སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་གནའ་རབས་ཡིག་གཟུགས་ལས་འདྲ་གཟུགས་ཡི་གེའི་བྱུང་འཕེལ་གྱི་ལོ་རྒྱུས་དང་དེའི་ཁྱད་ཆོས།
རྩོམ་པ་པོ། གཙོས་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། Michung དུས་ཚོད། 2016-12-21 9:36:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
གཙོས་ཤེས་རབ་རྒྱ་མཚོས།
དང་པོ། བོད་ཀྱི་འདྲ་གཟུགས་ཡི་གེའི་བྱུང་རབས་དང་མཚོན་དོན།
     དེ་ཡང་ཉེ་དུས་ཀྱི་སྨྲ་བའི་ཁྱུ་མཆོག་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱིས། རང་རེའི་སྲིད་པའི་ཕྱག་རྒྱ་དང་། གཞན་ཡང་བསྲུང་བའི་བྱང་བུ་མང་བོ་ཞིག་གི་སྟེང་ན་ཐོ་བརྩེགས་སུ་ཡོད་པའི་གཟུགས་རིས་སྣ་ཚོགས་ཤིག་ཡོད་པ་འདི་དག་ཀྱང་གནའ་དུས་ཀྱི་ཡི་གེའམ་སྔགས་ཀྱི་གཟུགས་ལ་སོགས་པ་ཡིན་ནམ་སྙམ། ཞེས་བོད་ལ་གནའ་དུས་དངོས་པོའི་གཟུགས་རིས་བྲིས་ཏེ་དོན་དེ་མཚོན་བྱེད་ཀྱི་ཡི་གེ་རྙིང་བ་ཞིག་དར་བར་གསུངས་པ་ནི་འདྲ་གཟུགས་ཡི་གེ་དར་བར་བཞེད་པའི་གཏམ་རྩ་བོ་ཆེ་ཞིག་ཡིན། འཛམ་གླིང་མི་རིགས་གང་ལ་མཚོན་ན་ཡང་ཐོག་མར་སྒྱུ་རྩལ་གྱི་ཐོག་མའི་རྣམ་པ་ལྟ་བུའི་སྟབས་བདེའི་ལད་འབྲིའི་རི་མོ་བྱུང་ཞིང་དེ་ནས་རིམ་གྱིས་དེ་དག་མཚོན་བྱེད་ཀྱི་ཡི་གེ་དར་བར་གྱུར་བ་ནི་ཀུན་གྱི་སྤྱི་ཆོས་སུ་གྱུར་འདུག ལོ་ཉིས་ཁྲིའི་གོང་གི་གནའ་རབས་རྒྱ་གར་གྱི་འདྲ་གཟུགས་ཡི་གེ་དེ་ཕྱིས་ཀྱི་འཕགས་ཡུལ་སྒྲ་སྦྱོར་ཡི་གེ་འཕེལ་བའི་མཐུན་རྐྱེན་དུ་གྱུར་ཡོད་ལ། དེ་བཞིན་གནའ་བོའི་ཨེ་ལྗིབ་དང་སཱོ་མེའར། ཀྲུང་གོ། འཇང་མི་རིགས། གནའ་བོའི་ཨ་ཧྥི་གྷ་ན་སི་ཐན་བཅས་ཀྱི་འདྲ་གཟུགས་ཡི་གེ་དེ་དག་གིས་ཀྱང་ཕྱི་དར་ཤར་ནུབ་ཀུན་གྱི་ཡི་གེ་ལ་དངོས་ཤུགས་ཅི་རིགས་ཀྱི་ཤན་ཞུགས་ཐེབས་ཡོད། དེ་དང་མཚུངས་པར་རང་རེའི་བོད་གནའ་རབས་སུ་གདོན་མི་ཟ་བར་དངོས་པོ་ལད་འབྲིའི་རི་མོ་སྟབས་བདེ་འབྲི་ཤེས་པར་གྱུར་བ་ལས་མཚོན་དོན་དེ་ལྡན་གྱི་གནའ་བོའི་ཡི་གེ་ཞིག་དར་ཡོད་པ་ནི། དཔེར་ན། མ་ཕམ་གཡུ་མཚོའི་འགྲམ་ནས་རྙེད་པའི་འཁར་བའི་དངོས་ཆས་ཀྱི་དཀྱིལ་དབུས་ཀྱི"བུམ་པའི་དབྱིབས་ཅན"གྱི་རི་མོ་དེ་འདྲ་མངའ་རིས་ས་ཁུལ་ནས་མང་བོ་ཐོན་ཡོད་པ་དང་། མདུད་པའི་གཟུགས་རིས་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་ནང་གསེས་སུ་འབྲི་བཞིན་པའི་རིས་དབྱིབས་དང་མི་མཚུངས་པར་གཤམ་འོག་ཟླུམ་དབྱིབས་དང་། སྟེང་ན་ཐ་གུའི་སྣེ་གཉིས་ཀྱི་རི་མོ་ཡོད་པ་འདི་བོད་ཀྱི་ཐུན་མོང་མ་ཡིན་པའི་འབྲི་སྲོལ་ཡིན་ལ། བོན་གྱི་དཔེ་ཆ་མདོ་གཟེར་མིག་ལས། གཏོ་ཡི་བཀའ་སྒྲོ་བདུད་ཀྱིས་ཞུགས་ལ་བསྲེགས། ཞེས་སྲིད་པ་འབུམ་ཁྲིའི་ཐུགས་བཅུད་ཀྱི་ཡིག་འབྲུ་ཁྲི་འབུམ་དེ་ཡང་དོན་དངོས་སུ"གཡུང་དྲུང་ལྟ་བུ་རི་མོར་བཀོད་པའི་བརྡ་རྟགས་ཙམ་ཡིན"པར་གྲོང་ཁ་ཚེ་རིང་ཆོས་རྒྱལ་གྱིས་བཞེད་པ་ལ་རྒྱུ་མཚན་དང་ལྡན་ནོ། །  གཞན་མེ་མཚོན་བྱེད་ལ་མེ་རི་དང་དབྱིབས་ཟུར་གསུམ། ཆུ་མཚོན་བྱེད་ལ་ཆུ་རིས་དང་དབྱིབས་ཟླུམ་པོ། ས་མཚོན་བྱེད་ལ་ས་དཀྱིལ་གྲུ་བཞི། རླུང་མཚོན་བྱེད་ལ་གཞུ་དབྱིབས་ཐིག་ལེ་ཅན། དེ་ནས་ཉི་མ་དང་ཟླ་བ་མཚོན་བྱེད་ལ་ནོར་བུ། མེ་རི་བཅས་ཀྱི་མཚོན་བྱེད་ཀྱི་རི་མོ་དེ་དེང་སང་གི་བར་གཏོར་མའི་བཅའ་བཟོའི་ཕྱག་རྒྱུན་ཁྲོད་དུ་ལག་ལེན་དུ་བསྟར་བཞིན་པ་དང་། གཞན་བཻཌཱུརྱ་དཀར་བོའི་གཡའ་སེལ་དུ། རྣམ་ཤེས་སྒྲིབ་བྲལ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་དབུས་སུ་ཁོག་པ་ཨ་ཡིག"གྲི་གུག"གི་རྣམ་པ་ཅན། ཚོར་བ་སྒྲིབ་བྲལ་མཉམ་ཉིད་ཡེ་ཤེས་ཀྱི་རང་བཞིན་ཟླ་ཕྱེད་ཀྱི་རྀ་ཡིག"ཚེག་དྲག"གི་རྣམ་པ་ཅན། འདུ་ཤེས་སྒྲིབ་བྲལ་སོར་རྟོག་ཡེ་ཤེས་ཀྱི་རང་བཞིན་ཨུ་ཡིག"ཐིག་ལེའི"རྣམ་པ་ཅན། འདུ་བྱེད་སྒྲིབ་བྲལ་བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་རྐང་བ་ཨི་ཡིག"དབྱུག་པའི"རྣམ་པ་ཅན། གཟུགས་ཕུང་སྒྲིབ་བྲལ་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་མགོ་བོ་ལྀ་ཡིག"ཐོང་གུག"གི་རྣམ་པ་ཅན་ཞེས་གྲི་གུག་དང་ཚེག་དྲག་ནང་ན་ཐིག་ལེ་རེ་ཡོད་པ། ཐོང་གུག་དང་དབྱུག་པ་བཅས་ཀྱི་རི་མོ་ཉམས་དང་ལྡན་པ་རེ་བྲིས་ཡོད་པ་དེ་ནི་རྒྱུད་ཆོག་སོགས་ན་ཡོད་པའི་མཚོན་དོན་རི་མོ་དང་མི་འདྲ་བས། འདི་ཡང་བོད་ཀྱི་བརྡའི་བྱེད་ལུགས་རྨད་དུ་བྱུང་བ་ཞིག་ཏུ་འཁུམས་སོ། ། ཞེས་བརྡ་སྤྲོད་སྨྲ་བ་ལྕགས་ཐར་རྒྱལ་ལགས་ཀྱིས་བཞེད་པ་ལ་རྒྱུ་མཚན་ཆེའོ། །
     གཞན་ཡང་ཡིག་རྙིང་རྣམས་སུ་ཉི་ཟླ་སོགས་ཀྱི་མཚོན་བྱེད་ལ་གོང་ཞུས་ལྟར་དང་། ཤེས་རབ་མཚོན་བྱེད་ཟུར་གསུམ་རྩེ་གཅིག་ཁ་ཡར་བསྟན་པ། གཡུང་དྲུང་ལ་མཚོན་དོན་བཤད་ཚུལ་མི་མཐུན་པ་མང་མོད་ཉི་མ་དང་མེ་དཀྱིལ་མཚོན་པ་རྒྱུགས་ཆེ་ལ། གཟའ་མིག་དམར་མཚོན་བྱེད་ལ་མིག་གི་རི་མོ། ལྷག་པ་མཚོན་བྱེད་ལ་ལག་པ། ཕུར་བུ་མཚོན་བྱེད་ལ་ཕུར་གཟུགས། པ་སངས་མཚོན་བྱེད་ལ་མདེའུ་མགོ། སྤེན་པ་མཚོན་བྱེད་ཕྱགས་མ། སྒྲ་གཅན་མཚོན་བྱེད་ལ་དེ་ཕོའི་མགོ། སྤྱིར་སྐར་མར་བརྟག་པའི་རིག་པ་ནི་རྒྱལ་རབས་གསལ་བའི་མེ་ལོང་དུ་སྤུ་དེ་གུང་རྒྱལ་གྱི་དུས་ནས་དར་བར་གསུངས་པས་ན་གཟའ་དང་རྒྱུ་སྐར་མཚོན་བྱེད་ཀྱི་རི་མོ་འདི་དག་ཀྱང་དེ་དུས་ནས་ཡོད་པར་དཔོག་ཐུབ་པོ། །སྲིད་པའི་ཕྱག་རྒྱ་རྣམས་སུ་ས་བདག་ལ་རུས་སྦལ་དང་། གཞན་ཡང་མདོས་དང་ཡས་སྟགས་སུ་རི་མོ་མི་འདྲ་བ་དུ་མ་འབྲི་བ་དེ་དག་དང་། ནམ་མཁའ་དང་རྒྱང་བུ། མདའ་དང་འཕང་གི་རི་མོ། རི་མོ་འདི་དག་ནི་གཡང་གི་རྟེན་ཙམ་མ་ཡིན་པར་བཀྲ་ཤིས་པ་དང་དཔའ་བོའི་སྟོབས་དང་བུད་མེད་ཀྱི་བློ་གྲོས་མཚོན་པ། གཞན་ས་ཆེན་བསོད་ནམས་རྩེ་མོའི་ཞལ་ནས། སེངྒེ་འདྲ་དང་བརྒྱ་བྱིན་མིག །གླང་སྣ་འོད་མ་འགྲེང་འདྲ་དང་། །ཐང་གུག་དཔེ་ལྔས་བསྟན་པས་ན། །སྟོང་ཆེན་ཡི་གེ་ལྔ་ཞེས་བྱ། །ཞེས་པའི་སྟོང་ཆེན་ཡི་གེ་ལྔ་ཡང་སེངྒེ་སོགས་སོ་སོའི་རི་མོ་རྐྱང་བའི་ལམ་ནས་མཚོན་ཡོད་ལ། བོད་ཀྱི་ཨང་ཡིག་འདི་ཡང་འདྲ་གཟུགས་ཡིན་པར་གསོ་རིག་སྨྲ་བའི་དབང་བོ་སྐུ་ཞབས་བྱམས་པ་འཕྲིན་ལས་ཀྱིས་བཞེད་དེ། 《  བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་འབྱུང་ཚུལ་དང་འཕེལ་རིམ་སྐོར་གླེང་བ》  ཞེས་པར། ༡༽ནི་མགོ་བོའི་སྤྱི་གཙུག་གི་སྒོར་འཁྱིལ་འདྲ་བ། ༢༽ནི་སྤྱི་གཙུག་གི་དབྱིབས་དེ་ལ་དཔྲལ་བའི་སྒོར་གཅིག་འཐེན་པ། ༣༽ནི་དཔྲལ་སྒོར་མིག་གི་དབྱིབས་འདྲ་གཅིག་འཐེན་པ་དེ་ལ་གསུམ་ཚོགས་ཟེར། དེ་བཞིན་རྣ་བའི་དབྱིབས་འདྲ་བྲིས་པ༤། སྣ་ཁུག་གི་དབྱིབས་འདྲ་བྲིས་པ་ལ༥། ཁའི་དབྱིབས་འདྲ་གཅིག་བྲིས་པ་ལ་ལན་མོ་དྲུག་ཟེར། མ་ནེའི་དབྱིབས་འདྲ་བྲིས་པ་ལ༧  སྐེའི་དབྱིབས་འདྲ་གཅིག་བྲིས་པ་ལ༨། མཇུག་མའམ་ཕོ་མཚན་གྱི་དབྱིབས་འདྲ་གཅིག་བྲིས་པ་ལ་མཁས་པ༩ཟེར་ཞེས་གསུངས་པ་འདི་ཡང་དེ་སྔ་བོད་དུ་འདྲ་གཟུགས་ཡི་གེ་དར་བའི་མཚོན་བྱེད་རྨད་དུ་བྱུང་བའོ། །
     ཡང་བོན་གྱི་དཔའ་བོ་འབྲུ་ལྔའི་ཡི་གེ་ཡང་ཆེས་ཐོག་མར་འདྲ་གཟུགས་ཡི་གེའི་རྣམ་པར་ཡོད་པར་གསལ་བ་ལས་དུས་ཕྱིས་ཡི་གེ་ལྔ་བོ་གཞིར་བྱས་ཏེ་དུས་རབས་འོས་མཚམས་ཤིག་ལ་བོན་ཆོས་ཁོ་ནར་སྤྱོད་པའི་ཞང་ཞུང་གི་ཡི་གེ་ཞིག་བཟོས་ཡོད་པ་དེ་ངོ་བོའི་ཆ་ནས་འདྲ་གཟུགས་ཡི་གེའི་རྣམ་པ་མ་འགྱུར་བའི་ཡོངས་ཁྱབ་མ་ཡིན་པའི་གནའ་བོའི་ཡིག་རིགས་ཤིག་ཡིན་ཞེས་ཀྱང་ཆོག་གོ།
     གཞན་ཡང་ཆོ་ག་རྙིང་བ་རྣམས་སུ་སྲོག་ཀླུང་གི་རྟེན་ལ་བུམ་པ་དངོས་དང་རི་མོ་གང་རུང་འཇོག་པ་ལས་བུམ་གཟུགས་ཀྱི་རི་མོ་འདི་ནི་བོད་ཀྱི་གནའ་བོའི་ཡི་གེ་རྙིང་བའི་གྲས་ཡིན་ཏེ། དེང་སང་གའུ་ཞེས་པ་ཕོ་མོ་གཉིས་ཀས་གདོན་དང་མཚོན་ཆ་སོགས་སྲུང་བྱེད་ཀྱི་རྟེན་རྫས་བྱིན་ཅན་འཇུག་སྣོད་ཀྱི་དབྱིབས་འདི་བུམ་གཟུགས་རང་ཡིན་ཞིང་། འདི་ཡང་སྲོག་དང་བླ་བརྟན་ཞིང་མི་འགྱུར་བའི་མཚོན་དོན་ཅན་གྱི་ཆེས་གནའ་བོའི་བོད་ཡིག་ཅིག་ཡིན་ནོ། །ཨི་ཐ་ལིའི་བོད་རིག་པ་མཁས་ཅན་ཏུའུ་ཆིས་བརྩམས་པའི《  བོད་ཀྱི་གནའ་རྫས་རྟོག་ཞིབ》  ཅེས་པའི་དེབ་ཀྱི་ནང་བཀོད་པའི་པར་རིས་དང་བོ་དང་བཞི་བའི་ནང་གི་དཀྱིལ་དབུས་ཀྱི་རི་མོ་གཙོ་བོ་ནི་བུམ་པའི་དབྱིབས་ཡིན་ལ། རི་མོ་དེ་དང་གནའ་བོའི་ཨོ་རྒྱན་གྱི་བུམ་པའི་གཟུགས་ཀྱི་ཡི་གེ་གཉིས་སྟེང་གི་འཕྲེད་ཐིག་ཡོད་མེད་ཙམ་ལས་ཧ་ལམ་འདྲ་བས་ན་ཐུན་མོང་བ་འབྱུང་རྩིས་ཁོ་ནའི་སྟེང་ནས་གོ་བ་ལེན་པར་མི་བྱའོ། །
     སྤྱིར་གནའ་རབས་སུ་བོད་ལ་དངོས་པོའི་གཟུགས་རིས་འབྲི་བའི་རི་མོའི་ཡི་གེ་ཇི་སྙེད་ཅིག་བྱུང་བ་ལས་ཡང་སྙིང་ཡིག་གྲངས་ག་ཚོད་ཡོད་མེད་ད་སྔ་དཔྱད་དཀའ་ཞིང་དཔྱད་ཐབས་བྲལ་བ་ཞིག་ཡིན། མིག་སྔར་མཐོང་ཟིན་པའི་དཔྱད་གཞི་དག་ལས་བྱུང་བར་དཔག་ན་ཉུང་མཐར་ཡང་ཉིས་བརྒྱར་ཉེ་བ་ཙམ་ཡོད་པས་འདི་ཕྱོགས་ལ་དཔྱོད་འདོད་ཡོད་པ་དག་གིས་ད་དུང་མང་དུ་འཚོལ་བར་རིགས་སོ། ། འཇང་མི་རིགས་ཀྱི་ཡི་གེ་འདི་ད་ལྟ་གསོན་བཞིན་པའི་འདྲ་གཟུགས་ཡི་གེ་ཡིན་ཞིང་། འདི་ལ་ཁོ་ཚོས"སྟོན་པའི་ཡི་གེ"ཞེས་བརྗོད་པ་ཡང་དོན་ལ་བོད་གནའ་རབས་ཀྱི་ཡི་གེའི་བྱེད་པོ་སྟོན་པ་གཤེན་རབས་ཀྱི་མཚན་ཟུར་ལས་ཐོགས་པར་གྲགས་པས་ན། ཡི་གེ་འདི་དང་ཡི་གེ་འདི་གང་ལས་བྱུང་བའི་གཞི་གཉིས་ཀྱི་བར་ལྟོས་བཅས་ཀྱི་འབྲེལ་བ་ཡོད་ངེས་པ་ནི་བཤད་མ་དགོས་སོ། ། སཱོ་མེའར་གྱི་གནའ་བོའི་འཛེར་དབྱིབས་ཡི་གེ་དེ་ཐོག་མར་ལི་ཆས་སྤྱོད་པའི་དུས་རབས་ཀྱི་དུས་མགོ་ཙམ་ལ་ཡི་གེ་ཆིག་སྟོང་ཉེ་ཙམ་ཡོད་མོད་ལི་ཆས་སྤྱོད་པའི་དུས་རབས་ཀྱི་དུས་མཇུག་ཙམ་ལ་སླེབས་དུས་ཉུང་ངུར་འཕྲི་སྟེ་བཞི་བརྒྱ་ཙམ་ལས་མེད་ཅིང་། སྤྱི་ཚོགས་སུ་བཀོལ་རྒྱ་ཧ་ཅང་ཆེ་ཞིང་ལྷག་པར་ཚོང་ལས་ཕྱོགས་ལ་བཀོལ་བ་མང་བ་དང་། འཇང་གི་འདྲ་གཟུགས་ཡི་གེ་ལ་ད་སྔའི་བར་ཡི་གེ1600ཙམ་མེད་པས་འཛམ་གླིང་གི་འདྲ་གཟུགས་ཡི་གེའི་ཡིག་གྲངས་ལ་མང་ཉུང་སྣ་ཚོགས་ཡོད་མོད་བརྗོད་བྱ་དེ་ལྡན་གྱི་དོན་རེ་སྟོན་ཐུབ་པ་ལ་ཁྱད་པར་མེད་པས་དེ་ཕྱིར་བོད་གནའ་རབས་སུ་འདྲ་གཟུགས་ཅན་གྱི་རི་མོ་མང་བོ་ཡོད་པ་དེ་དག་ལ་བརྗོད་བྱ་གང་ཞིག་གསལ་བར་སྟོན་པའི་ནུས་པ་ལྡན་ཞིང་དུས་ཚོད་ངེས་ཅན་ཞིག་ལ་སྤྱི་ཚོགས་ལ་ཞབས་འདེགས་ཀྱང་གང་ལ་གང་འཚམས་བསྒྲུབས་ཡོད་པ་ནི་བསྙོན་དུ་མེད་པའི་དོན་དངོས་ཡིན་པར་གཟུར་གནས་རྣམས་ཀྱིས་རྟོགས་པར་བྱའོ། །
གཉིས། འདྲ་གཟུགས་ཡི་གེ་ཉམས་པའི་རྒྱུ་རྐྱེན།
    འཇིག་རྟེན་གྱི་བྱ་དངོས་གང་ཡིན་ཡང་སྐྱེ་གནས་འཇིག་གསུམ་བརྒྱུད་དགོས་པ་ནི་ཆོས་ཉིད་ཡིན་པས་བོད་ཀྱི་འདྲ་གཟུགས་ཡི་གེ་ཡང་ཐོག་མར་བྱུང་བ། བར་དུ་གནས་པ། མཐར་འཇིག་པའི་རིམ་པ་གསུམ་བརྒྱུད་ཡོད། སྤྱི་ཚོགས་ཀྱི་འཚོ་བ་ཉིན་རེར་འཕེལ་རྒྱས་སུ་འགྲོ་བ་དང་མི་རྣམས་རྒྱུན་མི་ཆད་པར་བྱ་དངོས་གསར་བ་ལ་འཕྲད་པའི་དབང་གིས་བརྡ་དང་ཐ་སྙད་སྣ་ཚོགས་འདོགས་དགོས་ཤིང་། དེ་ཡང་ལྐོག་གྱུར་གྱི་ཤེས་བྱ་མང་བོ་ཞིག་རི་མོའི་ལམ་ནས་ཇི་བཞིན་མཚོན་དཀའ་བས་འདྲ་གཟུགས་ཡི་གེའི་བཀོལ་སྤྱོད་ཀྱི་ནུས་པ་ཆུང་དུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ་ཞིང་། སྤྱི་ཚོགས་ཀྱི་མི་ཁ་ཤས་ཀྱིས་དེ་ཡང་ཐ་གུའི་ཡི་གེ་དང་འདྲ་བར་རིམ་གྱིས་རིག་ཚན་བྱེ་བྲག་པའི་སྒེར་ཆས་སུ་ཉར་བས་སྤྱི་ཚོགས་ཡོངས་ཁྱབ་ཀྱི་རིན་ཐང་ཤོར་བར་གྱུར། མ་ཟད་འདྲ་གཟུགས་ཡི་གེ་རང་སྟེང་ནས་བརྡ་སྤྲོད་ཀྱི་ཞན་ཆ་མང་བོ་ལྷགས་ཡོད་པ་བཅས་རྒྱུ་རྐྱེན་མང་བོ་ཞིག་གིས་འདྲ་གཟུགས་ཡི་གེ་དེ་ད་ལྟ་གཏོ་ཆོག་རྩིས་གསུམ་གྱི་ཟུར་ཁ་ན་ཉམ་ཆུང་ཙམ་ལས་ལུས་མེད་པར་ཉམས་པར་གྱུར་ཏོ། ། གཤམ་ནས་དེང་གི་ཞིབ་འཇུག་པ་རྣམས་ཀྱིས་འདྲ་གཟུགས་ཡི་གེ་ཉམས་པའི་རྐྱེན་འགའ་ལ་དབྱེ་ཞིབ་བྱས་ཡོད་པ་ལས་ཚབ་མཚོན་དང་ལྡན་པ་འགའ་བརྗོད་པར་བྱའོ། །
1. བྲི་བཀླག་དཀའ་ཞིང་ཤེས་མི་སྐྱེན་པ།
     འཇིག་རྟེན་གྱི་དངོས་པོ་ཐམས་ཅད་འདྲ་གཟུགས་ཡི་གེས་མཚོན་དཀའ་ཞིང་། བརྗོད་བྱའི་དངོས་པོའི་འདྲ་གཟུགས་ཀྱི་ཡི་གེ་དེར་གཏན་ཆགས་ཀྱི་བཀླག་སྟངས་མེད་པ། རི་མོའི་ལམ་མང་བོས་མཚོན་དགོས་པ་རྣམས་བྲི་དཀའ་ཞིང་བྲིས་པ་རྣམས་ཀྱིས་དོན་བམ་སྤྱི་ཙམ་ལས་ཏན་ཏན་ཐིག་ཐིག་ཅིག་མཚོན་དཀའ་བས་འཆད་ཉན་ཇི་བཞིན་བྱེད་ཐབས་མེད་པ་རེད།
2. བརྡ་སྤྲོད་ཀྱི་གནས་ལུགས་ལ་གཏན་སྲོལ་མེད་པ།
     འདྲ་གཟུགས་ཡི་གེ་ལ་བརྗོད་བྱ་གང་ཞིག་མཚོན་བྱེད་རི་མོ་ཙམ་ལས་ཚིག་ཕྲད་ལོགས་སུ་མེད་པས་ཕྲད་དང་ཡི་གེ་གཅིག་ཏུ་འཁྲུལ་ནས་རྙོག་དྲ་འབྱུང་ཞིང་། ཁྱད་པར་དུ་བྱ་བ་ལ་དུས་ཀྱི་དབྱེ་བ་ཡོད་པ་བཞིན་མཚོན་བྱེད་ལ་ཡང་དེ་བཞིན་ཡོད་དགོས་པ་ལ་འདྲ་གཟུགས་ཡི་གེ་ཕལ་ཆེ་བར་ལས་ཚིག་གི་ཁྱད་པར་མི་གསལ་བས་གཏན་ཆགས་ཀྱི་སྒྲའི་གཞུང་ལུགས་བྱེད་དཀའ་བའོ། །
3.སྐད་ཀྱི་གདངས་རྣམས་དབྱངས་གསལ་གྱི་ཡི་གེ་ཉུང་ངུའི་ནང་དུ་བསྡུ་ཐབས་མེད་པ།
     འདྲ་གཟུགས་ཡི་གེའི་གཟུགས་རིས་དང་གདངས་ཀྱི་བར་འབྲེལ་བ་དམ་པོ་མེད་ཅིང་གདངས་ཀྱི་རང་བཞིན་ལ་གཏན་ཆགས་ཀྱི་རྣམ་པ་གསལ་བོ་མེད་པ་ནི་འདྲ་གཟུགས་ཡི་གེ་ཉམས་པའི་དངོས་རྒྱུ་ལྟ་བུ་ཡིན། འདྲ་གཟུགས་ཡི་གེ་ནི་བརྗོད་བྱའི་དངོས་པོའི་གཟུགས་རིས་གཙོ་བོར་བྱས་པ་ལས་གདངས་ལ་ངེས་གཏན་ཆེར་མེད་པས་རྩ་བའི་གདགས་བྱའི་དངོས་པོ་དེ་ལས་གྱེས་པའི་དངོས་པོ་གསར་བ་ཇི་སྙེད་ཅིག་ལ་བརྡ་ཡང་དེ་སྙེད་འདོགས་དགོས་པས་དེ་ལ་མ་གཞིའི་སྒྲ་གདངས་ཤིག་མེད་ན་མཐའ་ཡས་པའི་ཡི་གེ་དེ་དག་ཡི་གེའི་ཕྱི་མོ་ཉུང་ངུ་ཞིག་གི་ནང་དུ་བསྡུ་མི་ཐུབ་པས་མི་རྣམས་ཀྱིས་དོན་སྟོན་པ་ལ་འཁྲུགས་ཤིང་རྨོངས་པར་འགྱུར་རོ། ། འདི་ལས་བོད་ལ་འདྲ་གཟུགས་ཡི་གེ་ཡོད་པའི་མཚོན་རྟགས་གསོན་པོ་ཞིག་ཡོད་པ་ནི། སྒྲ་སྦྱོར་གྱི་ཡི་གེ་དར་བའི་དུས་སྐབས་ཀྱི་མགོ་ཙམ་ལ་ད་དུང་མིང་ཚིག་གི་མིང་གཞིའི་སྒྲ་གདངས་ལ་ངེས་གཏན་མེད་པར་སྡེ་བ་ནང་ཕན་ཚུན་བརྗེ་བའི་གོམས་སྲོལ་ཡོད་པ་དེས་ཤེས་ལ། དེ་ནི་འདྲ་གཟུགས་ཡི་གེའི་སྒྲ་གདངས་ལ་ངེས་གཏན་མེད་ཅིང་ཡུལ་གྲུ་སོ་སོས་བརྗོད་སྟངས་དེ་ཡི་གེའི་ལམ་ནས་གཅིག་གྱུར་བྱེད་མ་ཐུབ་པས་མིང་གཞིའི་སྒྲ་གདངས་ལ་རྒྱའི"སྒྲ་མང་ཡི་གེ"དང་གཅིག་མཚུངས་ཀྱི་གནད་དོན་ལྷགས་པ་དང་། དེ་འདྲ་བརྡ་སྤྲོད་ཀྱི་ནུས་ཚད་ཆེན་པོར་སོན་པའི་སྒྲ་སྦྱོར་གྱི་ཡི་གེའི་ནང་དུ་མཐོང་དཀའ་བའམ་ཡོང་མི་སྲིད་པ་ཡིན། དེ་ལྟར་སྤྱི་ཚོགས་ཀྱི་འཚོ་བ་ནི་ཉིན་རེ་ནས་ཉིན་རེར་གོང་དུ་འཕེལ་བའི་བོད་ལ་མཚོན་ན་འདྲ་གཟུགས་ཙམ་གྱིས་བརྗོད་བྱ་གང་ཞིག"བསླབ་པ་དང་། འཛིན་པ། འབྲི་བ། སྤྱོད་པ་བཞིའི" སྒོ་ནས་རྒྱུན་འཛིན་ཆ་ཚང་བྱེད་ཐབས་བྲལ་བས་བརྡ་སྤྲོད་ཀྱི་ནུས་པ་ཆེ་བའི་ཡི་གེ་གསར་བ་ཞིག་གསར་གཏོད་མི་བྱེད་ཐབས་མེད་ཡིན་ལ། དེ་ཡང་དེ་མ་ཐག་ནས་སྒྲ་སྦྱོར་གྱི་ཡི་གེ་ཚད་ལྡན་ཞིག་གཏན་འབེབ་བྱེད་དཀའ་བས་ན་འདྲ་གཟུགས་ཡི་གེ་དེ་ཉིད་སྒྲ་སྦྱོར་གྱི་ཡི་གེའི་ངོ་བོར་རིམ་འགྱུར་བྱས་པའི་གོ་རིམ་ཁྲོད་གཉིས་ཀའི་ཁྱད་ཆོས་ལྡན་པའི་ཆ་མི་ཚང་བའི་བར་བརྒལ་གྱི་ཡི་གེ་ཞིག་དར་བ་ནི་གནའ་བོའི་ཞང་ཞུང་གི་ཡི་གེ་ཡིན་པས་དེའི་ཚུལ་ལེའུ་ཕྱི་མར་བརྗོད་པར་བྱའོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...