སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསར་དུ་རྙེད་པའི་བཙན་པོ་ཁྲི་ལྡེ་སྲོང་གཙུག་བཙན་གྱི་བཀའ་གཙིགས་ཀྱི་ཡི་གེ་ཐོར་བུ།།
རྩོམ་པ་པོ། ར་སེ་དཀོན་མཆོག་རྒྱ་མཚོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-3-19 10:41:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ཁ  ཆོས་འཁོར་བསྟན་པར་བཟུང་བའི་ཁྲིམས།
     མངའ་རིས་ནས་སྙིང་ཚོམ་སྡེ་གསུམ། ཆོས་འཁོར་བཟང་བར་ཕྱུང་སྟེ། སྐྱེ་བོ་རྗེ་འབངས་ཀྱི་དམག་ཁྲལ་བླ་འཐབ་མི་དབབ། སྦྱིས་བགྱི་ཚལ་ཞིང་དབབ་པའི་དམག་ཁྲལ་བགྱིད། རྗེ་བླས་ཐང་མ་ཡོ་ལྷ་རིས་སུ་ཕུལ་བ་ལས་གཞན་གྱི་དཀའ་མི་སྨྲ། ཆོས་འཁོར་གྱི་རྟེན་རུམ་ཡུལ་གྱི་གཞིས་བཟུང་བའི་ཞིང་ནས་ཁམ་སྟོང་གི་ས་དགེ་འདུན་གང་འཐད་པ་ལས་ཕྱེ་ནས་ལྷ་རིས་ཀྱི་ཞིང་ལས་ཀྱི་ཁྲིམས་མངའ་བརྒྱ་ཞིག་བཀའོ།། ཕྱུགས་ཉེར་བའི་གྲོང་ཁྱིམ་བརྒྱ་འབྲོག་པ་ཕྱུགས་དང་བཅས་པ་འབྱུང་། གསེར་པ་གྲོང་ཁྱིམ་བརྒྱའི་ཁང་སོ་གཟུག གཙུག་ལག་ཁང་གུ་གེ་ཡུལ་ནང་དུ། ཁག་ཁྱེར་ཆེ་བ་ཞིག་དང་། གཉི་གོང་རྒྱབ་ཏུ་འཚམ་པ་ཞིག་སྤྱི་དགོས་རྩིག དགེ་འདུན་གྱི་གྲངས་དང་། དབེན་པའི་ཕུག་གང་གི་མཁར་ཀྱང་ཚན་ཆེ་བ་ཅིག་བགྱི། སྔ་ཐབས་ལ་མཆེད་ཁུ་དབོན་རབ་ཏུ་གཤེགས་པའི་སྐུ་རྐྱེན་འབངས་ལས་དད་པ་ཅན་དང་། ཆུ་གང་གི་རྫོང་པ་དང་། འཕྲལ་དུ་བགྱིད་པ་དང་། པུ་ཧྲངས་ལས་བཞི་བཅུ། གུ་གེ་བོད་གཞུང་ལས་བརྒྱ་ཐམ་པ། པི་ལྕོག་སྡེ་གཉིས་ལས་སུམ་ཅུ། མར་ཡུམ་པ་ལས་སུམ་ཅུ་སྟེ། བསྡོམས་པས་ཉིས་བརྒྱ་པོ་འདི་རྣམས་ཀྱང་གསལ་བ། རང་བཞིན་བཟང་བ་བཏུས་ཏེ་ཐར་པ་བཏང་། དབུས་ཁམས་ནས་དགེ་བའི་བཤེས་གཉེན་མཁས་པ་གསུམ་ཞིག་སྤྱན་དྲངས། བསྟོད་རིས་འདི་ན་མི་བཞུགས་པའི་གསུང་རབ་མཐའ་དག་ཕྱོགས་ཀུན་ཏུ་བཙལ། གཙུག་ཁང་གི་རྐྱེན། མཆོད་བྱ་ལ་སོགས་པ་དང་། དགེ་འདུན་གྱི་ཡོ་བྱད་རྣམས་ཆོས་འབྱོར་བར་བཤམས། སྐྱེ་བོ་མངའ་མཛད་པའི་མངའ་རིས་ཀྱི་ནང་ནས་དགེ་འདུན་གྱི་འཚོ་བའི་རྐྱེན་བཅས་འཕྲལ་གྱི་ནས་མང་དུ་བཏང་། ཇོ་མོ་དང་ལྕམ་མོ་ལ་སོགས་པ་དགེ་སློང་མའི་གཞི་འཛིན་སྔོ་ཐོག་ཅིག་བྱུང་ན་མི་དགའ་ཞིང་། བུད་མེད་ལས་གཞན་ཡང་ཐར་པར་བཏང་། གནས་དང་གཙུག་ལག་ཁང་བསྟན་པ་ཞིག་ཀྱང་། དུས་དེའི་ཚེ་ན་རྩིགས་དེ་ཁོལ་བུར་བཞག མངའ་རིས་ཀྱི་འབངས་ན་གཞོན་པ་ཤེས་རབ་བཟང་བ། མཚན་ཉིད་བཟང་བ་ཁྱིམ་མེད་པ་ཉི་ཤུ་ལྷག་བཏུས་ཏེ། ལོ་ཉི་ཤུ་གསུམ་སོགས་སུ་སྨན་སློབ་དུ་སྩལ། སྨན་གྱི་ངོ་བོ་སྟོད་རིས་སུ་ནུབ་པ། སྨན་དཀོན་པ་རྣམས་ཁ་ཆེ་དང་བལ་ཡུལ། ཉི་འོག་སོགས་སུ་ཚོལ་བའི་མི་ཚང་དང་བཅས་པ་རྫོང་ངོ་།། གཙུག་ལག་ཁང་ཁང་གི་མཆོད་རྐྱེན། རོལ་མོའི་བྱེ་བྲག་རྒྱུད་འབུལ་ལ་སོགས་པ་ཆོས་འཁོར་ན་གནས་པ་སླབ་བོ།། མངའ་ཐང་མི་འཁོང་བ་བསྲུང་བའི་ཕྱིར། ལྡོང་། སྟོང་། དྲོང་ཆུང་པ་རྣམས་མངའ་རིས་སྐོར་གསུམ་གྱི་བན་སྐྱ་ཕྱིས་ལྡོག སྟོད་རིས་ནས་ཆོས་འཁོར་ལ་བརློམ་ཤིང་ཕྱོགས་རིས་སུ་སྤྱད་པ་བྱུང་ན། མངའ་རིས་ཀྱི་བན་སྐྱ་རྒན་ནོངས་མ་མཆིས་པར། གཞན་གྱི་ཡུལ་དུ་དམག་མི་དྲངས། བཀས་མ་ཡོངས་ན་མངའ་རིས་སྐོར་གསུམ་སྐོར་གཉིས་ཀྱི་དམག་གིས་གདབ། བྱད་པ་ཆེན་པོ་བྱུང་སྟེ་སྐད་ཐོས་ན། ཡུ་གུའི་སྐྱེ་བོ་སྤྱིས་རྒལ། བྱག་པ་ཕྲ་མོ་གང་བྱུང་ནའང་མངའ་རིས་ས་སར་སྣ་ལྟབ། ཁྲལ་འབབ་བྱག་པ་ཀུན་ལ་ཁོག་ཏུ་ཆུད་པའི་བཙོན་མི་རྐུམ། དམག་ཁྲལ་དཔོན་དང་། ས་མཁན་དུ་ཟིན་ཀྱང་སྦས་ཡུལ་ཤར་ས་འོག་གི་མི་དུ་གུམ་ཡང་མི་གཅིག་ལ་སྲང་བཞི་སྤྱིར་བཀྲལ་དེ། དགེ་འདུན་གྱི་སྡིག་སྦྱོང་དང་བགེ་བ་བགྱི། ལ་ཁོག་ཏུ་ཆུད་པ་ལས་མི་ཤ་བ་བསོད་པ་བྱུང་ན་མི་བཟང་ངན་གང་ཀུམ་ཡང་འདྲ་སྟེ། རྟ་རབ་འབྲིང་ཐ་མ་གསུམ་རེ་རེ་འབབས། མི་ཤ་བ་ནི་འདེམས་ཤིང་། བླུད་འབེབས་སུ་གནང་། མངའ་རིས་ཀྱི་འབངས་སྐྱ་བོ་རྣམས་ཀྱི་རྟ་སྟར་ཤིང་དཔའ་རྩལ་སྦྱངས། དབྱར་ལོ་ལོར་དཔའ་སྟར་གྱི་ངོ་བྲལ་དུ་བྱེད་ཅིང་མི་བགྱིད། ས་ལ་ཁྱད་པར་དམིགས་སུ་བགྱི། དབྱར་ལོ་ལོར་བྱང་ཁྲུས་བགྱི་ཞིང་རྣམས་གླན། དགུན་སུ་གུ་གེ་ཕྱུག་མའི་ཁད་བསྲུངས་ཞིབ་ཅན་སྟོང་ཞིག་ཁྱུང་ལུང་དུ་བཞག་ལ། ཡ་ཡོད་ཀྱི་མཁར་རྣམས་སྦྱངས། ཉེ་འཁོར་གྱི་འབྲོག་ཡོངས་པར་བསྲུངས། པུ་ཧྲངས་པས་བྱུ་དཀར་པ་མན་ཆད་ཁ་བསྟོད་ཀྱི་ཡུལ་བརྙན་པོ་བཟུང་། གུ་གེ་བོད་གཞུང་གིས་གཉི་གོང་དང་ཝན་ལེ་བཟུང་། རུ་ཐོག་མར་ཡུལ་བས་བཟུང་། མིས་ཆོས་ལུགས་མ་ནོར་བར་སྤྱད་པ་ལ། རྣལ་འབྱོར་ཆེན་པོའི་ལམ་སྔར་ཐོས་ཤིང་ཡིད་ཆེས་ཏེ། དེ་ལ་མོས་པ་རྣམས་ཀྱིས་ཕྱིས་སྤང་དུ་ག་ལ་རུང་། གཞུང་དང་མཐུན་པར་བསྒོམ་པ་ནན་ཏན་བགྱིད་འཚལ། སློབ་དཔོན་ཡོན་ཏན་ཚད་ལྡན་དང་། སློབ་མ་ཡོན་ཏན་ལྡན་པས་སྤྱིར་བཤེར་ཞིང་བཏགས་ནས་ཆོས་ཉན་པའམ། ཚོགས་ནས་བསྒྲུབས་པ་བགྱིད་དུ་གནང་། གང་རུང་རུང་བགྱིད་དུ་མི་གནང་། རུང་རུང་དུ་བགྱིས་ན་སློབ་དཔོན་ལ་ལྟ་ཞིང་སློབ་མ་ལ་དུ་བགྱིད་ཀྱང་སྲང་རེ་རེ། ཚོགས་དཔོན་བབ་ཆོལ་དུ་བགྱིད་སྲང་གཉིས། སློབ་མ་དང་ཚོགས་སུ་མཆིས་པ་ལ་སྲང་ཕྱེད་ཕྱེད་སྤྱད། ཡུལ་དང་ཕྱོགས་གཞན་གྱི་ལྡམ་བོ་བ་ལ་ལྡམ་རྩན་སྲང་རེ་བསྩལ། ཀློག་མཁན་ཁོད་དུ་བཏང་ཏེ། མཆོད་རྟེན་དང་བཅོ་ཁྲི་དང་སྐུ་གཟུགས་བཀའ་ནན་གྱིས་ཆུམས་ཤིང་གང་ལ་འོས་པའི་ཆད་པ་གཅོད་པ་མི་མཛད་རེ།༼འདིའི་འཕྲོ་མ་མི་འདུག༽
ག   ༄། ཤིང་མོ་ལུག་གི་དབྱར་ཟླ་འབྲིང་པོ་ལ་ལྷ་བླ་མ་ཡེ་ཤེས་འོད་འདི་ཉིད་ཡུལ་པུ་ཧྲང་དུ་ཕྱག་ཕེབས། ཝི་ཕུག་མོར་སྟོད་སྨད་ཀྱི་མཆེད་ཁུ་དབོན་བྱིན་གདན་འཛོམས། མངའ་རིས་སྐོར་གསུམ་གྱི་འབངས། བོད་ཞང་དྲན་པ་ཤེས་པ་ཡོ་ཚོགས། སྟོད་ཕྱོགས་འདི་ཇི་ལྟར་བགྱིས་ན་བདེ་བར་འགྱུར། བདེ་བར་འགྱུར་བའི་ཡན་ལག་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་མངའ་ནས། སྐྱེ་བོ་རྗེ་འབངས་ཡོངས་ལ་བཀའ་བསྩལ། མཆིད་གོང་དུའང་གསོལ། འབངས་སོ་སོར་ཡང་མཆིད་གྲོས་བསྩལ་ཏེ། སྤྱིར་བཏུན་དེ་བསྡུས་ནས། མོལ་ཆད་དཀར་ཆག་དུ་བགྱིད་པའི་གཞི། 
     ༄། བོད་ཀྱི་མངའ་རིས་རྒྱ་ཁྱོན་མི་ཆེ་བ་ཞིག་ལ། གློ་བུར་བའི་རྒྱལ་པོ་གཅིག་གིས་མངའ་མཛད་ནས། བོད་སྤྱི་མཐུན་གྱི་བསོད་ནམས་འཕེལ་བའི་དུས་ལ་བབ་པས། འགྲེང་མིའོ་ཆོག་གི་ཆོས་ལུགས་མ་ནོར་བ་སྤྱད་དེ། ཡུལ་དབུས་བདེ་ཞིང་མཐར་སྐྱིད། བཙན་པོ་ཞལ་གཅིག་གིས་མངའ་མཛད་པས་ནི་མངའ་རིས་ལ་ཕྱོགས་མེད། འབངས་ཡོ་རྗེ་གཅིག་ཉིད་ལ་བརྟེན་པས་ནི། ཚན་དང་། རིས་སུ་མི་བྱེད་པ་ཞིག་ལས། བར་ཞིག་ཚུན་ཆད་བོད་སྤྱི་མཐུན་གྱི་དགེ་བ་ཟད་པས། མངའ་མཛད་དབུ་གྲངས་མང་། མངའ་རིས་ཕྱོགས་བཟུང་ཞིང་། འབངས་སྐོལ་ཚན་ཆེས་པས། དབུས་རུ་གཡོན་རུའི་འཁྲུག་པ་དང་། ངག་ལོག་གི་ཁེངས་ཡན་ཆད་ཀྱིས། བཀའ་ཁྲིམས་རྣམས་ཉམས་དམས་ཏེ། རང་དབང་སིལ་བུར་གྱུར་པ་འདྲ། ཡབ་སྐུ་མཆེད་གསུམ་གྱིས་སྟོད་ཕྱོགས་འདི་མངའ་མཛད་ནའང། མཐུན་པའི་བཀའ་གྲོས་མ་ཉེས་པ་དང་། འབངས་ཉུང་ཤས་ཙམ་གནས་པ་འདི་ཡང་། ཞིག་བརླག་ཆེ་བར་སོང་། དབོན་སྲས་ཡབ་མཆེད་ཞལ་གྲངས་མང་དུ་འཁྲུངས། མ་བྲལ་མ་ཞིག་པའི་ཐུགས་དགོངས་ཀྱང་སོ་སོ་ན་མངའ་ན། རྗེ་ཉིད་ཀྱི་ཐུགས་རྒྱ་ཆུང་བ་དང་། འབངས་སྤུ་ཕྲས་པས་དེ་ལྟར་ཡང་མ་བཏུབ། སྔོན་གྱི་རྒྱལ་ཁྲིམས་ལྟ་བུ་མངའ་མཛད་བཟུང་བའི་ཐབས་ནི་ད་བགྱིར་མི་ཚལ། འོན་ཀྱང་། གདུང་རྒྱུད་ལས་ཐར་པར་གཤེགས་པའི་མོ་ལ་འདི་གྲངས་དུ་མའི་སྒོ་ནས་བསམ་པ་ལས་འདས། འཐད་མི་འཐད་ཀྱི་བཀའ་གྲོས་ཐོག་ཏུ་མ་བབས། འདི་རིས་ཀྱང་རྗེ་འབངས་ལས་དགོས་ཚད་མི་མཐུན་པ་ནི་ཡོད་ན། མངའ་རིས་སྐོར་གསུམ་གྱི་མགོ་ནག་པོ་འབུམ་ཕྲག་གཅིག་གནས་པ་རེ་ཞིག་བདེ་བར་འགྱུར་བའི་ཆེད་དུ། བཙན་པོ་དབུ་གྲངས་བསྐྱུངས་ཏེ། ཐར་པར་གཤེགས་པ་ནི་འབངས་ལ་ཕྱོགས་རིས་མི་འབྱུང་། མངའ་རིས་ཆོས་སྐོར་དུ་བྱས་ཤིང་། ལྷ་འབངས་སུ་བཅད་པས་ནི། ཡུལ་ལ་ང་ཁྱོད་མི་མངའ། ཐབས་འདི་ལྟར་སྦྱར་བ་ལས། ཡང་གནས་བཀའ་གྲོས་ཀྱི་དམིགས་གཞན་ཡང་མ་རྙེད་དེ། ད་ཕྱིས་སླན་ཆད་མིའི་ཚོགས་ལ་ཕན་པ་དང་། བདེ་བར་བྱ་བའི་ཐབས་བགྱིའོ་ཚལ་གྱི་རྣམ་གྲངས་འདོར་བདུས༼མདོར་བསྡུས༽པ་ཡིན་གྱིས། ཀུན་གྱིས་ཀྱང་ཁྲིམས་དང་མི་འགལ་ཞིང་། གཞུང་འདི་སྲོངས་བར་གྱིས་ཤིག ༄། བཙན་པོས་ཇི་ལྟར་མཛད་པའི་ཁྲིམས་ལ། ད་ལྟའི་མོལ་བའི་བཙན་པོ་མཆེད་ཁུ་དབོན་བཞི་སྐྱེ་བོ་བཞུགས་པ་ལས། ཕྱི་མ་ཀུན་ཐར་པར་གཤེགས། མངའ་ཕུལ་བ་རྣམས་ཀྱི་སྐུ་ལས་སྲས་སུ་འཁྲུངས་ཀྱང་། རེ་རེ་གདུང་ཚབ་ཏུ་བཞག གདུང་ཆད་ན། མར་ཡུལ་དང་། པུ་ཧྲངས་གཉིས་ཡུལ་ནད་ཆེ་བས། བཙན་པོ་དགེ་འདུན་གྱི་ནང་ནས་རེ་རེས་གདུང་བསབ། བཙན་པོ་སྐྱེ་བོ་རྣམས་ཀྱིས་རྩིགས་ལས་འབྱུང་བ་བཞིན་དཀོན་མཆོག་གཉན་པར་བཀུར་ཞིང་། བསྟན་པ་ཅི་དར་དུ་བགྱིས་ཁྲིམས་ཡིག་གསར་པ་ལས་འབྱུང་བ་བཞིན། རྗེ་ཉིད་བཀའ་གྲོས་མ་བྲལ་ཞིང་། འབངས་ཆོས་ཀྱིས་སྐྱོང་བར་ཅིག་མཛད། ཁྲལ་ཡུན་གྱི་དགྲ་ཐབས་ལས་འབྱུང་བ་བཞིན་མངའ་རིས་མཐའ་མིས་གོང་བར་བསྲུང་བཞིན། ཕྱོགས་རིས་དགྲ་ངོ་ལོན་པ་ཅིག་བཤམ། བཙན་པོ་སྐྱེ་བོ་ལས་ཚོར་འཇིག་པ་བྱུང་ན། བཀའ་ཁྲིམས་ཆེན་པོ་དང་སྦྱར། མངའ་མཛད་གཞན་ལ་རྒལ་ན་རྒྱལ་ཁམས་མི་གཅིག་པར་སྤྱུག མངའ་མཛད་མ་མཁྱེན་ན་ཇེ་བདེན་པས་བཅོ་སྐྱེད་མ་བྱུང་ན། དགེ་འདུན་ལས་དགོངས་མཁྱེན་པ་དང་བརྗེ། བཙན་པོ་རབ་ཏུ་བྱུང་བ་རྣམས་ཀྱིས་འདུལ་ཁྲིམས་ལ་འབྱུང་བ་ལྟར། དམ་པའི་ཆོས་གཞུང་བཞིན་དུ་སྦྱར་ཞིང་། བསྟན་པ་དར་བར་བགྱིས།"༼འདིའི་འཕྲོ་མ་མ་རྙེད།༽
ང   ༄། མེ་མོ་བྱའི་ལོ་དཔྱིད་ཟླ་ཐ་ཆུང་གི་ངོ་ལ། ལྷ་བླ་མ་ཡེ་ཤེས་འོད། དེ་བ་ར་ཛ། ནྰ་ག་ར་ཛ་རྣམས་དབེན་གནས་ས་སྒམ་ན་བཞུགས། སྲས་གཉིས་རབ་ཏུ་བྱུང་།༼མཇུག་མ་ཚང་བར་འདུག༽
ཅ  ༄། གཤིན་པོའི་དོན་དུ་ནོར་དུར་དུ་སྤེད་པའི་ལུགས་ཡོད་པ་བཀག་ནས་དགེ་བ་བྱེད་དུ་བཅུག བོན་ཉི་ཚེ་ཙམ་ཅིག་མཛད་དུ་བསྩལ་བ་ལ། བོན་པོས་ཀྱང་། སྔོན་གྱི་བོན་གཞུང་རྙིང་པ་བཞག་པ་དེ་ཉིད་ལས། གསར་ཆོས་སུ་ཆོས་བོན་བསྲེས་པ་ལྟར་མི་བགྱིད། བགྱིད་ན་བོན་ཡིག་བསྲེག་པའི་འོག་ཏུ་ཆད་པ་རྟ་རེ་སྤྱད། དོན་བདག་ལ་སྲང་གཉིས་ཀྱི་སྤྱད། ལྡམ་པོ་ལ་སྲང་གཅིག་སྤྱད། མངའ་རིས་སུ་བོན་ཤིད་ནག་པོ་ཆོས་སུ་བགྱིད་ན་མི་གནང་། བགྱིས་པ་བྱུང་ན་བོན་པོ་དུ་ཡོད་ཀྱང་སྲང་ཕྱེད་ཕྱེད། དོན་བདག་ལ་སྲང་གཉིས་ཀྱི་སྤྱད། ལྡམ་པོ་ལ་སྲང་གཅིག་བསྩལ། བོན་པོ་དངོས་གུམ་པ་ལ་ནི་ཤིད་ནག་ཆོས་སུ་བགྱིད་དུ་མི་སྣང་གསོན་བོན་གྱི་ཕྱུགས་བསོད་པ་སྐྱུང་། བསད་ན་ཉ་ཆས་བཞུ། རྫོགས་ཆེན་ཨ་ཏིའི་ཆོས་དགག་ཏེ། སློབ་མ་བསྡུད་ཅིང་གནོན་གཤིན་གྱི་ཆོ་ག་བགྱིད་དུ་ཡང་མི་གནང་། བགྱིད་པ་བྱུང་ན། དཔོན་སློབ་གཉིས་ལ་རྟ་གཅིག ཡོན་བདག་ལ་སྲང་རེ་བཅད། ལྡམ་པོ་བ་ལ་སྲང་གཅིག་བསྩལ། མངའ་རིས་ན་ལུང་དང་མན་ངག་གསོལ་བའི་ཕྱིན་ཅི་ལོག་སྤྱོད་ཅིང་སློབ་མ་སྡུད་པ་རྣམས་དགག བགྱིད་པ་བྱུང་ན་སློབ་དཔོན་ལ་རྟ་གཅིག་སློབ་མ་ལ་སྲང་རེ། ལྡམ་པོ་བ་སྲང་གཅིག་བསྩལ་ལོ།།༼འདིའི་ཞབས་མི་འདུག༽
ཆ  ༄། མེ་མོ་ཁྱིའི་ལོ་ལ་གཙང་གི་ཀ་པེ་ཧྲག་དུ། གཅེན་འཁོར་རེ། ཁྲི་ལྡེ་སྲོང་གཙུག་ཡབ་མཆེད་ཁུ་དབོན་རྣམས་གདན་འཛོམས། པུ་གུག་གི་འབངས་དྲ་མ་ཐམས་ཅད་འཚོགས། མངའ་རིས་སུ་དམ་པའི་ཆོས་ཅི་རྒྱས་ཀྱི་བཀའ་གྲོས་བཅད། སྲོང་ངེ་རབ་ཏུ་གཤེགས་པར་བཞེད་པས་གཅེན་གྱིས་མངའ་སྐྱོང་བར་ཞུ་ཕུལ། སོ་སོར་ཁྲིམས་ཀྱི་བཅའ་ཡིག་ཀྱང་བསྩལ་ལོ། །༼འདི་མན་མ་རྙེད༽
གསུམ། མཇུག་གི་གསལ་བཤད།
     དེ་ལྟར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས་འདི་ཉིད་ད་ཕན་མཁས་པ་གཞན་གྱི་ཕྱག་ཏུ་མ་སོན་པས་དཔྱད་གཞིའི་ཁྲོད་དུ་གྲགས་རྒྱུ་མེད་པ་རེད། ཁོ་བོའི་ལག་ཏུ་དཔེ་རྙིང་མྱུར་སྐྱོབ་བཙལ་འཚོལ་སྐལ་བཟང་བྱ་བའི་ཁྲོད་དུ་སོན་པར་དུས་དེབ་ཀྱི་ཤོག་ངོས་ཁ་ཤས་གཡར་པོ་ཞུས་དགོས་བྱུང་། འདི་ཉིད་ལ་བལྟས་མ་ཐག་ཆོས་ལུགས་ཁོ་ནར་མཐོང་ཡང་ཞིབ་ཏུ་དཔྱད་ན། ལོ་ངོ་སྟོང་གི་གོང་གི་བཙན་པོའི་བཀའ་གཙིགས་དྲི་མ་མེད་པ་འདི་ལས་སྐབས་དེའི་མངའ་རིས་ཀྱི་བཙན་པོའི་དུས་རབས་ཀྱི་ཆབ་སྲིད། དཔལ་འབྱོར། དམག་དོན། ཁྲིམས་ལུགས། ཆོས་ཁྲིམས། བརྡ་སྤྲོད། མངའ་འབངས་སོགས་ཞིབ་མོར་རྟོགས་ཐུབ་ཅིང་། 《ཏུན་ཧོང་གཏེར་ཡིག》ལྟར་བཙན་པོའི་དུས་ཀྱི་ལོ་ཚིགས་སོ་སོའི་བཞུགས་གནས་མཛད་པ་སོགས་བཀོད་སྣང་བས་བརྡ་སྤྲོད་ཀྱི་འཕེལ་རིམ་དང་། ཡིག་ཚངས་ཀྱི་འགོད་སྟངས་སོགས་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ་བར་བརྟེན། ཀུན་གྱི་དཔྱད་གཞིར་འགྱུར་བའི་རེ་བས་འདིར་མཚམས་སྦྱོར་བྱས་པས་ལོ་རྒྱུས་ཀྱི་ངོ་བོ་ཇི་བཞིན་མཐོང་བའི་རྒྱུར་གྱུར་ཅིག །
གཙོ་ངོས།ཤོག་ངོས་གོང་མ།12ཤོག་ངོས་འོག་མ།ཤོག་ངོས་མཐའ་མ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...