སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས། སྨད་ཆ།
རྩོམ་པ་པོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-3-25 9:40:00 རྩོམ་ཁུངས། དྲ་རྒྱ་ལས་བཏུས། ཀློག་གྲངས།
     གནའ་རབས་ཀྱི་ལོ་རྒྱུས་འདི་དུས་རབས་དགུ་པའི་ཕྱེད་གཉིས་པའི་ནང་བྲིས་པར་ངེས།འདི་ཏུན་ཧོང་ཡིག་རྙིང་གི་གྲས་ནས་སྤྱི་ལོ1976ལོར་བདག་གིས་རྙེད། དེ་སྔོན་མཁས་པ་སུ་གང་གིས་གཟིགསམི་འདུག་པས་བོད་ཀྱི་ལོ་རྒྱུས་མཁན་ཚོ་ལ་ལེགས་སྐྱེས་སུ་འབུལ། དེར་བརྟེན་ལོ་རྒྱུས་འདི་དུས་སྐབས་དེ་རང་དུ་བྲིས་པས་ད་བར་ཆིག་སྟོང་ཉིས་བརྒྱ་ལོན་པ་དང་དེ་ནི་ཕྱིས་སུ་བྱུང་བའི་ལོ་རྒྱུས་མཁན་གྱིས་ཕྱོགས་ཞེན་གྱིས་མ་བསླད་པའི་ཡིག་ཆ་ཁུངས་ལྡན་ཞིག་ཡིན།འདིའི་ནང་རྒྱལ་པོ་ཙ་ཞེས་པ་ནི་རྡོ་རྗེ་ཐེག་པའི་འབྱུང་ཁུངས་བཤད་པའི་སྐབས་སུ་རི་བོ་དཔལ་ཞེས་བྱ་བའི་རྩེ་མོར་མགོན་པོ་ཕྱག་ན་རྡོ་རྗེ་ལས་གསང་སྔགས་རྒྱུད་བཅོ་བརྒྱད་ཞུས་པའི་རྒྱལ་པོ་དེ་དང་ཆ་འདྲ་བར་འདུག དེའི་སྐོར་ཞིབ་བཤད་གཞན་དུ་བྱས་ཡོད་པས་དེར་གཟིགས། དེ་ལྟར་རྒྱལ་པོ་ལྷ་སྲས་དར་མ་ནས་དེའི་སྲས་ཁྲི་འོད་སྲུང་གི་སྐུ་རིང་བར་སངས་རྒྱས་ཆོས་ལུགས་ཧ་ཅང་དར་བར་བཤད་པ་ལས་སྣུབ་པའི་ལོ་རྒྱུས་མི་འདུག་གོ །
     ཁྲི་དར་མས་རྒྱ་ཤ་ཅུ་དང་འཛམ་གླིང་ཤར་དཀྱིལ་གྱི་དར་ལམ་ཁུལ་དུ་ཡོད་པའི་བོད་ཀྱི་ མངའ་རིས་ལ་སྔར་བཞིན་ཆབ་སྲིད་ཀྱི་དབང་བསྒྱུར་བ་དང་དེ་དག་ཏུ་ཡོད་པའི་མི་རིགས་ བོད་ཀྱི་མངའ་འབངས་སུ་གཏོགས་པ་ཚོས་བོད་བཙན་པོའི་རྒྱལ་ཁབ་ལ་བདེ་འཇགས་ཡོང་བ་དང་རྒྱལ་པོ་ཆེན་པོའི་སྐུ་ཚེ་རིང་བ་དང་མངའ་ཐང་རྒྱས་པའི་ཆེད་དུ་སྨོན་ལམ་ཞུས་པ་འདི་ལྟར་འདུག
     “བཙན་པོ་ལྷ་སྲས་འུའི་དུན་བརྟན་གྱི་སྐུ་ཡོན་དུ་བསྔོ་བའི་སྨོན་ལམ་དུ་གསོལ་བ། ཆགས(ཆབ)འོག་གི་འབངས་ལས་མཆོད་པའི་གནས་སུ་གནང་སྟེ། རང་དབང་བསྐུར་ནས་མྱི་མང་པོ་ཐར་པར་བཀྱེ་ཡང་གྲོལ། ཐར་བའི་སྣོད་དུ་འགྱུར་ཞིང་། འགྲོ་བ་མང་པོ་ལ་ཕན་པ་དང་།བདེ་བའི་དོན་བྱེད་པར་གྱུར་ཅིག བར་ཆད་ཀྱི་བགེགས་དང་བྲལ་ཏེ། ཚེ་ལ་དབང་ཐོབ་པར་སྨོན་ནོ༎ གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩིགས་ཤིང་རྙིང་བཅོམས་ཡང་ལྷ་དང་མྱིའི་མཆོད་པའི་རྟེན་ནམ་ཉི་མ་དང་ཟླ་བ་ཡོད་ཀྱི་བར་ཏུ་དམ་པའི་ཆོས་མྱི་འཇིག་ཅིང་གནས་པར་གྱུར་ལ་འགྲོ་བ་མང་པོའི་བསོད་ནམས་ཀྱི་གཞིར་གྱུར་ཅིག ཕྱོགས་བརྒྱད་ཀྱི་རྒྱལ་པོ་ཐམས་ཅད་ཀྱང་བཀའ་འོག་ཏུ་འདུས་པ་དང་། ད་ལྟར་བཞུགས་པའི་སྐུ་འདི་ལ་ལྟས་ངན་པ་སྟོན་པ་དང་། འགེགས་དང་ཕས་གྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་ཤིང་སྐུ་ཚེ་གཡུང་དྲུང་དུ་ བཞུགས་པར་སྨོན་ནོ།།”
རྒྱལ་བོ་ཁྲི་དར་མ་བཀྲོངས་པ།
     རྒྱལ་བོ་ཁྲི་དར་མའི་སྐུ་རིང་ལ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པའི་ལམ་ལུགས་ལ་གནོད་འཚེ་ཚབས་ཆེན་པོ་བྱུང་བར་བརྟེན་བསམ་ཡས་དང་གཙུག་ལག་ཁང་གཞན་ལ་བཞུགས་པའི་གྲྭ་པ་རྣམས་ཀྱི་འཚོ་བར་དཀའ་ངལ་བྱུང་། དེར་བརྟེན་བོད་བཙན་པོའི་རྒྱལ་ཁབ་ནང་ནང་ཆོས་ལ་མཐུན་རྐྱེན་སྦྱོར་བའི་སྲིད་ཇུས་དང་དམག་དོན་གྱི་ཆབ་སྲིད་གཉིས་བར་གྱི་འཐབ་རྩོད་་དེ་རིམ་པར་ཇེ་སྡུག་ཏུ་ཕྱིན། བསམ་ཡས་ཀྱི་དགེ་འདུན་པ་རྣམས་ཀྱིས་རྒྱལ་པོ་ཁྲི་དར་མའི་སྲིད་ཀྱི་ལམ་ལུགས་ཡིད་ལ་མ་བཟོད། མཐར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་བོ་ཁྲི་དར་མ་སྤྱི་ལོ842ལོ་སྟེ་དགུང་ལོ་སོ་དགུའི་ཐོག་ལྷ་སར་སྐུ་བཀྲོངས། ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐོར་ཆོས་འབྱུང་སོ་སོ་ནས་བཤད་སྟངས་མི་འདྲ་བ་ཡོད། འགའ་ཤས་ནས་གྲུབ་ཐོབ་ལྟ་བུ་དང་ཡང་འགའ་ཤས་ནས་སྔགས་བཙུན་ལྟ་བུ་ཞིག་ཡིན་པར་བཤད་མོད། ཁོང་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་བ་ཞིག་ཡིན་པར་མ་ཟད་བསམ་ཡས་ཀྱི་མཁན་རབས་དགུ་པ་ཡིན་པ་གནའ་རབས་ཀྱི་ཡིག་ཆ་ཏུན་ཧོང་ཡིག་རྙིང་བྲིས་མའི་གྲས་ནས་བདག་གིས རྙེད་བྱུང་། དེ་ཡང་རབ་བྱུང་བའི་རྟེན་དུ་ཡོད་པ་ཞིག་ཡིན་པ་ཁོང་མདོ་ཁམས་སྨད་དུ་བྲོས་པ་དང་རྒྱལ་པོ་བསད་པའི་རྐྱེན་གྱིས་དགེ་སློང་གི་སྡོམ་པ་ཞུས་པའི་ཁ་སྐོང་དུ་བཞུགས་མ་ཐུབ་པའི་ལོ་རྒྱུས་ཀྱིས་ཀྱང་ཤེས་སོ།། ད་ཕན་རྒྱལ་རབས་དང་ཆོས་འབྱུང་ཁག་མཐོང་བའི་ནང་ན་བསམ་ཡས་ཀྱི་མཁན་རབས་རིམ་བྱོན་བཤད་པ་རྩ་་བ་ནས་མི་འདུག་པས་གོང་སྨོས་ཡིག་རྙིང་དེ་གལ་ཧ་ཅང་ཆེན་པོར་མཐོང་། གང་ལྟར་རྒྱལ་བོ་ཁྲི་དར་མས་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་དང་བཙུན་པས་འཚོ་བ་གཞན་ལ་བརྟེན་པ་བཀག་འགོག་བྱས་པ་ལ་བསམ་ཡས་ཀྱི་མཁན་པོའི་སྙིང་ན་ནས་རྒྱལ་བོ་ བཀྲོངས་བ་ལ་ཧ་ལས་དགོས་དོན་མེད་ན་ཡང་རྒྱལ་བོ་ཁྲི་དར་མ་བཀྲོངས་བའི་རྗེས་སུ་རྒྱལ་ས་འཛིན་མཁན་སྤུ་རྒྱལ་བོད་ཀྱི་རྒྱལ་བོའི་གདུང་འཛིན་མེད་པའི་རྐྱེན་གྱིས་སྤུ་རྒྱལ་བོད་ཀྱི་རྒྱལ་པོའི་གདུང་རབས་ཆད། བཙན་པོ་རིམ་བྱོན་གྱི་ནང་ནས་ཁ་ཤས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་སྦྱིན་བདག་མཛད་པ་ལ་སངས་རྒྱས་ཆོས་ལུགས་མི་སྣས་རྟག་པར”ཆོས་རྒྱལ”དང”བྱང་ཆུབ་སེམས་དཔའ”སོགས་ཀྱི་སྒོ་ནས་གཟེངས་བསྟོད་ཧ་ཅང་བྱས་ཀྱང་རྒྱལ་པོ་ཁྲི་དར་མ་སངས་རྒྱས་ཆོས་ལུགས་མི་སྣས་བཀྲོངས་པ་ནི་རང་གིས་ཧ་ཅང་གཅེས་པའི་རྒྱལ་པོའི་སྦྱིན་བདག་གི་གདུང་རབས་བཅད་པར་མ་ཟད་བོད་ཀྱི་ལོ་རྒྱུས་ཐོག་སངས་རྒྱས་ཆོས་ལུགས་མི་སྣས་བྱས་རྗས་ཧ་ཅང་ཆེན་པོ་ཞིག་བཞག་པ་རེད། གང་ལགས་ཤེ་ན། རྒྱལ་བོ་ཁྲི་དར་མ་བཀྲོངས་པ་ནས་བཟུང་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་བ་ཕུད། བོད་རང་གི་སྲིད་གཞུང་དང་མི་དམངས་ཁ་བྲལ་ཏེ་བོད་སིལ་བུར་འཐོར་ནས་ལོ་ངོ་ཆིག་སྟོང་བརྒྱ་ཙམ་རིང་སྔོན་བྱོན་བཙན་པོ་རྣམས་ཀྱི་སྐུ་རིང་ལྟར་བོད་སྤྱི་ལ་དབང་བསྒྱུར་བའི་སྲིད་གཞུང་ཞིག་རྩ་བ་ནས་འཛུགས་མ་ཐུབ་པ་འདི་བྱུང་བ་རེད།
     རྒྱལ་བོ་ཁྲི་དར་མ་སྐུ་བཀྲོངས་པའི་རྗེས་སུ་བཙུན་མོ་སྣ་ནམ་བཟའ་ལ་སྲས་ཡུམ་བརྟན་དང་ཚེ་སྤོང་བཟའ་འཕན་ལ་གནམ་ལྡེ་འོད་སྲུང་འཁྲུངས་སོ་ཞེས་ཕྱིས་བྱུང་གི་རྒྱལ་རབས་དང་ཆོས་འབྱུང་ཁག་མང་ཆེ་བར་བཤད་ཀྱང་ཡིག་རྙིང་རྣམས་སུ་འོད་སྲུང་གི་ མིང་གཅིག་བུ་ལས་ཡུམ་བརྟན་ཞེས་པ་རྩ་བ་ནས་མི་འབྱུང་བས་བོད་ཀྱི་ལོ་རྒྱུས་ལ་ མཁས་པ་སྐུ་ཞབས་རི་ཅར་སོན་གྱིས་ཡུམ་བརྟན་ཞེས་པའི་རྒྱལ་སྲས་ཤིག་བྱུང་བར་མི་འདོད་ལ། གང་ལྟར་བོད་ཀྱི་ལོ་རྒྱུས་མཁན་པོ་ཉང་རལ་ཉི་མ་འོད་ཟེར(1124-1192)ཀྱིས་བརྩམས་པའི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ཅེས་པ་དང་ས་སྐྱའི་བསོད་ནམས་རྩེ་མོས(1142-1182)བྲིས་པའི《ཆོས་ལ་འཇུག་པའི་སྒོ》ཞེས་པ་གཉིས་ཀར་ཡུམ་བརྟན་གྱི་མིང་འབྱུང་བས་ལྷ་སྲས་འོད་སྲུང་སྐུ་མཆེད་ལ་ཡུམ་བརྟན་ཞེས་པ་ཞིག་ཡོད་པའི་ལོ་རྒྱུས་ནི་དུས་རབས་བཅུ་གཉིས་པའི་སྐབས་ནས་བྱུང་འདུག་ཕྱིས་ཀྱི་ལོ་རྒྱུས་དེབ་ཐར་ནང་དུ་འོད་སྲུང་ལ་སྐུ་མཆེད་ཡུམ་བརྟན་ཞེས་པ་བྱུང་བ་བཤད་པར་མ་ཟད་ཁོང་གི་རྒྱུད་པ་མང་པོ་ཞིག་ཀྱང་ཡོད་ཚུལ་བགྲངས་འདུག་པས་འདིའི་སྐོར་དཔྱད་པ་ཞིབ་ཆ་ཞིག་བྱ་དགོས་འདུག གང་ལྟར་ཚེ་སྤོང་བཟའ་བཙན་མོ་འཕན་ལ་འོད་སྲུང་ཕོ་བྲང་ཡུམ་བུ་བླ་སྒང་དུ་སྐུ་བལྟམས། འདི་ཉིད་རྒྱལ་བོ་ཁྲི་དར་མ་བཀྲོངས་པའི་རྗེས་སུ་སྐྱེས་པ་ངེས་ཀྱང་དུས་ཡུན་ཅི་ཙམ་ཞིག་གི་རྗེས་ལ་སྐྱེས་པ་མི་གསལ། ཁོང་རྒྱལ་བོ་ཁྲི་དར་མ་བཀྲོངས་པའི་རྗེས་སུ་འཁྲུངས་པའི་རྐྱེན་གྱིས་ཁོང་སྤུ་རྒྱལ་གྱི་གདུང་ཁུངས་ཡིན་མིན་གྱི་རྩོད་པ་བྱུང་། སྐུ་ནར་མ་སོན་གྱི་བར་དུ་རང་གི་མ་ཡུམ་གྱིས་རྒྱལ་ཚབ་བྱས་པས་མ་ཡུམ་འདི་ཏུན་ཧོང་ཡིག་རྙིང་རྣམས་སུ་ཇོ་མོ་བཙན་མོ་འཕན་ཞེས་པར་འདོད། ཡིག་རྙིང་རྣམས་སུ་འོད་སྲུང་གི་མིང་ལ་ཕོ་བྲང་འོད་སྲུང་ངམ་ལྷ་སྲས་འོད་སྲུང་དུ་འབོད། ཕྱིས་སུ་རྒྱལ་སར་བཏོན་ནས་ཁྲི་འོད་སྲུང་ཞེས་འབོད་དོ།། རྒྱལ་བོ་འདིའི་བྱས་རྗེས་འདི་ཡིན་ཞེས་ད་ཕན་རྒྱལ་རབས་མཐོང་བ་རྣམས་སུ་བྲིས་མེད་ལ། གང་ལྟར་རྒྱལ་པོ་འདི་སྤུ་རྒྱལ་གྱི་གདུང་ཁུངས་ཡིན་མིན་གྱི་འཁྲུགས་རྩོད་དེ་འབྲོ་དང་དབའི་རུས་རྒྱུད་གཉིས་བར་གྱི་གྱོད་གཞི་ཆེན་པོ་ཞིག་ཏུ་གྱུར་ནས་མཐར་རུས་རྒྱུད་འབྲོ་དང་དེའི་ཕྱོགས་གཏོགས་ཀྱིས་སྤུ་རྒྱལ་གྱི་གདུང་རྒྱུད་དངོས་གནས་ཡིན་པར་ཆ་འཇོག་བྱས་ནས་བོད་ཀྱི་རྒྱལ་པོར་ངོས་འཛིན་བྱས་པ་དང་། དབའ་དང་དེའི་ཕྱོགས་གཏོགས་ཀྱིས་ལྷ་སྲས་འོད་སྲུང་སྤུ་རྒྱལ་གྱི་གདུང་རྒྱུད་དངོས་གནས་མིན་པས་ཁོང་ལ་བོད་ཀྱི་རྒྱལ་བོའི་ཁྲི་ལ་འཁོད་པའི་ཐོབ་ཐང་མེད་ཅེས་རྩོད་པ་བྱས། མཐར་འབྲོ་དང་དབའ་གཉིས་བར་དབུས་སུ་འཁྲུགས་ཟིང་སླང་། གྱོད་གཞི་དེ་རིམ་བཞིན་ཁམས་དང་ཨ་མདོ་བརྒྱུད་ནས་བོད་བཙན་པོའི་རྒྱལ་ཁབ་ཀྱི་བྱང་ཤར་དང་ཤར་ལྷོའི་མཐའ་ཁུལ་དུ་ཡོད་པའི་དམག་དཔུང་ནང་དུ་མཆེད་སྟེ་དམག་དཔུང་གཅིག་གིས་འབྲོའི་དར་ཆ་ཁྱེར། གཞན་གཅིག་གིས་དབའི་ལ་རྒྱ་ཁྱེར་ཏེ་བོད་ཀྱི་དམག་དཔུང་གིས་ཕྱིའི་དགྲ་ལ་འཐབ་དགོས་པ་སོ་སོའི་ལས་འགན་ཡིན་པ་བརྗེད་དེ་ནང་འཁྲུགས་ཀྱི་དུས་སུ་འདའ་བར་གྱུར། འདིའི་རྒྱུ་རྐྱེན་ཡང་བོད་དབུས་སུ་ཁྲི་འོད་སྲུང་སྤུ་རྒྱལ་གྱི་གདུང་རྒྱུད་ངོ་མ་ཡིན་མིན་དང་། སྐུ་ན་མ་སོན་པའི་རྐྱེན་གྱིས་རྒྱུན་རིང་བར་སྲིད་གཞུང་གི་ཆབ་སྲིད་གཞི་རྩ་བརྟན་པོར་ཚུགས་མ་ཐུབ་པ། རྒྱལ་བོ་ཁྲི་དར་མ་དམར་གསོད་བཏང་བའི་རྐྱེན་གྱིས་རྒྱལ་ཁྲིམས་ཉམས་པ་དང་། ལུང་ཁག་སོ་སོས་འབྲོ་དབའ་གཉིས་ཀྱི་རྗེས་སུ་རྒྱུགས་ཏེ་འཁྲུགས་ནས་ཡུལ་སོ་སོར་བགོས་པའི་གནས་ཚུལ་རིམ་བཞིན་ཐོན་ནོ། །
     ཆོས་ཕྱོགས་ནས་ཀྱང་རྒྱལ་ཁྲིམས་བཤིགས་པའི་རྐྱེན་གྱིས་སངས་རྒྱས་ཆོས་ལུགས་མི་སྣས་དེ་སྔ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་བཀས་བཅད་ཀྱིས་བཀག་པའི་གསང་སྔགས་ཀྱི་ཉམས་ལེན་དང་ཁྱད་པར་སྔགས་ཀྱི་རྒྱུད་ནས་འབྱུང་བའི་སྦྱོར་བ་ཞེས་པ་ལག་ལེན་དངོས་སུ་བསྟར་ཏེ་བུད་མེད་གང་རུང་ལ་འདོད་པ་བྱེད་པ་དང་། སྒྲོལ་བ་ཞེས་སེམས་ཅན་མཆོད་སྦྱིན་གྱི་ཆེད་དུ་བསད་པ་དང་བམ་སྒྲུབ་ཅེས་མི་རོ་ ཡོན་ཏན་ཚང་བ་ཞིག་རྙེད་ན་དེ་ལས་དངོས་གྲུབ་འབྱུང་བར་འདོད་པས”གསོན་སྒྲོལ”ཞེས་མི་དངོས་སུ་བསད་ནས་དེའི་རོ་སྒྲུབ་པ་སོགས་བྱུང་བར་བཤད། དུས་སྐབས་འདིའི་བོད་ཀྱི་སྤྱི་ཚོགས་ནང་ཁྲིམས་མེད་ཀྱི་བྱ་སྤྱོད་ཧ་ཅང་འཕེལ་རྒྱས་བྱུང་། ཕྱིས་བྱུང་སངས་རྒྱས་ཆོས་ལུགས་ཀྱི་དཔེ་དེབ་གཏེར་མའི་རིགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཞེས་པར་བཙན་པོ་རིམ་བྱོན་གྱི་དུས་སྐབས་སུ་བོན་ཆོས་བྱེད་མཁན་གྱིས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་རེ་རེ་ལ་སེམས་ཅན་ཤྭ་བ་སྟོང་ཕྲག་མང་པོ་བསད་ནས་ལྷ་ལ་མཆོད་ཚུལ་བཤད་ཡོད་ཀྱང་། བཙན་པོ་རྣམས་ཀྱི་དུས་སུ་ཤྭ་བ་སོགས་རི་དྭགས་གང་བྱུང་གིས་བསད་མི་ཆོག་པའི་ཁྲིམས་གཏན་འབེབས་བཟོས་པའི་ཡིག་ཆ་དེང་སང་ཏུན་ཧོང་ཡིག་རྙིང་གྲས་སུ་ཡོད། ཤྭ་བ་སྒོ་ཕྱུགས་བྱས་པ་བོད་ཀྱི་ལོ་རྒྱུས་ཐོག་མེད་ལ།རི་དྭགས་ཡིན་ན་སྟོང་ཕྲག་མང་པོ་དུས་གཅིག་ཏུ་བསད་པ་ཕུད། ཉུང་ཤས་བསད་ཡང་ཁག་པོ་ཡིན། འོན་ཀྱང་ཁྲི་རལ་བ་ཅན་གྱི་རིང་ལ་བོད་རྒྱ་བར་སྤྱི་ལོ822ལོར་ཞི་བདེའི་ཆིངས་ཡིག་འཇོག་སྐབས་རྟ་དང་སྤྲེལ་ཁྱི་གསུམ་བསད་དེ་བཙན་པོའི་སྐུ་བླ་ཡར་ལྷ་ཤམ་པོ་དང་ཉི་ཟླ་གཟའ་སྐར་དཔང་དུ་བཙུགས་ནས་མནའ་བོར་བའི་ལོ་རྒྱུས་འདི་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱིས་མ་སླད་པའི་དངོས་སུ་བྱུང་བའི་ལོ་རྒྱུས་ཡིན། དེར་རྟེན་དུས་སྐབས་འགངས་ཆེ་བའི་སྐབས་སུ་སེམས་ཅན་བསད་ནས་མནའ་བོར་བའི་ལུགས་སྲོལ་བྱུང་ཡོད། འོན་ཀྱང་འདི་ཡུལ་གྱི་ལུགས་སྲོལ་ཡིན་པ་ལས་ཆོས་ལུགས་མིན། གོང་དུ་བཤད་པའི་རྒྱལ་ཁྲིམས་བཤིགས་པའི་སྐབས་སུ་བྱུང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་དང་མི་མཚུངས། འདི་སྐབས་སུ་སངས་རྒྱས་ཆོས་ལུགས་མི་སྣས་གསང་སྔགས་ཀྱི་རྒྱུད་ཀྱི་ཚིག་དོན་ལག་ལེན་དངོས་སུ་བསྟར་བར་བརྟེན་དེའི་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་ནང་འཚོ་བའི་དཔལ་འབྱོར་ཐོག་དཀའ་ངལ་བྱུང་བ་ཏུན་ཧོང་ཡིག་རྙིང་དུའང་ཟུར་ཙམ་འབྱུང་བ་གོང་འཕྲོས་སུ་དྲངས་ན་འདི་ལྟར་རོ༎
“གསུམ་ཁྲིམས་འདུལ་ཁྲིམས་མྱི་ཤེས་པར༎
ལས་ཀྱི་རྡོ་རྗེ་བོང་བུས་ཉོ༎
ལས་ཀྱི་དབང་དང་མི་ལྡན་གུར(པར)༎
འདྲེན་པའི་སློབས(སློབ)དཔོན་གླང་གིས་ཉོ༎
འདྲེན་པའི་དབང་དང་མི་ལྡན་བར༎
རྡོ་རྗེ་རྒྱལ་འཚབ(ཚབ)རྟ་ཡི་ཉོ༎
རྒྱལ་འཚབ(ཚབ)དབང་དང་མི་ལྡན་བ༎
རྡོ་རྗེ་རྒྱལ་བོ་བཙོན་གྱིས་ཉོ༎
དྲོད་དང་ཚོད་དང་མ་སྦྱར་བའི༎
ནོར་ཀར་བོར་བའི་སློབ་དཔོན་གྱིས༎
འཇིག་རྟེན་འདས་པའི་དོན་མྱི་རིག།
སློབ་མ་བརྒྱ་ལ་སློབ་དཔོན་སྟོང་༎
ལྷ་ཆོས་ཉན་པའི་མི་མ་མཆིས༎
གྲོང་ཚན་གཅིག་ལ་སློབ་དཔོན་བཅུ༎
ལས་ཀྱི་རྡོ་རྗེ་གྲས(གྲངས)ཀྱང་མེད༎
ཀུན་ཀྱང་ལྷ་རུ་འགྲུབ་སྙམ་སྟེ༎
མཇུག་ཏུ་སྡེ་ཚན་མང་པོ་ཡིས༎
རྡོ་རྗེ་ཕུང་པོ་བཤིག་ག་རེད༎”
     ཕྱིས་སུ་སངས་རྒྱས་ཆོས་ལུགས་མི་སྣའི་བྱ་སྤྱོད་འདི་ལ་མངའ་རིས་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཀྱང་བཀའ་ཤོག་བཏང་ནས་བཀག་འགོག་བྱས་པ་འོག་ཏུ་འཆད་དོ༎
     གོང་འཕྲོས་བོད་ཀྱི་བྱང་ཤར་ཨ་མདོ་མཚོ་སྔོན་དུ་ཡོད་པའི་དམག་སྤྱི་ཆེན་པོ་དབའ་ཁྲོམ་བཞེར་གྱིས་རང་དམག་ཁྲིད་དེ་དམག་དཔོན་ཆེན་པོ་འབྲོ་བཙན་བཞེར་གྱི་རུ་དཔུང་ལ་རྒོལ་ཏེ་ལོ་མང་རིང་ནང་འཁྲུག་བྱས། མཐར་འབྲོ་བཙན་བཞེར་གྱིས་རང་དམག་བསྡུས་ཏེ་ཕྱིར་ལོག་བྱས་ནས་རང་གི་ཁྱིམ་གྱི་ལྟེ་བ་ཡོད་སར་ཕྱིན་སྐབས་དབའ་ཁྲོམ་བཞེར་གྱིས་ཡང་སྐྱར་ཁྲི་འོད་སྲུང་སྤུ་རྒྱལ་གྱི་གདུང་ཁུངས་མ་མིན་སྟབས་ཁོང་རང་བོད་ཀྱི་རྒྱལ་པོ་བྱེད་འདོད་ཀྱིས་འབྲོ་བཙན་བཞེར་དང་དེའི་དམག་དཔུང་ལ་སྐྱར་དུ་རྒོལ་བ་དང་ཆབས་ཅིག་ཏུ་རྒྱ་དམག་ལ་ཡང་རྒོལ་ཏེ་གཡུལ་སྤྲད་བཞིན་ཡོད་དུས་དེ་སྔོན་བོད་ཀྱི་དགྲ་ཡུ་གུར་གྱི་དམག་དཔུང་ཞིག་མཚོ་སྔོན་གྱི་བྱང་ངོས་སུ་ཡོད་པ་རྒྱས་རོགས་རམ་དུ་བོས་ཏེ་རྒྱ་དང་ཡུ་གུར་གཉིས་བསྡོངས་ནས་དབའ་ཁྲོམ་བཞེར་གྱི་རུ་དཔུང་དང་དམག་འཁྲུག་བྱས། དབའ་ཁྲོམ་བཞེར་རང་སྤྱི་ལོ866ལོར་གཡུལ་དུ་བསད་པས་བོད་དམག་ཕམ། ཕམ་པའི་རྒྱུ་རྐྱེན་ཡང་བོད་དམག་རང་གི་ནང་དུ་ནང་འཁྲུག་ཡོད་པའི་རྐྱེན་གྱིས་ཡིན། དེ་ནས་བཟུང་བོད་བཙན་པོའི་རྒྱལ་ཁབ་ཀྱི་བྱང་ཤར་དང་ཤར་ལྷོ་ཨ་མདོའི་མཐའ་མཚམས་སུ་ཡོད་པའི་བོད་ཀྱི་དམག་དཔུང་རྣམས་བྱ་སྒྲོ་གནམ་ལ་གཏོར་བ་ལྟར་འཐོར། རྒྱལ་པོ་ཁྲིད་དར་མ་བཀྲོངས་ནས་ལོ་ལྔ་ཡང་མ་ལོན་པར་སྤྱི་ལོ848ལོར་རྒྱ་ཤ་ཅུར་ཡོད་པའི་རྒྱའི་མི་དམངས་བོད་ཀྱི་དམག་གཞུང་ལ་ངོ་ལོག་བྱས་ཏེ་བོད་ཀྱི་ཆབ་སྲིད་དང་དམག་དོན་གྱི་ལས་བྱེད་པས་གཙོས་རྒྱ་ཤ་ཅུར་ཡོད་པའི་བོད་མི་རྣམས་ཕྱིར་འབུད་བྱས།རྒྱ་ཤ་ཅུ་ཐང་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པའི་གཏན་ཚིགས་དང་ཐང་རྒྱལ་ཁབ་ཀྱིས་ཁོང་ཚོར་འཚོ་སྐྱོང་བྱེད་དགོས་ཀྱི་ཡིག་འཕྲིན་རྒྱ་ནག་གོང་མར་བཏང་། རྒྱ་ཤ་ཅུ་འདི་བཙན་པོ་ཁྲི་ལྡེ་བཙན་གྱི་སྐུ་རིང་ལ་སྤྱི་ལོ787ལོ་ནས848ལོར་བར་མི་ལོ་དྲུག་ཅུ་རེ་གཅིག་རིང་བོད་ཀྱིས་དབང་བསྒྱུར་བྱས། ཡུལ་འདི་དང་པོ་ལེན་མཁན་བོད་ཤར་ཕྱོགས་ཀྱི་དམག་དཔུང་ཆེན་པོ་འབྲོ་ཁྲི་གསུམ་རྗེ་ཡིན། ཁོང་དེ་དུས་ཙོང་ཁ་ཁྲི་ཤོས་ཀྱི་ཁྲོམ་གྱི་དམག་སྤྱི་ཡིན། འདིས་རྒྱ་ཤ་ཅུའི་ཉེ་འཁོར་གནས་སུ་ཞེས་པ་སྤྱི་ལོ774ལོར་བླངས། དེ་ནས་ཧོ་སི་དང་སུམ་ཅུ་གཉིས་སྤྱི་ལོ776ལོར་བླངས། དེ་ནས་ཧ་མི་སྤྱི་ལོ779ལོར་བཅོམ། ཡུལ་འདི་ཚོ་བཅོམ་པའི་རྗེས་སུ་ད་དུང་ལོ་བཅུའི་རིང་དམག་བརྒྱབ་ནས་སྤྱི་ལོ787ལོར་གཞི་ནས་རྒྱ་ཤ་ཅུ་བླངས། དེར་བརྟེན་རྒྱ་ཤ་ཅུ་བསྡད་པའི་བོད་མོ་རྣམས་ཕལ་ཆེ་བ་དམག་དོན་གྱི་ལས་བྱེད་པ་ཡིན་པར་མ་ཟད་དེར་བཙུགས་པའི་ས་གནས་ཀྱི་སྲིད་གཞུང་ཡང་དམག་གཞུང་ཡིན། དམག་གཞུང་འདི་རིགས་ལ་ཁྲོམ་ཞེས་འབོད། དེ་ཡང་བོད་བཙན་པོའི་རྒྱལ་ཁབ་ཀྱིས་བོད་ཀྱི་ས་ཁུལ་མ་ཡིན་པའི་མངའ་རིས་གཞན་ལ་དབང་བསྒྱུར་པའི་ས་ཁུལ་དུ་བཙུགས་པའི་དམག་གཞུང་གི་མིང་ཡིན། དེ་ལྟའི་སྒྲིག་གཞི་བོད་དབུས་གཙང་ཁུལ་དུ་བཙུགས་པ་ནི་དེ་ཁུལ་དུ་ཁྲོམ་གྱི་འཛུགས་བསྐྲུན་བྱུང་བའི་ལོ་རྒྱུས་མེད་པས་ཀྱང་ཤེས་ཐུབ། དེར་བརྟེན་བོད་བཙན་པོའི་རྒྱལ་ཁབ་འདི་ཉིད་དུས་རབས་བརྒྱ་ཕྲག་གཉིས་དང་ཕྱེད་ཀ་ཙམ་གྱི་རིང་ལ་འཛམ་གླིང་ཤར་དཀྱིལ་དུ་ཆེས་གཟི་བརྗིད་ཆེ་བ་དང་མཚན་སྙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན། འོན་ཀྱང་དམག་དཔོན་ཆེན་པོ་དབའ་ཁྲོམ་བཞེར་ནི་ཕལ་ཆེར་བོད་བཙན་པོའི་རྒྱལ་ཁབ་ཀྱི་དམག་དཔོན་གཡུལ་དུ་བསད་པ་མཐའ་མ་དེ་ཡིན། ཁྱིམ་ཚང་འདི་ཉིད་དང་པོ་བཙན་པོ་གནམ་རི་སྲོང་བཙན་གྱི་དུས་སུ་བོད་ཀྱི་རྒྱལ་ཕྲན་དུ་མ་གཅིག་གྱུར་བྱེད་པ་དང་བོད་བཙན་པོའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ལ་རླབས་ཆེན་གྱི་བྱས་རྗེས་བཞག་པའི་ཁྱིམ་ཚང་ཞིག་ཡིན་པར་མ་ཟད་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་ཏུ་ཡང་ཧ་ཅང་སྐད་གྲགས་ཡོད་པའི་རུས་རྒྱུད་ཅིག་རེད། འོན་ཀྱང་དབའ་ཁྲོམ་བཞེར་གྱིས་ཁྲི་འོད་སྲུང་སྤུ་རྒྱལ་གྱི་གདུང་རྒྱུད་ངོ་མར་ཁས་ལེན་མ་བྱས་ཁར་རང་ཉིད་བོད་ཀྱི་རྒྱལ་བོ་བྱེད་རྒྱུའི་ཞེ་འདོད་ཁོང་དུ་བཅུག་སྟེ་བོད་དམག་ནང་ཁུལ་དུ་འཁྲུགས་ལོང་བྱས་པར་བརྟེན་མཐར་བོད་བོད་བཙན་པོའི་རྒྱལ་ཁབ་གཏོར་གཤིག་བཏང་བའི་རྒྱུ་རྐྱེན་གྱི་ཆ་གཅིག་ཀྱང་དབའི་རུས་རྒྱུད་ཀྱིས་བྱས་པ་འདི་ནི་བོད་མི་རྣམས་ཀྱིས་བློ་ཕམ་བྱེད་དགོས་པའི་ལོ་རྒྱུས་ཤིག་མ་རེད་དམ།
     ཁྲི་འོད་སྲུང་ཕོ་བྲང་འཕང་ཐང་དུ་དགུང་ལོ་སོ་དགུ་པ་སྤྱི་ལོ881ལོར་འདས་པ་དང་འདས་མཆོད་རང་གི་སྲས་དཔལ་འཁོར་བཙན་གྱིས་གཙང་དུ་ཡོད་པའི་གྲོམ་པ་ལྷ་རྩེ་རྫོང་རྒྱབ་ཏུ་བྱས་པར་བཤད་དོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...