཞན་ལ་ཡང་མི་སྙད། ཡི་གེ་ཡང་མི་བཅང་། གལ་ཏེ་སློབ་པའམ། འཆལ་བ་བྱུང་ན། ཆོས་བཞིན་དུ་ཆད་པས་བཏབ་པ། ཆུང་བ་ལ། ལྷག་ཕྱག་བརྒྱ་ཡན་ཆད་བགྱིད་དུ་འཚལ། མ་མཆིས་ན་ཕྲལ་མར་བསྲེས། ཕྱིས་འདི་ལྟ་བུ་མ་སྤྱོད་ཅེས་ལན་གསུམ་བཀའ་བསྒོ། སྐྱེད་མ་མཆིས་ཞིང་བློ་ངན་མ་ཞི་ན། ལོག་པར་སྤྱོད་པ་འདི་ལྟ་བུ་ལགས། ཅེས་ཡི་གེར་བྲིས་ཏེ་རྒྱལ་ཁམས་གཞན་དུ་དབྱུག་གོ། དགེ་འདུན་གྱི་ཁྲིམས། འཕགས་པའི་ལམ་གདུལ་བྱའི་རྐྱེན་དུ་གསུངས་པ་འདི་ཡང་དབང་པོའི་རིམ་པ་དང་སྦྱར་ནས་བདག་དང་གཞན་ཆུད་མི་ཟ་བར་བསྒྲུབས་པ་ལས། མུན་སྤྲུལ་དང་རང་དབང་དུ་ཕྱིན་ཅི་ལོག་གི་ཐེག་པ་གཞན་སྤྱོད་པ་ནི། དོན་དུ་མི་འགྱུར་བར་ངེས་པས། ཐོག་མར་བསླབ་པ་ཚུལ་ཁྲིམས་ཀྱི་ཕྱོགས་འདུལ་བ་ལས་འབྱུང་བ་ལྟར། རིམས་ཀྱིས་ནོད་ནས་དམ་པར་བསྲུངས། གསུང་རབ་མདོ་སྡེ། བསྟན་བཅོས་དག་མཁས་པ་ལ། རྟག་ཏུ་ཉན་ཅིང་། ཤེས་པའི་རྒྱུད་གྲོལ་པར་བྱ། ཐོས་པ་སྤེལ་ནས་དྲོད་སྒོམ་པ་གཅེས་ཏེ་བསམ་གཏན་ལ་འཇུག་གོ། གང་བྱང་ཆུབ་སེམས་དཔའི་རིགས་དང་ལྡན་པ་བྱུང་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་འཛིན་དུ་གཞུག་ཅིང་། བསླབ་པར་བྱ་བ་རྣམས་སློབ་པ་དང་ཉམས་ལེན་ལ་འབོད། ཡང་ལ་ལ་དག་ཐེག་པ་ཆེན་པོའི་ཚུལ་ཟབ་ཅིང་། གསང་སྔགས་ཀྱི་སྣོད་དུ་གྱུར་པ་རྒྱུད་སྡེ་ནས་གསང་བའི་ཡོན་ཏན་རྣམས་དང་ལྡན་ལ། བློ་ཆོས་མཆོག་ཏུ་གཞོལ་བ་དག་ཡོད་ན། སློབ་དཔོན་གྱིས་ལེགས་པར་བརྟགས་ཏེ། ཅི་སྐད་བཤད་ལ་ཚུལ་བཞིན་དུ་ཆོ་ག་དག་པས་དལ་དུ་གཞུག་ཅིང་། སྔགས་ཀྱི་སྒོ་གསུམ་གྱི་དམ་ཚིག་འབོག་པ་ལ་སོགས་པ། ཐེག་པ་ལ་རིམ་གྱིས་གཞོལ་བ། སྔགས་གཞུང་ཚད་མ་རྣམས་གཙོ་བོར་བྱས་ཏེ་ཁྲིད་ཅིང་གཞུག་གོ། ཆོས་འཆད་ཀྱི་སློབ་དཔོན་སོ་སོ་དང་། རང་རང་བཀའ་དང་གཞུང་ལས་བྱུང་བའི་ཡོན་ཏན་དག་དང་ཆ་ཤས་ཀྱིས་ལྡན་ལ། ཆོས་སྟོན་པ་རྣམས་བདག་གིས་ཀྱང་། ཁོང་དུ་རྟོགས་ཤིང་ཆུད་ལ། གཞན་དུ་ཡང་ཚིག་དང་ཡི་གེའི་སྒོ་ནས་མ་ནོར་བར་སྟོན་ཐུབ་པ། དེ་བཞིན་མཁས་པ་གཞན་གྱིས་ཀྱང་། མཁྱེན་ཅིང་ཡིད་བསྲེག་པར་བྱེད་པ། ལམ་ཕྲང་མ་ནོར་བར་ཁྲིད་པ་དག་བསྐོས་ཏེ། རང་དགར་གང་ཐད་ཀྱིས་ཐུགས་ཐུམས་སུ་མི་བསྐོ། ཆོས་འཆད་ཉན་ཡང་ལུང་དང་མཐུན་པའི་སློབ་མ་སྣོད་དུ་རུང་བ་བྱུང་ན། ཆོས་ལ་སེར་སྣ་དང་དཔེ་འཁྱུད་ཀྱང་མི་བྱ། དབང་པོ་དང་མི་འཚམ་ན། མཛའ་སྡེ་དང་གྲོགས་ནོར་གྱི་ངོ་དགར་ཡང་མི་བཏང་། ཆོས་ལོག་པར་བཤད་པ་བྱེད་པ་ན། ཤས་ཆེ་ཕྲ་དང་སྦྱར་ཏེ་འགྱོད་ཚངས་སུ་བགྱིད་འཚལ། དཔེ་ཆ་སྦྱིར་བཞེས། ཕྱིན་ཆད་དེ་ལྟར་མ་སྤྱོད་ཅེས་ལན་གསུམ་པ་སྒོ། སྐྱེད་མ་མཆིས་ན། རྒྱལ་བའི་བཀའ་ཁྱད་དུ་བསོད་པ་པོ་ལགས་ཅེས་དཔྲལ་བར་ཡི་གེ་བྲིས་ཏེ་ཕྱོགས་གཞན་དུ་དབྱུང་ངོ་།། ཡང་། དགེ་འདུན་རྣམས་ཐར་པའི་ལམ་དུ་གཞུག་ཅིང་ཐམས་ཅད་ཀྱང་འཇུག་པ་དོན་གཅིག་པས། དམ་པའི་ཆོས་ཁོ་ན་གཙོ་བོར་བསྒྲུབ་ཅིང་། ཕན་ཚུན་གཅིག་ལ་གཅིག་དད་ཅིང་ཐུགས་མཐུན་པ། སྙིང་བརྩེ་བ་དང་། ཕན་པས་བསྒྲུབ་པ་ནི། བྱ་བའི་ཆ་ཁོ་ན་ཡིན་ཞིང་། ཁྱད་པར་འཚམས་གཅིག་ན་གནས་པའི་རབ་བྱུང་དང་། དགེ་བསྙེན་ཡན་ཆད་དང་ཁྱིམ་སྤངས་གང་ཡང་རུང་། ཐམས་ཅད་ཡིད་མཐུན་ཞིང་། ཞེ་འགྲས་པ་དང་། ངན་དུ་བྱ་བ། འཁོན་དང་རྩོད་གླེང་མེད་དེ། ཕན་ཚུན་ཕྱོགས་སུ་མ་ཆད་པ་དང་ཉེ་རིང་མེད་དེ། མཉམ་སྙོམས་པར་བྱས། ཆོས་འཁོར་དང་རྩོད་གླེང་མེད་དེ། ཕན་ཚུན་ཕྱོགས་སུ་ཆད་པ་དང་ཉེ་རིང་མེད་དེ། མཉམ་སྙོམས་པར་བྱས། ཆོས་འཁོར་དང་དགེ་འདུན་གྱི་ཕྱེད༼ཆེད༽དུ་གྱུར་པ་འབའ་ཞིག་བྱེད་པ་ལས། རང་ཐད་དང་དགོས་དོན་ཉི་ཚེ་མི་བགྱི། འཇིག་རྟེན་ཕྱི་མའི་ཆེད་དུ་ཆེར་བྱ་བ་ལས། ཚེ་འདིའི་རྙེད་པ་དང་གྲགས་པ་བཀུར་སྡི་མི་རྩམ། ཉེ་དུ་དང་མཛའ་གྲོགས་ཁྱིམ་པར་གྱུར་པ་ལ་སླག་པར་ཆགས་པ་དང་ཞེན་དུ་མི་བགྱི། སླབ་པ་ལ་གནས་པ་རྣམས་ཉོན་མོངས་པས་མི་གཡེངས་ཞིང་། དགེ་བའི་བྱ་བ་ཁོ་ནར་འགྱུར་དགོས་ཏེ། སྒོ་གསུམ་དམ་པའི་ཆོས་དང་མཐུན་ཞིང་། ལམ་མ་ནོར་བ་སྟོན་པ་རྣམས་ལས་ཆོས་ཉན་པ་དང་། བསམ་པ་དང་། སྒོམ་པ་དང་། བྲི་བ་དང་། ཀློག་པ་དང་། འདོན་པ་དང་དཀོན་མཆོག་མཆོད་པ་ལ་སོགས་པས་འདའ་བར་བགྱིད་འཚལ་སྟེ།༼འདིའི་གཞུག་མི་འདུག༽
གཙོ་ངོས།ཤོག་ངོས་གོང་མ།12ཤོག་ངོས་འོག་མ།ཤོག་ངོས་མཐའ་མ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...