སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན་ལས་བསྐལ་པ་ཡ་ཐོག་གི་ལོ་རྒྱུས།
རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-30 10:25:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།
ལེའུ་དང་པོ།
བསྐལ་པ་ཡ་ཐོག་གི་ལོ་རྒྱུས།

གངས་ཅན་མཁས་པའི་ཕྱག་སོར་ལས། །
བསྐྱེད་པའི་ལོ་རྒྱུས་དབྱར་གྱི་རྔ། །
ཕྱི་རབས་གཞོན་ནུའི་སྙན་དབང་དུ། །
དལ་གྱིས་སྐུལ་བའི་ལས་ལ་བྲེལ། །
ས་ཡི་གོ་ལ་རིལ་མོའི་ངོས། །
གླིང་ཆེན་ལྔ་ལས་ཨེ་ཤ་ཡའི། །
མདོ་དབུས་མཐོ་སྒང་ཁྱོན་ཀུན་ལ། །
གངས་ཅན་བོད་ཀྱི་ཡུལ་ཞེས་གྲགས། །
འཇིག་རྟེན་ཐོག་མར་ཆགས་པའི་སྐབས། །
ཡུལ་འདི་རྒྱ་མཚོ་དང་ཉེ་བར། །
ས་ཁད་དམའ་ཞིང་ནགས་ཚལ་རྒྱས། །
འབྲས་དྲུག་སྨིན་ཞིང་སྲོག་ཆགས་མང་། །
    བོད་ཡུལ་ཞེས་པ་གང་ལ་ཟེར་ཞེ་ན། ས་གཞི་རིལ་མོའི་ཤར་ངོས་དང་། གླིང་ཆེན་ལྔ་ལས་ཨེ་ཤ་ཡའི་གླིང་གི་རྒྱ་མཚོའི་ངོས་ཚད་མཐོ་ཤོས་ཀྱི་ཡུལ་གྲུ། དེང་དུས་མདོ་དབུས་མཐོ་སྒང་ཞེས་པའི་ས་ཆ་འདི་དག་ལ་གངས་ཅན་བོད་ཀྱི་ཡུལ་ཞེས་ཟེར། གནའ་བོའི་དུས་སུ་འཇིག་རྟེན་ཐོག་མར་ཆགས་པའི་སྐབས། དེང་དུས་བོད་ཀྱི་ཡུལ་འདི་ས་ཁད་དམའ་བའི་རོང་ཁུལ་གྱི་རྒྱ་མཚོ་ཆེན་པོ་ཞིག་ཡིན།རྒྱ་མཚོ་དེའི་འགྲམ་དུ་ཚ་རོང་ས་ཁུལ་དུ་སྐྱེས་པའི་རྩི་ཤིང་དང༌། ནགས་ཚལ་བཅས་ཡོད་པ་དེའི་ཁྲོད་དུ་སྲོག་ཆགས་ཀྱི་རིགས་མི་འདྲ་བ་སྣ་ཚོགས་འཚོ་གནས་བྱེད་ཅིང་།ས་ཁུལ་དེ་ནི་སྲོག་ཆགས་ཀྱི་རིགས་ཐོག་མར་འཚོ་གནས་བྱེད་པའི་ཡུལ་ཡིན་ལ།ང་ཚོ་བོད་མི་རིགས་ཀྱི་མེས་པོ་སྤྲ་དང༌། སྤྲེའུ་དེ་དག་རིམ་བཞིན་མིར་འགྱུར་བའི་གོ་རིམ་བརྒྱུད་ནས་འཚར་ལོངས་བྱུང་བའི་ས་ཆ་ཡང་ཡིན།
ཡུལ་དེའི་ཉི་མ་ལྷོ་ཕྱོགས་ན། །
རྩེད་ཐང་མགོན་པོའི་ནགས་ཁྲོད་ན། །
སྤྲ་དང་སྤྲེའུའི་ཁྱུ་ཚོགས་རྣམས། །
བཟའ་བཏུང་བཙལ་ཞིང་བག་ཡངས་རྒྱུ། །
ནམ་ཞིག་དུས་ལ་བབས་པ་ན། །
ཤ་ཁྲག་ཟ་བའི་སྤྲ་རིགས་དང་། །
ཤིང་འབྲས་ཟ་བའི་སྤྲེལ་རིགས་གཉིས། །
འདུས་པའི་རྒྱུད་ལས་མི་རིགས་བྱུང་། །
     དེ་ནས་ལོ་གྲངས་ཁྲི་ཚོ་མང་པོ་བརྒྱུད་རང་བྱུང་ཁམས་ཀྱི་ས་གཤིས་འགྱུར་བ་ལ་བརྟེན་ནས་བོད་ཡུལ་གྱི་རྒྱ་མཚོ་ཆེན་པོ་དེའི་ནང་ནས་ཧི་མ་ལ་ཡའི་རི་རྒྱུད་འདི་རིམ་བཞིན་སྐྱེས་ནས་སྐམ་ས་ཇེ་ཆེར་ཕྱིན་ཞིང་མཚོ་རྣམས་མེད་པར་གྱུར། དེ་དང་དུས་མཚུངས་དེང་དུས་ལྷོ་ཁའི་རྩེད་ཐང་མགོན་པོ་རིའི་ནགས་ཁྲོད་དུ་གནས་པའི་སྤྲ་མོ་དང༌། སྤྲེའུ་གཉིས་འདུས་པའི་རིགས་རྒྱུད་ལས་བོད་མིའི་འགྲོ་བ་འདི་བྱུང་བར་བཤད། དེ་ལྟར་སྤྲ་དང་སྤྲེའུ་གཉིས་འདུས་པའི་སྤྲེལ་རིགས་མི་འདྲ་བ་དེ་དག་ཤིང་ཐོག་ཧ་ཅང་མོད་པོ་ཡོད་པའི་ནགས་མ་བྱ་ཚོགས་ཞེས་པའི་ནགས་ཁྲོད་དེར་གནས་བཅས་ནས་ལོ་ཁ་ཤས་ཕྱིན་པ་དང༌། ཁོ་ཚོས་ཤིང་སྡོང་དང་ཤིང་ཕྲན་རྣམས་གང་བྱུང་གིས་བཅག་ཧྲུལ་བཏང་ཞིང་ཤིང་ཐོག་རྣམས་ཅི་དགར་ཟོས་རྗེས། ཤིང་སྡོང་རྣམས་ལ་རྨས་སྐྱོན་ཕོག་སྟེ་ཤིང་ཐོག་ཇེ་ཉུང་དུ་ཕྱིན། དེས་ན་ཁོ་ཚོ་ཟ་རྒྱུ་མེད་པ་ཆགས་ཏེ་བཀྲེས་སྐོམ་གྱིས་མནར་བའི་ཚེ། ཕ་སྤྲེལ་རྒན་གྱིས་རྩི་ཤིང་གི་འབྲས་བུ་རྣམས་ས་བོན་བཏབ་སྟེ་ལོ་འབྲས་གསར་པ་བཟོ་ཐུབ་པའི་རིག་པ་རྙེད། དེ་ནས་སྤྲེལ་ཕྲུག་རྣམས་ལ་ས་ཞིང་འདེབས་འཛུགས་ཀྱི་ལས་ཀ་བསླབས་པ་རེད།
མི་མིན་སྤྲ་མིན་རིགས་དེ་དག །
མང་དུ་འཕེལ་མཐར་འབྲས་རིགས་རྣམས། །
ཟད་ནས་བཟའ་བཏུང་མ་རྙེད་པས། །
བཀྲེས་སྐོམ་གདུང་བས་འོ་དོད་བྱས། །
སྤྲེའུ་གཤིས་ཅན་གྱིས་ལོ་ཏོག་དང་། །
སྤྲ་གཤིས་ཅན་གྱིས་རྔོན་ལ་བརྩོན། །
སོ་ནམ་བྱས་པས་སྤུ་ཡང་བྱི། །
ཀླད་རྩ་རྒྱས་ཤིང་རྔ་མ་ཆད། །
རིགས་ལ་དད་ཅིང་རྒྱུད་ལ་གཅེས། །
མ་ཚན་གཅིག་པའི་ཁྱུ་ཚོགས་ནས། །
རྒན་པའི་རིགས་ཀྱིས་བྱིས་པ་བསྐྱངས། །
དར་མ་རྣམས་ཀྱིས་བཟའ་བཏུང་འཚོལ། །
གྲང་ན་ཤིང་གི་ལོ་མ་གྱོན། །
ལྟོགས་ན་མ་རྨོས་འབྲས་བཟང་ཟ། །
རྟག་ཏུ་ཤིང་སྡོང་ཡལ་འདབ་དང་། །
བྲག་གི་ཕུག་ལ་གནས་གཞིས་བཟུང་། །
    བཀྲེས་ལྟོགས་ཀྱིས་མནར་བའི་སྤྲེལ་རིགས་དེ་དག་གིས་ཤིང་ཏོག་དང༌། འབྲུ་རིགས་འདེབས་འཛུགས་ཀྱི་ལས་ཀ་བྱས་པས་རིམ་བཞིན་ཤིང་ཏོག་དང་རྩྭ་འབྲས་རྣམས་མང་དུ་སྐྱེས་ཏེ་ཁོ་ཚོ་འཚོ་གནས་བྱེད་ཐུབ་པར་བྱུང་བ་དང༌། ཁོ་ཚོས་མུ་མཐུད་ནས་རྩྭ་འབྲས་དང་ཤིང་འབྲས་རྣམས་འདེབས་འཛུགས་བྱེད་པས་འཚོ་བ་སྐྱེལ་ཤེས་པའི་རིག་པ་དང༌། ལག་རྩལ་རིམ་བཞིན་ཡར་རྒྱས་ཕྱིན་ཡོད། དེ་ལྟར་དུས་རྟག་ཏུ་ལས་ཀ་བྱས་པའི་རྐྱེན་གྱིས་བློ་རིག་བཀྲ་ཞིང་ལུས་ཀྱི་སྤུ་རྣམས་བྱི། རྔ་མ་ཡང་ཆད་དེ་བསྐལ་པ་ཡ་ཐོག་གི་མིའམ་གདོད་མའི་སྤྱི་ཚོགས་ཀྱི་མིའི་རིགས་དེ་བྱུང་། དུས་དེར་མ་ཚན་གཅིག་པའི་མི་རྣམས་རང་ཕྱོགས་ཀྱི་སྤུན་ཟླའི་སྐོར་རྣམས་ཁྱུ་ཚོ་དང་ཁྱུ་ཚོ་བགོས་ཏེ་ནགས་ཀླུང་གི་ཁྲོད་དང༌། བྲག་ཕུག་སོགས་སུ་གནས་བཅས། བཟའ་བཏུང་འཚོལ་མི་ཐུབ་པའི་རྒན་རིགས་རྣམས་ཀྱིས་ཕྲུ་གུ་རྣམས་བསྐྱངས་ཤིང་། གཞོན་ནུ་རྣམས་ཀྱིས་འཚོ་ཐབས་ཀྱི་ཟས་གོས་འཚོལ་སྒྲུབ་བྱེད་ཅིང་། ཉིན་མོ་ལུས་ལ་ཤིང་ལོ་དང་དགོང་མོ་མལ་ལ་ཤིང་ལྤགས་གྱོན་ནས་འཚོ་བ་སྐྱེལ་ཞིང་ཡོད། མི་དང་སེམས་ཅན་གཞན་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་འཚེ་བ་མེད་པར་ཐུན་མོང་དུ་འདྲ་མཉམ་ཅན་གྱི་འཚོ་བ་བསྐྱལ་ནས་བསྡད་ཡོད་པ་རེད། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།
ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར། །
མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། །
ནགས་ལ་རི་དྭགས་ལྟ་བུ་གནས་པ་ཡི། །
ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང༌། །
ཀུན་ཀྱང་ཕ་རིགས་མ་རིགས་གཉིས་སུ་གནས། །
     ཞེས་གསུངས་པ་ལྟར་གནའ་བོའི་བོད་ཀྱི་ཡིག་རྙིང་རྣམས་ཀྱི་ནང་དུ། འགྲོ་བ་མིའི་རིགས་ཐོག་མར་ཇི་ལྟར་བྱུང་ཚུལ་དང་ཁོ་ཚོའི་བློ་རིག་དང་། འཚོ་བའི་ཁ་སྟབས་ཡར་རྒྱས་བྱུང་ཚུལ་སོགས་གསལ་པོར་བཀོད་ཡོད།
ཆུ་བོའི་རྒྱུན་དང་ཤིང་གི་འབྲས། །
མ་རྨོས་སྐྱེས་པའི་ལོ་ཏོག་སོགས། །
རང་བྱུང་ཁམས་ཀྱི་རྒྱུ་ཆ་རྣམས། །
བདག་འཛིན་མེད་པར་ཐུན་མོང་སྤྱོད། །
དཔོན་དང་གཡོག་གི་རིམ་པ་མེད། །
དབུལ་དང་ཕྱུག་གི་ཐ་སྙད་མེད། །
ཁྱོད་དང་ངའི་ཞེས་བདག་པོ་མེད། །
ས་འདིར་ཐུན་མོང་སྤྱི་ནོར་ཡིན། །
དེ་ལྟའི་བསྐལ་པའི་དུས་རབས་ལ། །
བོད་ལུགས་བསྐལ་པ་ཡ་ཐོག་དང་། །
དེང་དུས་ལོ་རྒྱུས་སྨྲ་བ་ཚོས། །
གདོད་མའི་སྤྱི་ཚོགས་ཞེས་སུ་འབོད། །
     སྐབས་དེའི་མི་རྣམས་ཀྱིས་ས་གཞི་རིལ་མོའི་ཐོག་གི་རང་བྱུང་ཁམས་ཀྱི་འབབ་ཆུ་དང་། རྩི་ཤིང་ནགས་ཚལ། ལོ་ཏོག་འབྲས་རིགས་སོགས་ཐུན་མོང་དུ་བེད་སྤྱོད་བྱེད་ཅིང་། དཔོན་གཡོག་གི་གྲལ་རིམ་དང༌།ས་ཁོངས་དང་སྡེ་རིས་ཀྱི་ཁྱད་པར། ཕུ་ནུ་དང་གཉེན་ཉེའི་ཐ་སྙད།དགྲ་སྡེ་དང་རང་སྡེའི་ཆགས་སྡང༌། གྲོང་དང་ཁྱིམ་ཚང་གི་རྣམ་པ་གང་ཡང་མེད་པར་མི་ཐམས་ཅད་ཐོབ་ཐང་འདྲ་མཉམ་གྱི་སྒོ་ནས་འཚོ་བ་སྐྱེལ་ཞིང་ཡོད།
    ད་ལྟའི་ས་གཞི་རིལ་མོ་འདི་ཉིད་ཐུན་མོང་གི་སྤྱི་ནོར་དུ་གྱུར་ཏོ།།
    དེ་ལྟར་མི་ལོ་འབུམ་ཕྲག་མང་པོ་བརྒྱུད་རྗེས་མི་དེ་དག་གི་ཉམས་མྱོང་རིམ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། བློ་རིག་ཀྱང་ཡར་རྒྱས་སོང་ནས་རྡོ་དང་། ཤིང་གི་ལག་ཆ་སྣ་ཚོགས་བཟོ་ཤེས་པ་དང་། ཕན་ཚུན་སྐད་ཆ་བཤད་ཤེས་པས་འབྲེལ་འདྲིས་ཀྱང་ཇེ་ཆེར་ཕྱིན་ཏེ། རང་རང་གི་ཚོགས་པ་ཡོད་པའི་སྤྱི་ཚོགས་ཀྱི་རྨང་གཞི་ཞིག་ཆགས་ཡོད། དུས་དེར་མི་རྣམས་དབྱར་དུས་དྲོད་ཆེ་བའི་སྐབས་སུ་གཡའ་རི་དང་།གངས་རིའི་ཉེ་འདབས་སུ་འཚོ་སྡོད་བྱེད་ཅིང་། དགུན་དུས་གྲང་ལྷགས་འཕེལ་བའི་སྐབས་སུ་ནགས་ཀླུང་གི་ཁྲོད་དུ་གནས་སྤོས་ནས་འཚོ་སྡོད་བྱེད་ཀྱི་ཡོད། དུས་སྐབས་དེར་བསྐལ་པ་ཡ་ཐོག་གི་དུས་སྐབས་ཟེར་ཞིང་། དེང་དུས་ལོ་རྒྱུས་སྨྲ་བ་ཚོས་གདོད་མའི་སྤྱི་ཚོགས་ཀྱི་དུས་རབས་ཞེས་ཟེར།
དུས་རིམ་དེ་དང་ལྷན་ཅིག་ཏུ། །
འགྱུར་བའི་ས་གཞི་རིལ་མོ་ཡང་། །
མཚོ་ཆེན་བཞི་དང་གླིང་ལྔ་རུ། །
དུམ་བུར་གྱུར་ཏེ་ཐ་དད་བྱུང་། །
ཇོ་མོ་གླང་མའི་རི་རྒྱུད་སྐྱེས། །
ཁ་བ་ཅན་གྱི་རྒྱ་མཚོ་བྲི། །
མདོ་དབུས་མཐོ་སྒང་རིམ་བཞིན་འཕགས། །
གངས་ཅན་བོད་ཀྱི་ལྗོངས་ཞེས་བྱུང་། །
གདོད་མའི་སྤྱི་ཚོགས་བྱུང་ཚུལ་གྱི་ལེའུ་དང་པོའོ། །
     དེ་ནས་རིམ་བཞིན་ས་གཤིས་ལ་འགྱུར་ལྡོག་བྱུང་སྟེ་ཧི་མ་ལ་ཡའི་རི་རྒྱུད་འདི་སྐྱེ་འགོ་ཚུགས་པ་དང་། དེང་དུས་ཀྱི་ས་གཞི་རིལ་མོ་འདི་ཡང་འགྱུར་བ་ཕྱིན་ཏེ་མཚོ་ཆེན་བཞི་དང་གླིང་ཆེན་ལྔར་ཆགས་པ་དང་། བོད་ཡུལ་འདིའང་མཚོ་རྣམས་བྲི་ནས་སྐམ་སར་གྱུར་ཏེ། རྒྱ་མཚོའི་ངོས་ལས་མཐོ་ཚད་ཇེ་མཐོར་ཕྱིན་པས་བོད་ཁ་བ་ཅན་གྱི་ཡུལ་ལྗོངས་ཞེས་པ་ཤར་རྒྱ་ནག ལྷོ་རྒྱ་གར། ནུབ་ཏ་ཟིག བྱང་གེ་སར་བཅས་ཀྱི་ཡུལ་གྲུ་རྣམས་ཀྱིས་བསྐོར་བའི་དབུས་ན་དེང་དུས་མདོ་དབུས་མཐོ་སྒང་ཞེས་པའི་ས་ཆ་འདི་ཆགས་སོ།།《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།
མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ། །
ཀོང་གི་ཆུ་བརླག་ཅེས་བྱའི་ཟོམས་ཕྱེ་བས། །
རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ། །
བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད། ། ཅེས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...