སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་གནའ་རབས་ཡིག་གཟུགས་ལས་ཐ་གུའི་ཡི་གེའི་ལོ་རྒྱུས་ཀྱི་བྱུང་འཕེལ་དང་དེའི་ཁྱད་ཆོས།
རྩོམ་པ་པོ། གཙོས་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། Michung དུས་ཚོད། 2016-12-13 11:54:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
གཙོས་ཤེས་རབ་རྒྱ་མཚོ།
     དེ་ཡང་རླངས་ཀྱི་པོ་ཏི་བསེ་རུ་ལས། འབྱུང་བ་རྣམ་ལྔའི་སྙིང་བོ་ལས་སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒོང་ཤུན་ལ་ལྷ་བྲག་དཀར་བོ་ཆགས། ནང་གི་སྒོང་ཆུ་ལ་དུང་མཚོ་དཀར་མོ་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལ་རིགས་དྲུག་སེམས་ཅན་ཀུན་དུ་གྲོལ། ཞེས་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ཆེན་པོ་ལྔ་ལས་ས་ཡིས་འཛིན་པར་བྱེད། ཆུ་ཡིས་སྡུད་པར་བྱེད། རླུང་གིས་གཡོ་བར་བྱེད། མེས་སྨིན་པར་བྱེད། ནམ་མཁས་གོ་འབྱེད་པ་ལ་བརྟེན་ནས་འབྱུང་ལྔའི་སྙིང་བོ་སྒོང་གཟུགས་ལྟ་བུའི་སའི་གོ་ལ་འདི་བྱུང་སྟེ་བསྐལ་བ་མང་བོ་བྱིན་ཙ་ན། རིམ་གྱིས་ས་སྟེང་དུ་རྩི་ཤིང་ནགས་ཚལ་རྒྱས་ཏེ་མཚོ་ནང་གི་སྲོག་ཆགས་མང་བོ་སྐམ་སར་འཕེལ་བས་གཅན་གཟན་དང་རི་དྭགས་མང་བོའི་རྒྱུད་འཕེལ།
     དེ་དག་ལས་རང་རེའི་བོད་མི་རིགས་འདི་ནི་ལོ་ངོ་ཁྲི་ཕྲག་དུ་མའི་གོང་རོལ་ནས་སྤྲེའུ་དང་བྲག་སྲིན་འདུས་པ་ལས་ཕ་དང་མི་འདྲ། མ་དང་མི་འདྲ་བའི་ལུས་ལ་སྤུ་ཉུང་ཞིང་མཇུག་མ་མེད་པ། ཟས་སུ་ཤ་རྗེན་དང་མ་རྨོས་པའི་རྒོད་འབྲས་ཟ་བ། གོས་སུ་ཤིང་ལོ་གྱོན་ཞིང་ནགས་ན་རི་དྭགས་ལྟ་བུར་རྒྱུ་བའི་སྤྲ་མི་ཞེས་པ་བྱུང་བའི་བརྒྱུད་ལས་གདོང་དབྱིབས་དང་ལུས་ཁམས་ཆགས་ཚུལ་མི་འདྲ་བའི་ཁྱད་པར་ལས་སྒ་འབྲི་སྤྲ་ལྡོང་བཞིའམ། སེ། རྨུ། ལྡོང་། སྟོང་བཞི་དང་། དབལ་ཟླ་གཉིས་བཅས་མིའུ་གདུང་དྲུག་གི་རུས་ལག་མང་བོ་མདོ་དབུས་མཐོ་སྒང་འདིར་གཞིས་སྡོད་བྱས། ཐོག་མའི་སྤྲ་རིགས་དེ་དག་ལ་རང་བྱུང་ཁམས་ཀྱི་ཆ་རྐྱེན་ཉམས་འགྲིབ་ཅི་རིགས་ལས་བཀྲེས་ལྟོགས་ཀྱི་སྡུག་བསྔལ་མི་ཉུང་བ་བྱུང་བ་ན། ཁྱུ་དང་ཁྱུ་སྐོར་གྱིས་ཐུན་མོང་གི་འཚོ་བ་རོལ་མགོ་བརྩམས་ཏེ་ཐོག་མར་ལུས་ཀྱི་སྟོབས་ཤུགས་དང་། དེ་ནས་རྡོ་དང་གཡམ་པ་སོགས་ཐབས་ཆག་གི་ལག་ཆ་བེད་སྤྱོད་བྱེད་ཤེས་པ་བྱུང་བས་རི་དྭགས་རྔོན་ཏེ་འཚོ་སྒྲུབ་ཀྱི་ངལ་རྩོལ་ལ་ཞུགས། ངལ་རྩོལ་ཡུན་རིང་བྱས་པའི་གོམས་གཤིས་ལས་གདོད་མའི་ཡོ་བྱད་ཀྱང་ཚགས་ཇེ་ཞིབ་དང་རྒྱུ་ཇེ་བཟང་དུ་ཕྱིན་ནས་རུས་ཆས་དང་རྡོ་ཆས་བརྡར་མ་བཟོ་ཤེས་པ་དང་ས་ལ་ཆུ་བསྲེས་པའི་འཇིམ་པ་ལས་སྟབས་བདེའི་འཚོ་བའི་གསོག་སྣོད་ཀྱང་བཟོ་ཤེས་ཏེ་གསོག་འཇོག་གི་བློ་རིག་གྲིམ་པོར་གྱུར། དེ་ནས་རང་བྱུང་གི་འཇིག་རྟེན་སྟེང་གི་སྲོག་ཆགས་འདྲ་མིན་ཅི་རིགས་ལ་ཉིན་རེར་འཐབ་རྩོད་བརྒྱུད་མར་བྱས་པ་ལས་གཤིས་ཀ་ཅུང་གཡུང་བའི་རིགས་རྣམས་བདག་སྐྱོང་གིས་གདོད་མའི་འཚོ་བའི་གཞི་རྟེན་དུ་ཉར་བས་དཔལ་འབྱོར་གྱི་མྱུ་གུ་འབུས་ཏེ་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་དབུ་ཁྱུད་བྲིས། དེ་ཡང་བཀའ་ཆེམས་ཀ་ཁོལ་མར་གསུངས་པ་ལྟར་འབྲོང་ཕོ་མོ་གཡག་དང་འབྲིར་བཏུལ། རྐྱང་ཕོ་མོ་རྟར་བཏུལ། སྤྱང་གི་ཕོ་མོ་ཁྱིར་བཏུལ། གླ་དང་དགོ་བ་ཕོ་མོ་ར་དང་ལུག་ཏུ་བཏུལ་བས་འབྲོག་ལས་ཀྱི་རྣམ་པ་ཆགས་ཤིང་། ལོ་སྔོན་མའི་སྟོན་འབྲས་ཕྱི་ལོར་སྐྱེ་བ་ལ་གཞིགས་ཏེ་སོ་ནམ་གྱི་ལས་ཀྱང་དར་བས་ཞིང་འབྲོག་གཉིས་ཀའི་སྒོ་ནས་བོད་ཀྱི་སྤྱི་ཚོགས་དེ་འཕེལ་རྒྱས་སུ་ཕྱིན་ནས་ད་བར་མི་ལོ་སྟོང་ཕྲག་བརྒྱད་ལྷག་སོན་ཡོད་པའི་ཚུལ་དུས་རབས་གོང་མའི་ནང་དུ་གསར་རྙེད་བྱུང་བའི་རིག་རྫས་རྙིང་བ་དག་གིས་ར་སྤྲོད་བྱེད་ཐུབ།
     གནའ་བོའི་སྤྱི་ཚོགས་འཕེལ་བའི་ཆོས་ཉིད་ལས་གདོད་མའི་མི་རྣམས་ཀྱིས་རྒྱུན་མ་ཆད་པར་འཚོ་སྒྲུབ་ཀྱི་ལས་ཀ་དོན་དུ་གཉེར་ཞིང་མིའི་ཚོགས་པ་དང་ལྷན་དུ་ཐུན་མོང་གི་སྟོབས་ཤུགས་སྒྲིལ་བའི་འདུ་ཤེས་སྐྱེས་ཙ་ན་ཕན་ཚུན་བར་བསམ་ཚུལ་དང་གོ་བརྡ་སྤྲོད་རེས་ཀྱི་བརྡ་ཐབས་ཤིག་ངང་གིས་ཆགས་ཤིང་། དེ་ཡང་ཐོག་མར་ཆ་མི་ཚང་ཞིང་རགས་པ་ཙམ་ནས་རིམ་གྱིས་ཅུང་ཆ་ཚང་བའམ་ཞིབ་ཕྲའི་བརྡ་ཐབས་ཤིག་ཏུ་འཕེལ་རྒྱས་སུ་འགྲོ་བ་ནི་ཆོས་ཉིད་ཡིན། ཆེས་གདོད་མའི་དུས་སུ་མི་རྣམས་ཀྱིས་སེམས་ཀྱི་འགྱུར་བག་མཚོན་བྱེད་ལ་སྟབས་བདེའི་ཨ་དང་ཨིན་ལྟ་བུའི་སྐད་བརྡ་དང་། ལག་པ་སྒྲེང་སྐུམ་ལྟ་བུའི་ལག་བརྡ་གཉིས་སྤྱོད་ཀྱིས་ཐུན་མོང་གི་ངལ་རྩོལ་བྱེད་པ་ལ་རམ་འདེགས་བྱས་པ་དང་། དེ་ནས་སྐད་བརྡའི་ནང་དོན་དང་མཚོན་ཐབས་ཅུང་འཐུས་ཚང་དུ་ཕྱིན་པ་ལས་སྐད་བརྡ་གཙོ་བོ་བྱེད་པའི་དུས་སྐབས་བྱུང་བ་ནི་མིའི་རིགས་ཀྱི་བསམ་བློའི་སྟེང་གི་འགྱུར་བ་ཆེན་པོ་ཞིག་ཡིན་ལ་རང་རེའི་བོད་རྣམས་ཀྱིས་ཀྱང་རིམ་པ་དེ་ངེས་པར་བརྒྱུད་ཡོད་དོ། །
     སྐད་བརྡ་དང་སྐད་ཆ་གང་ཡིན་ཡང་གནས་སྐབས་སུ་མི་ཕན་ཚུན་དངོས་འཕྲད་ཀྱིས་བསམ་བློ་བརྗེ་རེས་སམ་དོན་བྱ་གང་ཡང་རུང་བ་ཞིག་སྟོན་པ་ལས་ཡུན་རིང་ཉར་ཚགས་དང་རྒྱུན་མཐུད་བྱེད་ཐབས་བྲལ་བས་མི་རྣམས་ཀྱིས་ཐོག་མར་སྟབས་བདེའི་བརྡ་རྟགས་སམ་མཚོན་བྱེད་ཀྱི་རི་མོ་བྲིས་ཏེ་མི་བརྗེད་པའི་རྟེན་དུ་བྱས། དེ་ཡང་འཛམ་གླིང་གི་ཡི་གེ་ཡོད་པའི་གནའ་བོའི་མི་རིགས་གང་ཡིན་ཡང་ཐོག་མར་འཚོ་བ་དངོས་ཀྱི་མྱོང་གྲུབ་ལས་བརྗོད་བྱའི་དངོས་པོ་གང་ཞིག་གི་གཟུགས་དབྱིབས་རི་མོར་བྲིས་ཏེ་དེ་ལ་རྗོད་བྱེད་ཀྱི་སྒྲ་རེ་སྦྱར་བའི་འདྲ་གཟུགས་ཡི་གེ་དང་། རྨང་གཞི་དེའི་སྟེང་ཕྱིས་སུ་དངོས་པོའི་གཟུགས་དབྱིབས་ཙམ་ལ་མ་ལྟོས་པར་དབྱངས་གསལ་གྱི་ཕྱི་མོ་ཉུང་ངུ་ཙམ་གྱི་སྡེབ་སྦྱོར་ལས་བརྗོད་བྱ་མང་བོ་སྟོན་ཐུབ་པའི་སྒྲ་སྦྱོར་གྱི་ཡི་གེ་གཉིས་ངེས་པར་དར་མྱོང་བའམ་དར་བར་འགྱུར་ལ། བོད་ལ་ཡང་ཡི་གེ་དེ་གཉིས་དར་མྱོང་བ་ཡིན་པས་གཤམ་ནས་དེའི་སྐོར་ཅུང་ཟད་དགོད་པར་བྱའོ། །
དང་པོ། ཐ་གུའི་ཡི་གེ་བྱུང་འཕེལ་གྱི་ལོ་རྒྱུས།
     སྤྱིར་ཡི་གེ་དར་བ་ནི་མིའི་རིགས་ཀླ་ཀློའི་དུས་རིམ་ལས་བརྒལ་ཏེ་ཤེས་རིག་དར་བའི་སྤྱི་ཚོགས་ཀྱི་ཕྱོགས་སུ་འཕེལ་བའི་མཚོན་རྟགས་ཤིག་ཡིན་ལ། དེ་ཡང་ཐོག་མར་མངོན་གྱུར་གྱི་བརྗོད་དོན་མཚོན་པ་ལ་སྟབས་བདེའི་སྐད་བརྡ་དང་ལག་བརྡ་བྱེད་པ་དེས་ནང་བསམ་བློའི་འགྱུར་བ་མང་བོ་ཞིག་མཚོན་ཐབས་བྲལ་ཞིང་། ལྷག་པར་རང་བྱུང་ཁམས་ཀྱི་སྣང་ཚུལ་མང་བོ་ཞིག་གི་གསང་བ་ལྐོག་གྱུར་ལ་དེ་བས་གསལ་བཤད་བྱེད་ཐབས་བྲལ་བས་དེ་དག་ལ་ངོས་འཛིན་དོན་དང་ལྡན་མིན་ཅི་ལྟར་ཡང་ཐོག་མའི་འགྲེལ་བཤད་ཆ་མི་ཚང་བ་ཞིག་བྱུང་བ་ནི་གདོད་མའི་ཆོས་ལུགས་ཀྱི་རྣམ་པ་ཡིན་ཞིང་། དེ་ཉིད་མི་ཕན་ཚུན་ལ་བརྡ་སྤྲོད་པར་བྱེད་པའི་ཐབས་སུ་རྟགས་དང་མཚན་མ། དབྱིབས་ཀྱི་རྣམ་པའི་དོན་རྟོགས་ཀྱི་རི་མོ་བྱུང་བ་ནི་ཡི་གེ་དང་སྒྱུ་རྩལ་གྱི་ཐོག་མའི་རྣམ་པ་ཡིན་པར་དེང་དུས་ཀྱི་མཁས་པ་མང་བོས་བཞེད་པ་དོན་དང་མཐུན་ཞིང་། བོད་ཀྱི་ཡབ་མེས་དག་གིས་ཀྱང་ཟས་སུ་ཤ་དང་སྐོམ་དུ་ཁྲག ། ལུས་ལ་གོས་མེད་གཅེར་བུར་རྒྱུ་བའི་ཀླ་ཀློའི་དུས་རབས་རྫོགས་ནས་ཚོ་ཁག་དང་ཚོགས་སྡེ་ཆེན་པོའི་སྤྱི་ཚོགས་ཀྱི་ཚོགས་པ་ཞིག་ཏུ་འཕེལ་བ་ལས་ཤེས་རིག་དང་ལག་རྩལ་གྱི་ཆུ་ཚད་ཀྱང་ཅུང་ཟད་མཐོན་པོར་སོན་ཏེ་ལྐོག་གྱུར་གྱི་བརྡ་དོན་མང་བོ་ལ་གསལ་བཀྲོལ་བྱེད་པའི་ནུས་པ་ལྡན་པར་གྱུར།  ལོ་ངོ་ཁྲི་ཕྲག་དུ་མའི་གོང་རོལ་ནས་བོད་ཀྱི་ཡབ་མེས་དག་གིས་འཚོ་བའི་ཡོ་བྱད་ལས་གྲུབ་པའི་མཚོན་རྟགས་ཀྱིས་མངོན་ལྐོག་ཅི་རིགས་ཀྱི་བརྡ་དོན་འགྲོལ་བའི་ཐབས་ལམ་མང་བོ་རྙེད་པ་ལས་ཐ་གུའི་བརྡ་རྟགས་ནི་ཆེས་གདོད་མའི་བོད་ཀྱི་ཡི་གེ་ཡིན་ནོ། །
     ཆོས་འབྱུང་མཁས་པའི་དགའ་སྟོན་ལས། དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་བྱ་བར་བཏགས། །ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་། །ཞེས་བོད་ཀྱི་ཡུལ་འདིར་ཐོག་མའི་དབང་མཛད་བཅུ་བྱུང་བའི་དང་པོའི་སྐབས་སུ་ལག་ཆ་ལ་མདའ་གཞུ་བྱུང་བར་གསལ་ཞིང་། དེ་ནས་གདོད་མའི་སྤྱི་ཚོགས་འཕེལ་བའི་རིམ་པ་ལས་བདུད་དང་སྲིན་པོ། ལྷ། འདྲེ། ཀླུ། བཙན། མ་སངས། མི་མ་ཡིན་རྣམས་ཏེ་གདོད་མའི་ཚོ་ཁག་དག་གི་བསམ་སྤྱོད་མི་འདྲ་བའི་སྣང་ཚུལ་ལ་གཞིགས་པའི་མིང་བཏགས་འདྲ་མིན་ཅན་གྱི་དབང་མཛད་རིམ་བྱུང་གི་སྐབས་སྟ་རེ་དང་དགྲ་སྟ། རྐང་སྒྱོགས། ཆུ་གྲི། ཞགས་པ། འུར་ཆ། གོ་ཕུབ། རེ་ལྡེ་སོགས་འཚོ་བའི་ཁྲོད་སྤྱོད་གོ་ཅན་གྱི་ལག་རྩལ་སྣ་ཚོགས་བཟོ་ཤེས་ཤིང་། ཐ་གུའི་ཡི་གེའི་ས་བོན་ལྟ་བུར་གྱུར་བའི་ཞགས་པ་དང་འུར་ཆ། རེ་ལྡེ་དག་ནི་བོད་གནའ་བོའི་ཞིང་འབྲོག་འཚོ་བའི་དངོས་པོ་འཕོ་སྐྱས་ལ་མཁོ་གལ་ཤིན་ཏུ་ཆེ་བས་སྒོ་ཕྱུགས་ཀྱི་ཁོལ་རྩིད་བཀལ་ཐགས་བྱེད་པའི་ཐ་གུའི་རིགས་སྣ་ཚོགས་ནི་ཆེས་སྔ་བའི་དུས་ནས་བྱུང་། དང་པོ་ཞགས་ཐག་ནི་དངོས་པོ་བསྡམས་བཀྱིག་བྱེད་པའི་ཡོ་བྱད་དཀྱུས་མ་ལས་རིམ་གྱིས་གནའ་མི་དག་གིས་དེ་ལས་འཕྲོས་པའི་བསམ་གཞིག་གི་སྒོ་མོ་ཕྱེ་སྟེ་རྟོགས་བྱ་གཞན་ཞིག་རྙེད་པ་ནི། ཞགས་པའི་སྣེ་གཅིག་ལ་ཨ་ལོང་བྱས་པས་གཟུང་བྱ་གང་ཞིག་འཛིན་རིགས་པ་དང་། འུར་ཆའི་སྣེ་གཅིག་ལ་ཨ་ལོང་ཆུང་ངུ་བྱས་ན་ལག་ནས་མི་འཆོར་བར་བརྟན་པོར་འཛིན་ཐུབ་པའི་གནས་ལུགས་དེས་ཨ་ལོང་གི་དབྱིབས་ལ་གོ་དོན་གསར་བ་ཞིག་རྙེད་པ་ནི་བརྟན་པོ་དང་གཞན་དུ་འགྱུར་བ་མེད་པའི་བརྡ་དོན་རྙེད་པ་དེ་རེད།
     ཡང་ཐ་གུའི་སྣེ་གཉིས་ཀར་མདུད་པ་དང་ཨ་ལོང་གང་ཡང་མེད་པར་ནར་མར་བཞག་ན་གཟུང་བྱ་ཅི་ཡང་མེད་པའི་གནས་ཚུལ་རྒྱུན་ལྡན་དུ་གནས་པ་མཚོན་པ་དང་། མདུད་པ་རྒྱག་སྟངས་མི་འདྲ་བ་ལས་ཁྲོམ་མདུད་དང་དགུ་མདུད་ལྟ་བུས་དོན་དག་གང་ཞིག་ནན་ཏན་བྱེད་པ་མཚོན་ཞིང་། གྲོལ་མདུད་ཀྱིས་དེ་འདྲ་གཏན་ཆགས་མིན་པའི་དོན་མཚོན། ཤི་མདུད་ཀྱིས་གནས་ཚུལ་གང་ཞིག་གཏན་ཁེལ་ཐག་ཆོད་ཟིན་པས་སླར་འགྱུར་བ་གཏོང་དཀའ་བ་མཚོན་པ། སྒྲོག་མདུད་ཀྱིས་དོན་བྱ་གང་ཞིག་རྙོག་པོར་བཟོས་པ་མཚོན་པ་སོགས་ཐག་མདུད་ཀྱི་དབྱིབས་རྣམ་མི་འདྲ་བ་དེ་དག་གིས་སྐད་ཆའི་ཚབ་བྱས་ཏེ་འཚོ་བའི་ཁྲོད་ཤུགས་རྐྱེན་ཆེན་པོ་བཞག་ཡོད་དེ། ཐང་ཡིག་གསར་རྙིང་གཉིས་ལས། ཐག་པ་ལ་མདུད་པ་དང་ཤིང་ལ་རྟགས་བུ་བཏབ་སྟེ་རྩིས་བྱེད་ཅེས་པས་མཚོན་ཐུབ་བོ། །
     དེ་ནས་འཚོ་བ་དངོས་ལ་ཞབས་འདེགས་བྱེད་པའི་ནུས་པ་ཙམ་ལས་འདས་ནས་རིམ་གྱིས་དམག་དོན་དང་ཆབ་སྲིད། དཔལ་འབྱོར། ཆོས་ལུགས་བཅས་ཀྱི་ཁྱབ་ཁོངས་སུ་འཕེལ་བས་སྤྱོད་སྒོ་དང་མཚོན་དོན་གང་ཅིའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པའི་ཚུལ་ནི་འཇུ་མི་ཕམ་གྱིས་མཛད་པའི་སྲིད་པ་འཕྲུལ་གྱི་ཇུ་ཐིག་ལས། དམིགས་བསལ་གནས་སྐབས་སོ་སོ་ཡི། །ལེགས་ཉེས་བརྟག་པར་བྱེད་པ་ལ། །གཞི་ཕྱྭ་སྲོག་ཕྱ་བློ་ཕྱ་དང་། །དོན་ཕྱ་ནོར་ཕྱ་མཚེར་ཕྱ་དང་། ། མགྲོན་ཕྱ་དགྲ་ཕྱ་ནད་ཕྱ་དང་། །གདོན་ཕྱ་དུར་ཕྱ་བོར་སྟོར་ཕྱ། །སྲིད་ཕྱ་ཆུས་ཕྱ་ཆོས་ཕྱ་སྟེ། །སྡེ་ཚན་རྣམ་གྲངས་བཅོ་ལྔས་བཤད། །ཅེས་གསུངས་པའི་གཞི་དང་མཚེར་སས་མཚོན་པའི་སྡོད་ཁྱིམ་འཛུགས་བསྐྲུན་དང་། མགྲོན་དང་དགྲས་མཚོན་པའི་དགྲ་འདུལ་གཉེན་སྐྱོང་གི་རིག་གནས། བློ་དང་ཆོས་ཕྱས་མཚོན་པའི་ནང་སེམས་ཁམས་ཀྱི་རིག་གནས། སྲོག་དང་ནད་ཕྱས་མཚོན་པའི་གསོ་བྱེད་སྨན་གྱི་སྐོར། སྲིད་ཕྱས་མཚོན་པའི་ཆབ་སྲིད་ཀྱི་སྐོར། གཞན་ཡང་དེ་ཉིད་ལས། དམག་ཆེན་འདེགས་དང་དགེ་རྩ་བྱེད། །ཅེས་གསུངས་པས་མཚོན་པའི་དམག་དོན་སོགས་མདོར་ན་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་ནང་དུ་ཐ་གུའི་ཡི་གེ་སྤྱད་པས་མི་རྣམས་ཀྱིས་མངོན་སུམ་དང་ལྐོག་གྱུར་གྱི་གནད་དོན་མང་བོ་ལ་འདུ་ཤེས་ཀྱི་འཇུག་སྒོ་ཡངས་པར་གྱུར་བས་ཕྱིས་སུ་ཡི་གེ་ཚད་ལྡན་དང་འཐུས་ཚང་དུ་གཏོང་བ་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།
གཉིས་པ། ཐ་གུའི་ཡི་གེའི་ནུས་པ་དང་དེའི་འགྱུར་ལྡོག
     ཐ་གུའི་ཡི་གེ་ནི་སྤྱི་ཚོགས་སུ་སྤྱོད་པའི་གོ་རིམ་ཁྲོད་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་དགོས་མཁོ་དང་ལྷག་པར་ཏུ་རྩོམ་རིག་དང་སྒྱུ་རྩལ་འཕེལ་བར་བེད་དེ་འདྲ་མ་ཆོད་པ་དང་། དེ་བས་བརྗོད་བྱ་ཞིབ་ཚགས་ཅན་མངོན་སུམ་དུ་བརྡ་སྤྲོད་པ་ལ་ཁོའི་རང་སྟེང་ན་མི་འདང་བའི་ཆ་ཤིན་ཏུ་མང་བས་ཐ་གུའི་ཡི་གེའི་ནུས་པ་དེ་སྤྱིའི་ཆ་ནས་འཕེལ་མེད་སོར་གནས་ངང་ལུས་བསྡད་པ་ཡིན་ལ། བྱ་དངོས་ཀྱི་རྣམ་དབྱིབས་རི་མོ་འབྲི་བའི་བློ་རིག་རྒྱས་པ་ལས་ཀྱང་ཐ་གུའི་ཡི་གེ་གོང་དུ་འཕེལ་བར་བཀག་རྒྱ་བཟོས་ཡོད། དེ་ཕྱིར་ཐ་གུའི་ཡི་གེ་ནི་བོད་གནའ་རབས་སྤྱི་ཚོགས་ཁྲོད་རིམ་གྱིས་མི་ག་གེ་མོ་དང་ཚོགས་པ་ག་གེ་མོའི་སྒེར་གྱི་འདོད་དོན་སྒྲུབ་བྱེད་ཀྱི་ཡི་གེ་བྱེ་བྲག་པའི་ངོ་བོར་གྱུར་ཏེ། མོ་བའམ་ཤེས་རིག་ཡོད་པའི་མི་སྐོར་ཞིག་གིས་ཇུ་ཐིག་གི་རིག་པའི་ནང་དུ་རང་གི་ལྟོ་ཆས་སྒྲུབ་པའི་མོ་དཔྱད་ཀྱི་ཆེད་སྤྱོད་ལག་ཆ་ལྟ་བུར་བཟུང་བས་དེ་ནས་བཟུང་ཐ་གུའི་ཡི་གེ་དེ་སྤྱི་ཚོགས་ཀྱི་ཟུར་གཞན་ཞིག་ནས་དར་མགོ་བཙུགས་པ་ནི་ཐ་གུའི་ཡི་གེ་ལ་བྱུང་བའི་འགྱུར་ལྡོག་ཆེན་པོ་ཞིག་ཡིན།
     དེ་ཡང་ཇུ་ཐིག་ནི་ངོ་བོ་ཐ་གུའི་ཡི་གེ་རང་ཡིན་པ་ལ་རྣམ་པ་ལྐོག་གྱུར་ལུང་སྟོན་བྱེད་ཀྱི་མོ་བརྟག་གི་ཡོ་བྱད་གཙོ་བོར་གྱུར་བ་ཡིན་པས་དེའི་སྐོར་ནི། བོན་དཔེ་ལེགས་བཤད་སྐལ་བཟང་མགྲིན་རྒྱན་ལས། ཕྱ་གཤེན་ཐེག་པ་གཏོ་དཔྱད་ཇུ་ཐིག་དང་། །མོ་པྲ་དབྱངས་འཆར་རྩིས་དང་སྨན་ལ་སོགས། །འགྲོ་ལ་ཉེ་བར་ཕན་ཅིང་གསོ་བ་དང་། །ལྐོག་གྱུར་མངོན་གསལ་བོན་སྡེ་དུ་མ་གསུངས། །ཞེས་གསལ་བ་ལྟར་ན་ཇུ་ཐིག་ནི་བོན་གྱི་སྟོན་པ་གཤེན་རབས་ཀྱིས་བསྟན་ཏེ་དགོས་པ་ཡང་ལྐོག་གྱུར་ལུང་སྟོན་བྱེད་ཡིན་ལ། པྲ་ལྟས་མོ། སྣང་མཐོང་རྩིས། ནད་གསོ་སྨན། འཆི་བླུ་གཏོ་བཅས་རྒྱུའི་བོན་བཞི་ལས་ཕྱ་གཤེན་གྱི་བོན་སྒོ་ཐམས་ཅད་གོང་གི་དེ་བཞིར་འདུས་པར་བཤད་པ་ལྟར་ན་ཇུ་ཐིག་ནི་པྲ་ལྟས་མོའི་ཁོངས་སུ་འདུས་ལ། སྡུད་བྱེད་ཀྱི་མིང་ལས་བསྡུ་བྱ་ཇུ་ཐིག་གི་བྱེད་ལས་ཅི་ཡིན་པ་དང་ཇུ་ཐིག་གིས་གནས་བབ་གང་འདྲ་བཟུང་ཡོད་མེད་སྐོར་གསལ་བོར་རྟོགས་ནུས་ཏེ། འཇུ་མི་ཕམ་གྱིས་མཛད་པའི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ་ལས། ཐེག་དགུའི་དང་པོ་ཕྱ་གཤེན་བོན། །བཀྲིད་དྲང་ལམ་གྱི་སྒོ་རུ་བསྟན། །ཞེས་ཇུ་ཐིག་གི་མོ་ནི་ཕྱ་གཤེན་བོན་གྱི་ཡང་སྙིང་ལྟ་བུ་དང་། བྱེད་ལས་ནི་བཀྲིད་དྲང་ཞེས་བྱ་བ་མི་མང་བོ་བོན་ཕྱོགས་སུ་ཁ་དྲང་བའི་ཐབས་སུ་གསུངས་པས་ཇུ་ཐིག་གིས་གནས་བབ་གང་འདྲ་བཟུང་ཡོད་པ་རོབ་ཙམ་ཤེས་ནུས་སོ། །
     ཇུ་ཐིག་འདེབས་སྟངས་ནི་ཐ་གུ་རིང་ཐུང་དྲུག་ཡོད་པ་དེ་དག་གི་ཐིག་སྣེ་ཟུང་རེ་ཉིས་གཤིབ་བྱས་པའི་རྩེར་མདུད་པ་རེ་བོར་བས་མདུད་ཁག་བཞི་འབྱུང་ཞིང་། མོ་བ་རང་གི་ལག་གཉིས་ཀྱིས་ཐ་གུའི་སྣེ་ལྷག་གཉིས་རེ་བཟུང་སྟེ་ཐད་ཀར་ཁ་ཕྱེ་བ་ན་མདུད་པ་མི་འདྲ་བ་ཅི་འདྲ་བྱུང་བ་ལ་བརྟག་སྟེ་ལེགས་ཉེས་འབྱེད་པ་ཡིན། དེ་ཡང་ཇུ་ཐིག་གི་མདུད་གྲངས་ཀྱང་སྣང་གསལ་སྒྲོན་མེ་ལས་གསུངས་པ་ལྟར་ན་སྲིད་པའི་བླ་མདུད་དྲུག་བརྒྱ། སད་ལ་ཁྲི། བྲག་ལ་འབུམ། བབ་སྐྱེན་བསྡུས་པ་སུམ་བརྒྱ་དྲུག་ཅུ། བརྒྱག་གིས་བསྒྱུར་བ་ལ་སྤྱིར་ཁྲི་དང་གཙོ་བོ་བདུན་བརྒྱ་དང་ཉི་ཤུ་སྟེ་མདོར་ན་ཇུ་ཐིག་མདུད་སྟངས་ཀྱི་རྣམ་གྲངས་དེ་སྙེད་ཀྱིས་མཚོན་དོན་ཧ་ཅང་མང་བོ་མཚོན་པ་ནི་སྐད་ཆ་འགོད་བྱེད་ཀྱི་ཡི་གེའི་ནུས་པ་རང་ཡིན་ཞིང་། དེ་དག་གིས་ཁྱིམ་དང་མཚེར་མལ་བཅའ་བ། ཚེ་དང་སྲོག་ནད་གསོ་བ། སྲིད་ཀྱི་ཁ་ཐབས། མགྲོན་དང་དགྲ་ལ་བརྟག་པ། གཞིས་བྱེས་ལེགས་ཉེས་བརྟག་པ། འབྱུང་བཞིས་མཚོན་པའི་རང་བྱུང་ཁམས་ཀྱི་སྣང་ཚུལ། དུས་བཞིའི་འགྱུར་ཁྱད་སོགས་འཚོ་བ་དངོས་ཀྱི་ཕྱོགས་སོ་སོར་སྐད་བརྡ་ཙམ་མ་ཡིན་པར་ཅུང་བརྟན་འཇགས་ཅན་གྱི་ཐ་གུའི་མདུད་པའི་ལམ་ནས་ཕྱི་རབས་པར་གཟུགས་ཅན་གྱི་རྣམ་པར་བསྟན་པ་ནི་གནའ་བོའི་བོད་ཀྱི་མེས་པོ་དག་གི་བློ་གྲོས་ལས་འཁྲུངས་པའི་ཤེས་རིག་གི་མཚོན་རྟགས་ངོ་མཚར་བ་ཡིན་ནོ། །
     ཇུ་ཐིག་ལ་མཚོན་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ། ཁྱབ་ཁོངས་ཡངས་པ། དེ་མིན་ཇུ་ཐིག་འདེབས་སྟངས་ལས་བུ་ཐིག་སྤོ་ལ་འཇུས་ཚུལ། མོ་ཐིག་གི་ཁོག་པར་དྲངས་ཚུལ། ཐ་གུའི་གཞུང་འབྲེལ་སྟངས། ཐིག་སྣེ་སྦྲེལ་ཚུལ། བརྒྱག་གིས་བསྒྱུར་ཚུལ། ཐིག་འབྲས་དཔྱོད་ཚུལ་སོགས་གཞུང་ལུགས་ཀྱི་དཔུང་བརྟན་ཞིང་། མཐའ་དཔྱོད་ཀྱི་དཀྱུས་ཡངས་པ། དོན་མཚོན་གྱི་གནད་ཐིགས་པ་སོགས་མི་རིགས་གཞན་ལ་མེད་པའི་ཤེས་རིག་མཆོག་ཏུ་གྱུར་བ་ཞིག་ཡིན་ལ། དེའི་སྐོར་གྱི་ཆེད་ཞིབ་ཡིག་ཆ་གཅིག་བུའི་དབང་དུ་བྱས་ནའང་དཔྱད་དོན་སྒྱུ་མ་གསེར་འབུམ་དང་གཏེར་མོ་རིག་པའི་ཁོག་སྡོང་སོགས་ཀྱིས་མཚོན་པོ་ཏི་ཆེ་བ་བཅུ་གཅིག་ལྷག་ཙམ་དུས་རབས་ཉི་ཤུ་བའི་མགོ་སྟོད་བར་དུ་བཞུགས་ཡོད་པར་མཁས་དབང་འཇུ་མི་ཕམ་རིན་པོ་ཆེས་དངོས་སུ་གཟིགས་འདུག་གོ །
གསུམ་པ། ཐ་གུའི་ཡི་གེ་ཉམས་པའི་རྒྱུ་རྐྱེན།
     སྤྱིར་འཇིག་རྟེན་གྱི་བྱ་དངོས་གང་ཞིག་ཡིན་ཡང་དང་པོ་བྱུང་། དེ་ནས་གནས། དེ་ནས་འཇིག་པའི་རིམ་པ་ངེས་པར་བརྒྱུད་དགོས་པ་ནི་ཆོས་ཉིད་ཀྱི་འགྲོས་ཤིག་ཏུ་གྱུར་ཡོད་པས་ཐ་གུའི་ཡི་གེ་ཡང་དེ་ལས་མ་འདས་པར་བྱུང་འཇིག་གི་རྒྱ་ལས་ཐར་མེད། དེ་ཡང་རྒྱུ་མེད་རྐྱེན་མེད་དུ་ཉམས་པ་མིན་པར་རྒྱུ་རྐྱེན་གང་ཞིག་དང་ངེས་པར་འབྲེལ་ཡོད་པ་ཞིག་ཡིན་ཞེ་ན། དེ་ནི་ཐ་གུའི་ཡི་གེ་རང་སྟེང་ན་བརྗོད་བྱ་སྟོན་ཚུལ་སྤྱི་འགྲོས་ཤིག་ཆགས་མེད་པ་དང་བརྗོད་པ་དང་གཏམ་གྱི་རྣམ་པ་རིང་བོ་འབྲེལ་ཆགས་པར་མཚོན་བྱེད་ཀྱི་ནུས་པ་བྲལ་བ། དངོས་པོ་དང་བརྗོད་བྱ་གང་ཞིག་གི་མིང་ཐད་ཀར་མཚོན་པ་ལས་མིང་དེ་དག་གི་བར་རྐྱེན་ཚིག་ཕྲད་ཀྱི་དོད་མེད་པ། ལྷག་པར་ཞིང་འབྲོག་འཚོ་བའི་ནང་བརྡ་དོན་མང་བོ་ཞིག་མཚོན་པ་ལ་ཆེད་ལས་མི་སྣ་གང་རུང་གིས་དངོས་སུ་ཐ་གུའི་མདུད་རྒྱག་བྱས་པ་ལ་རག་ལས་པས་ཕོ་མོ་དང་རྒན་གཞོན་གང་ཡིན་གྱིས་བརྡ་དོན་གཏན་ཆགས་ཉར་ཚགས་བྱེད་ཐབས་བྲལ་བ། མི་རྣམས་ཀྱི་རི་མོའི་ཤེས་བྱ་ཕུན་ཚོགས་སུ་འགྲོ་བ་དང་བསྟུན་ནས་གདོད་མའི་ཐ་གུའི་ཡི་གེ་བེད་སྤྱོད་བྱེད་པའི་གོ་སྐབས་ཉུང་དུ་ཕྱིན་པ། ལྷག་པར་ཐ་གུ་ལ་བརྟེན་ནས་འཚོ་བ་བསྐྱལ་བའི་མི་བུ་རེ་འགས་ཐ་གུའི་མཚོན་དོན་མང་བོ་ལོག་འགྲེལ་གྱིས་སྤྱི་ཚོགས་ཀྱི་འཚོ་བར་ཐད་ཀར་གནོད་པ་ཐེབས་པ་ལས་རིམ་གྱིས་དེ་ལ་ཡིད་ཆེས་བྱེད་མཁན་ཇེ་ཉུང་དང་སྤྱི་ཚོགས་ཡོངས་ཀྱི་བཀོལ་སྤྱོད་ཀྱི་ནུས་པ་ཉམས་པར་གྱུར་ཅིང་། མོ་ལུང་རྩིས་རྒྱག་གི་ལག་ཆ་ཁོ་ནར་གྱུར་བས་ཡི་གེ་དངོས་ཀྱི་རིན་ཐང་དེ་རྩ་བ་ནས་ཤོར་བས་དེང་དུས་ཐ་ན་ཐ་གུའི་ཡི་གེ་ཟེར་བ་ལོ་རྒྱུས་ཐོག་བྱུང་ཡོད་མེད་ཀྱི་རྒྱུས་ཙམ་ཡང་མེད་མཁན་ནི་ཤིན་ཏུ་མང་ངོ་། །
     དེ་ལྟར་གཏན་འཇགས་དང་ཡོངས་ཁྱབ་མ་ཡིན་པའི་ཐ་གུའི་མདུད་རྒྱག་གི་རིག་པ་ཞིག་དར་ནས་བོད་སྤྱི་ཚོགས་ལ་ཞབས་འདེགས་ཨེན་ཙམ་ཞུས་པ་ཡིན་མོད། སྤྱི་ཚོགས་ནི་རྒྱུན་མི་ཆད་པར་མདུན་དུ་བསྐྱོད་དགོས་པ་དང་མིའི་བསམ་བློ་ཡང་རིམ་བཞིན་འགྱུར་བཞིན་པ་ལས་ཕྱི་དངོས་པོ་དང་ནང་གི་བསམ་པའི་འགྱུར་བ་མཚོན་ཐབས་ལ་ཐ་གུའི་རྣམ་དབྱིབས་ཙམ་ལས་རིང་དུ་འདས་པའི་ཡི་གེ་གཞན་ཞིག་དར་རྒྱུ་ནི་དངོས་པོའི་ཆོས་ཉིད་ལྟ་བུ་ཡིན་པས། དེ་རྗེས་བོད་ལ་སྒྲ་སྦྱོར་གྱི་ཡི་གེ་མ་དར་བའི་སྔོན་དུ་བར་སྐབས་སུ་ཡིག་རིགས་གཞན་ཞིག་དར་བ་ནི་འདྲ་གཟུགས་ཡི་གེ་ཡིན་པས་དེའི་སྐོར་ཉུང་ཙམ་ཞིག་ལེའུ་ཕྱི་མར་འབྲི་བར་བྱའོ།། །།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...