སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཏུན་ཧོང་ཡིག་ཆས་བསྟན་པའི་གཉའ་ཁྲི་བཙན་པོའི་ལོ་རྒྱུས།
རྩོམ་པ་པོ། གཡང་མོ་མཚོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-10 10:14:00 རྩོམ་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། ཀློག་གྲངས།
ཏུན་ཧོང་ཡིག་ཆས་བསྟན་པའི་གཉའ་ཁྲི་བཙན་པོའི་ལོ་རྒྱུས།
གཡང་མོ་མཚོ།
ཏུན་ཧོང་ཡིག་རྙིང་དང་འབྲེལ་བའི་གླེང་།
     སྔོན་དུ་འགྲོ་དགོས་པ་ཞིག་ལ། བོད་ཀྱི་ཡིག་ཚང་གི་རྣམ་གྲངས་ལ་བཙན་པོའི་སྐབས་དང་བཙན་པོའི་རྗེས་སམ།ཡང་ན་བསྟན་པ་སྔ་དར་དང་བསྟན་པ་ཕྱི་དར་ཞེས་ཕྱེས་ན་ཅུང་མ་དག་པར་མཐོང་སྟེ། དུས་སྐབས་གཉིས་ཀྱི་བརྩམས་ཆོས་ལ་དུས་ཀྱི་སྟོང་ཆས་ཆོད་པའི་ངེས་པ་མེད། བོད་ཀྱི་ཡིག་རྙིང་དང་བྱེ་བྲག་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཤོག་དྲིལ་ལ་ཞིབ་འཇུག་གནང་མཁན་གྱི་ཆེད་མཁས་པSam van SchaikདངKazushiIwaoགཉིས་ཀྱིས་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་པའི་ཏུན་ཧོང་ནས་ཐོན་པའི་རྒྱ་ཡིག་གི་ཤོག་དྲིལ་ལ་དཀར་ཆག་སྒྲིག་སྐབས་སྦ་བཞེད་ཀྱི་དུམ་བུ་ཞིག་བར་གསེང་ནས་རྙེད་སོན་བྱུང་།  ཆེད་མཁས་དེ་གཉིས་ཀྱིས་དབྱིན་ཇིའི་རྒྱལ་གཉེར་འགྲེམ་སྟོན་ཁང(BritishMuscum)དུ་ཉར་བའི་ཏུན་ཧོང་ནས་ཐོན་པའི་རྒྱ་ཡིག་གི་ཤོག་དྲིལ་ཨངOr.8210/S.9498 “(A)དང་ཤོག་དྲིལ་ཨངOr.8210/S.13683གཉིས་ནས་རིམ་བཞིན་དུ་མཐོ་ཚད་ལ9.4cmདང་ཞེང་ལ24.Ocmཅན་དང་། མཐོ་ཚད་ལ2.5cmདང་ཞེང་ལ14.2cmཅན་གྱི་སྦ་བཞེད་ཀྱི་དུམ་བུ་གཉིས་གསར་རྙེད་བྱུང་། རགས་རྩིས་བྱས་ན་ཕལ་ཆེར་བོད་བཙན་པོའི་རྒྱལ་རབས་ཀྱིས་ཏུན་ཧོང་དབང་སྒྱུར་མགོ་ཚུགས་པ(སྤྱི་ལོ786)ནས་ཏུན་ཧོང་བྲག་ཕུག་སྒོ་བརྒྱབ་པའི(དུས་རབས་བཅུ་གཅིག་པའི་དུས་མགོ་བར་སྐབས་ཤིག་གི་བརྩམས་ཆོས་ཡིན་པར་འདོད།། སྦ་བཞེད་ཀྱི་དུམ་བུ་ཏུན་ཧོང་གི་ཤོག་དྲིལ་དུ་རྙེད་པ་འདིས་བོད་ཀྱི་དུས་རབས་རིམ་བྱུང་གི་ཡིག་ཆ་ཁག་ནི་དུས་ཀྱི་སྟོང་ཆས་མ་ཆོད་ཅིང་། དུས་རིམ་སོ་སོའི་ཡིག་ཆའི་བར་ལ་འབྲེལ་བ་དམ་ཟབ་ཡོད་པ་མཆོན། ཡང་ཏུན་ཧོང་ཡིག་རྙིང་དེ་ཡིག་ཆ་ཚད་ལྡན་ཡིན་མིན་སྐོར་གྱི་བགྲོ་གླེང་གཞན་ཞིག་ནི། ཏུང་ཧོང་ཡིག་རྙིང་གི་ཆེད་མཁས་པJacobDaon ལགས་དང་།།  Tom Daོd. Samvan Schaikབོད་རིག་པའི་ཆེད་མཁསM1ichae1Walterརྣམ་པ་ལྟར་ན། དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ཤོག་དྲིལ་ཨངPT1288མ་གཏོགས། གཞན་ཤོག་དྲིལ་ཨངI0751དང་ཨངPT016སོགས་ཤོག་དྲིལ་སྐོར་ཞིག་ནི་བཙན་པོའི་རྒྱལ་རབས་མཇུག་ལ་བརྩམས་པ་དང་། རྒྱལ་པོ་རིམ་བྱོན་གྱི་ལོ་རྒྱུས་བཀོད་པའི་ཤོག་དྲིལ་ཨངPT1287སོགས་ནི་བཙན་པོའི་རྒྱལ་རབས་སིལ་བུར་ཐོར་རྗེས་བརྩམས་པ་དང་། ཤོག་དྲིལ་ཨངPT1047ནི་དུས་ཕྱིས་ཀྱི་འགྱུར་རྩོམ་ཡིན་པ་བཅས་ཀྱི་གནད་དོན་སྐོར་ཞིག་ཉེ་ཆར་གསལ་བསྒྲགས་བྱས་སོང་། འདི་ལྟར། ང་ཚོས་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཤོག་དྲིལ་དེ་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་། ཁྱད་པར་དུ་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ཡིག་རིགས་གལ་ཆེན་ཞིག་ཏུ་བརྩིས་དང་བརྩི་བཞིན་པའི་སྒང་འདིར། ནུབ་ཕྱོགས་ཀྱི་བོད་རིག་པས་ཏུན་ཧོང་ཡིག་ཆའི་ཚད་ལྡན་རང་བཞིན་ལ་ཐེ་ཚོམ་དང་བློ་རྩེ་གཉིས་བྱེད་བཞིན་པའི་སྒང་ཡིན། ཡིན་ནའང་། མིག་སྔར་ཏུན་ཧོང་ཡིག་རྙིང་ཞིབ་འཇུག་རང་སྟེང་ལའང་དཀའ་ངལ་ཆེན་པོ་འཕྲད་ཡོད་ཅིང་། ཏུན་ཧོང་ཤོག་དྲིལ་ནི་རྣམ་གྲངས་མང་ཞིང་རྙོག་འཛིང་ཆེ་བའི་ལས་གཞི་ཞིག་ཡིན། ཁྱད་པར་དུ་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་གིས་བོད་དང་འབྲེལ་བའི་ཤོག་དྲིལ་རྣམས་ལ་ད་དུང་དཀར་ཆག་བསྒྲིགས་ཚར་མེད་ཅིང་། བོད་ཀྱི་ཤོག་དྲིལ་མང་པོ་ཞིག་རྒྱ་ཡིག་གི་ཤོག་དྲིལ་སོགས་དང་་འདྲེས་ནས་སོ་སོར་ཕྱེས་མེད་པས། བོད་ཀྱི་ཤོག་དྲིལ་ལ་སྤྱི་ཁྱབ་ནས་གོ་ལམ་ལོན་པའི་གནས་ཚུལ་འོགཤོག་དྲིལ་ཁག་ཅིག་ལས་འཕྲོས་པའི་བོད་ཀྱི་ཡིག་རྙིང་དང་ངག་སྲོལྭ་གྱི་ཁྱད་ཆོས་རེ་འགའ་བ་ལ་བརྟེན་ནས་བོད་ཀྱི་ཤོག་དྲིལ་ཡོངས་ལ་གདེང་འཇོག་བྱེད་པ་ནི་ཅུང་མི་འོས་པར་མཐོང་།
     གཉའ་ཁྲི་བཙན་པོ་དང་འབྲེལ་བའིཏུན་ཧོང་གི་ཡིག་ཆ།  ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཤོག་དྲིལ་གྱི་ཁྲོད་དུ་གཉའ་ཁྲི་བཙན་པོ་དང་ཐད་ཀར་འབྲེལ་བའི་ཡིག་ཆ་ཆེས་རྒྱས་ཤོས་ནི་ཤོག་དྲིལ་ཨངPT1038དང་ཤོག་དྲིལ་ཨངPT1286གཉིས་རེད།ཏུན་ཧོང་ཤོག་དྲིལ་ཨངPT1038ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཤོག་དྲིལ་ཨངPT1038ལ་གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས(1995)དང་འབྲི་གུང་སྐྱབས་མགོན་མཆོག(2010)གཉིས་ཀྱིས་ཤོག་དྲིལ་གྱི་མ་ཡིགལ་འབྲུ་འགྲེལ་དང་ཐ་སྙད་དཀའ་གནད་ཅན་ལ་མཆན་འགྲེལ་བྱས་ཡོད།  ཤོག་དྲིལ་འདིའི་ཁ་བྱང་ལ་གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་བཙན་པོའི་གདུང་ཁུངས་ཞེས་དང་།  འབྲི་གུང་སྐྱབས་མགོན་ཆེ་ཚང་མཆོག་ནས་གཉའ་ཁྲི་བཙན་པོའི་གདུང་ཁུངས་ཞེས་བཏགས་ཡོད།  ཤོག་དྲིལ་འདིའི་དངོས་ཤུགས་གཉིས་ཀའི་ཚིག་དོན་ལ་ཡང་ཡང་བརྟགས་ན། བློ་སྒོ་ཤིན་ཏུ་འབྱེད་པའི་དོན་གནད་དུ་མ་རྟོགས་ཐུབ་པ་སྟེ།
དང་བོ། ལུགས་སྔ་མས་གཉའ་ཁྲི་བཙན་པོ་བོད་ནས་བྱུང་བ་ཡིན་པ་བསྟན་ཡོད།
     ཤོག་དྲིལ་འདིའི་ཡིག་ཕྲེང་དང་པོ་ནས་གསུམ་པའི་ཚིག་ཟུར་ལ་གཉའ་ཁྲི་བཙན་པོ་ནི་སོ་སོའི་ཡུལ་སྡེ་བཞི་ལས་བྱུང་ཞེས་པ་ཞིག་གསལ་ཞིང་། ཡང་སྡེ་བཞི་ཞེས་པ་ཡུལ་གང་ལ་ངོས་འཛིན་དགོས་པ་དུས་རབས་བཅུ་གཅིག་པའི་བོན་གྱི་ཡིག་ཆ་གཡུང་དྲུང་བོན་གྱི་སྒྲ་བསྒྲགས་རིན་པོ་ཆེའི་གླིང་གྲགས་དང་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་སོགས་ལས་གསལ་ཏེ། གཡུང་དྲུང་བོན་གྱི་སྒྲ་བསྒྲགས་རིན་པོ་ཆེའི་གླིང་གྲགས་ལས། དེ་ཡང་སྟོད་ཞང་ཞུང་ཁུང་ལུང་དངུལ་མཁམམན་ཆད་དང་།སྨད་སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་རྩབཞི་བོད་ཀྱི་ས་སྐོར་ཡིན་ནོ་ཞེས་པ་དང་། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་ལས་ཀྱང་། རྗེ་ལ་སྔ་བ་གཉའ་ཁྲི་བཙད་པོ་དང་། ཡུལ་ལ་སྔ་བ་ཡར་ལུང་སོག་ཁ་ཞེས། ཡུལ་གྱི་མིང་ནི་བོད་ཡུལ་རུ་བཞིར་གྲགས་ཞེས་བསྟན་པས། སྡེ་བཞི་ཞེས་པ་ནི་རུ་བཞི་ཞེས་པའི་བརྡ་རྙིང་འབའ་ཞིག་ཡིན་ལ། བཙན་པོའི་སྐབས་ཀྱི་ཡིག་ཚགས་ཀྱིས་གཉའ་ཁྲི་བེཙན་པོ་བོད་ནས་བྱུང་བ་བསྟན་ཡོད། ཡང་ཡིག་ཕྲེང་གསུམ་པར(PT10380003)གསལ་བའི་ཡུལ་སྡེ་བཞི་ལས་བྱུང་ཞེས་པའི་བྱུང་ཞེས་པ་དང་། ཡིག་ཕྲེང་བཅུ་བདུན་པ(PT10380017)བསྟན་པའི(PT10380017)བསྟན་པའི་བོད་ཀ་གཡག་དྲུག་ཏུ་བྱོན་ཞེས་པའི་བྱོན་གཉིས་མཉམ་དུ་བྱུང་བ་དོན་འགལ་དུ་མི་འགྲོ་ཞིང་། གང་ཡིན་ཞེ་ན། སོ་སོ་སྡེ་བཞི་ཞེས་པ་ནི་ཞང་ཞུང་དང་སུམ་པ་ཕུད་པའི་སྤུ་རྒྱལ་བོད་ཀྱི་ཡུལ་ཆེན་པོ་ནི་མ་ཡིན་པར། སྐབས་དེའི་བོད་ཀྱི་ཡུལ་ལུང་བྱེ་བྲག་པ་ཞིག་དང་། བོད་ཀགཡག་དྲུག་ཅེས་པའང་བོད་ཡུལ་བྱིངས་ལ་གོ་བ་མ་ཡིན་པར། ཡར་ལུང་གི་ཡུལ་ཉི་ཚེ་བ་ཞིག་ལ་གོ་བས། གཉའ་ཁྲི་བཙན་པོ་ནི་བོད་ཀྱི་ཡུལ་ལུང་ཞིག་ནས་བོད་ཀྱི་ཡུལ་ལུང་གཞན་་ཞིག་གི་རྗེ་བོར་བྱོན་པ་དེ་སྟོན། ལུགས་འདིས་བསྟན་ཋཔའི་རྣམ་གྲངས་བར་མ་སྟེ་ཤ་ཟ་གདོང་དམར་དང་། གངས་རིའི་བདག་པོའི་རིགས་སུ་སྐྱེས་ཞེས་པ་འདིས་ཀྱང་། གཉའ་ཁྲི་བཙན་པོའི་ཆད་ཁུངས་ནི་ཤ་ཟ་གདོང་དམར་བའི་རིགས་ཏེ་བོད་ཡིན་པ་ཤུགས་ནས་བསྟན་ཡོད། ཤ་ཟ་ཞེས་པས་སྲིན་པོའི་རིགས་ཡིན་པར་བསྟན་ཅིང་། སངས་རྒྱས་སྐུ་བཞུགས་པའི་དུས་སུ(སྤྱི་ལོའི་སྔོན་གྱི་ལོ545ནས་སྤྱི་ལོའི་སྔོན་གྱི་ལོ625བར)རྒྱ་གར་བ་རྣམས་ཀྱིས་བོད་ལ་གདོང་དམར་བ་ཞེས་འབོད་པ་དཀོན་མཆོག་བརྩེགས་པའི་མདོ་ལས་ཤེས། དེ་ལྟར། ཤོག་དྲིལ་འདིས་བསྟན་པའི་རྟགས་འཛིགསུམ་པོ་ལ་ཡང་ཡང་བསམ་ཚེ། གཉའ་ཁྲི་བཙན་པོའི་གདུང་ཁུངས་བོད་ནས་ཡིན་པར་སྨྲ་བ་ནི་དུས་ཕྱིས་ལྡེའུཆོས་འབྱུང་སོགས་ཀྱིས་བསྟན་པའི་ཡང་གསང་ལུགས་ཀྱིས་ཐོག་མར་བསྟན་པ་ཞིག་མ་ཡིན་པར། དེ་བོད་བཙན་པོའི་སྐབས་ཀྱི་ཡིག་ཆ་རྙིང་བར་གྲགས་ཡོད།
གཉིས་པ། ཤོག་དྲིལ་འདིས་དོན་དུ་འཆད་ལུགས་གཉིས་མ་གཏོགས་བསྟན་མེད།
     ཤོག་དྲིལ་འདིས་བཀྲལ་བའི་ལུགས་གསུམ་འཇོག་སྟངས་ལ་དཔྱད་ན། རྣམ་གྲངས་གསུམ་དུ་བགྲང་པའི་ལུགས་གསུམ་ནི་མཐར་གཏུགས་ན་ལུགས་གཉིས་ཀྱི་སྟེང་དུ་འབབ། དོན་དམ་དུ། ཁྲི་བར་ལ་བདུན་ཚིགས་ནི་ཕྱྭའི་རིགས་ཡིན་ཞིང་། ཕྱྭ་ནི་ཁྲི་བར་ལ་བདུན་ཚིགས་ཀྱི་ཡབ་མེས་ཡིན་པ་ཡིག་ཆ་སྔ་མ་ཡི་གེ་ལྷ་གྱེས་ཅན་སོགས་ལ་གསལ་བས།བོད་ཀྱི་སྔ་རབས་ཡིག་ཆར་གྲགས་པའི་ལུགས་གསུམ་ཞེས་པ་དེ་ནི་གྲངས་ཀྱིརྣམ་པའི་སྟེང་ནས་གསུམ་དུ་ཕྱེས་པ་མ་གཏོགས། མཐར་གཏུགས་ན་ལུགས་གཉིས་སུ་འགྲོ་སྟེ།གནམ་ནས་བྱུང་བ་དང་བོད་ནས་བྱུང་བ་གཉིས་སོ།། ཏུན་ཧོང་ཤོག་དྲིལ་ཨངPT1286ཤོག་དྲིལ་འདིས་གཉའ་ཁྲི་བཙན་པོའི་ཡར་སྔོན་གྱི་ས་གནས་ཀྱི་རྒྱལ་ཕྲན་ཁག་གི་གནས་སྟངས་ཏེ། ཡུལ་རེ་རེ་ན་མཁར་རེ་རེ་དང་། མཁར་རེ་རེའི་ནང་རྗེ་རེ་རེ། རྗེ་རེ་རེར་བོན་པོ་དུ་མ་ཡོད་པའི་ཆབ་སྲིད་ཀྱི་རྣམ་པ་ཞིབ་འབྲི་བྱས་ཏེ། མཐར་གཉའ་ཁྲི་བཙན་པོས་རྒྱལ་ཕྲན་ཁག་འབངས་སུ་བཀུག་ནས་སྤུ་རྒྱལ་གྱི་བཙན་པོར་བྱོན་ཚུལ་བརྗོད་ཡོད། ཤོག་དྲིལ་འདིས་ང་ཚོར་གནད་དོན་གལ་ཆེན་དུ་མ་གསལ་བཤད་བྱས་ཡོད་པ་ནི། དང་པོ། རྒྱལ་ཕྲན་ཞེས་པ་ནི་མཉམ་འབྲེལ་རང་བཞིན་ཅན་གྱི་སྲིད་དབང་ཅུང་ཆེན་པོ་ཞིག་ཡིན། ཐིག་ཕྲེང་དང་པོར(PT1286.0006)རྒྱལ་ཡུལ་ཡུལ་ན་མཁར་བུ་རེ་རེ་གནས་ཞེས་པས་རྒྱལ་ཕྲན་ཞེས་པ་ནི་ཡུལ་ལུང་གིས་ཕྱེས་པའི་སྲིད་དབང་ཡིན་པ་བསྟནྭ་པོད། གནུབས་ཀྱི་གླིང་དགུ་དང་། ངས་པོའི་ཁྲ་གསུམ། དབྱེ་མོ་ཡུལ་བཞི། དྭགས་ཀྱི་གྲུ་བཞི། མཆིམས་ཀྱི་དགུ་ཡུལ། འབྲོག་མོ་རྣམ་གསུམ་ཞེས་པ་སོགས་ཀྱི་ཡུལ་མིང་ལ་བལྟསན། རྒྱལ་ཕྲན་འདི་དག་ནི་ཚོབ་གཅིག་གིས་ཡུལ་ལུང་ཆུང་ཆུང་གཅིག་ལ་དབང་སྒྱུར་བྱེད་པ་ནི་མ་་ཡིན་པར། ཚོ་ཁག་དུ་མས་ཡུལ་ལུང་ཅུང་ཚེབ་ཞིག་ལ་དབང་སྒྱུར་བྱེད་པ་མཚོན། རྒྱལ་ཕྲན་རེ་རེ་ལ་རྗེ་བློན་དང་། སོ་སོར་དབང་བའི་མངའ་ཁོངས་དང་མཁར་བུ་ཡོད་པ་སོགས་ལ་གཞིགས་ན། གཉའ་ཁྲི་བཙན་པོའི་གོང་གི་རྒྱལ་ཕྲན་ནི་མཉམ་འབྲེལ་ཚོ་ཁག(tribal a1iance)དུ་མས་ཡུལ་ལུང་ཅུང་ཚེ་བ་ཞིག་ལ་དབང་སྒྱུར་བྱེད་པའི་སྲིད་དབང་ཅུང་ཆེན་པོ་ཞིག་ལ་གོ་བ་རྟོགས། དཔེར་ན། གནུབས་ཞེས་པའི་ཡུལ་གྱི་ཚོ་ཁག་སྟོབས་ཆེན་དུ་མ་མཉམ་འབྲེལ་བྱས་ཏེ། གནུབས་ཀྱི་ཡུལ་ན་གནས་པའི་ཚོ་ཁག་ཡོད་དོ་ཅོག་གཅིག་གྱུར་བྱས་ཏེ་གནུབས་ཀྱི་རྒྱལ་ཕྲན་བཙུགས་པས། དབང་སྒྱུར་མཁན་ལ་གནུབས་རྗེར་འབོད་ཅིང་། གནུབས་རྗེའི་མངའ་ཁོངས་ནི་གནུབས་ཀྱི་ཡུལ་ལུང་ཆེན་པོ་གླིང་དགུ་ཡིན་ཞིང་། གནུབས་རྗེའི་བློན་ནི་རྨེའུ་དང་གྲོ་ཚོ་བའི་ཚོ་དཔོན་རྣམ་གཉིས་དང་།  གནུབས་རྗེའི་འབངས་ནི་གནུབས་ན་གནས་པའི་ཚོ་ཁག་ཆེ་ཆུང་ཀུན་གྱི་ཚོ་མི་ཡིན།
     འོ་ལྡེ་སྤུ་རྒྱལ་ཞེས་པའི་མཚན་བྱུང་བ་དེས་ཤོག་དྲིལ་འདིའི་ལོཚིགས་འོལ་སྤྱི་ཙམ་གསལ་བཤད་བྱེད་ཐུབ། འོ་ལྡེ་སྤུ་རྒྱལ་ཞེས་པའི་མཚན་བྱུང་བ་ཡིས་ཤོག་དྲིལ་འདི་ཡང་རྡོ་རིང་དང་བང་སོའི་ཡི་གེ་དང་འདྲ་ཁྲར་བཙན་པོའི་དུས་སྐབས་ཀྱི་ཡིག་ཆ་རྙིང་ཤོས་ཡིན་པ་གསལ་བཤད་བྱེད་ཐུབ། འོ་ལྡེ་སྤུ་རྒྱལ་ཞེས་པའི་མཚན་ནི་སྔརབས་ཡིག་ཆའི་ནང་དུ་སྔ་ཕྱིར་ཐེངས་བཞི་བྱུང་།  བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བང་སོ་[815]དང་རྒྱ་བོད་མཇའ་དུམ་རྡོ་རིང་[821822]གཉིས་ལས་བྱུང་ལ། ཏུན་ཧོང་གི་ཤོག་དྲིལ་ལས་ཐེངས་གཉིས་མ་གཏོགས་བྱུང་མེད་པས། ཤོག་དྲིལ་འདི་ནི་རྡོ་རིང་དང་བང་སོའི་ཡི་གེ་སོགས་དང་ཕལ་ཆེར་དུས་མཉམ་ཡིན་པ་ངང་གིས་རྟོགས།
     གཉའ་ཁྲི་བཙན་པོའི་སྐབས་སུ་མནའ་འབྲེལ་འཇོག་པའི་ལུགས་སྲོལ་ཡོད་པ་བསྟན། ཆེས་མཇུག་གི་ཡིག་ཕྲེང་དུ“མནར་ནི་ལྷ་ནར་གྱིས་མནརད། ཐུན་ནི་རྗེ་ཐུན་གྱིས་བཐུན་ཏེ་བཀུག”ཅེས་པའི་ཚིག་བྱུང་། བསོད་ནམས་སྐྱིད་དང་དབང་རྒྱལ་ལགས་གཉིས་ཀྱིས་ལྷ་ནར་ཞེས་པ་ནི་ལྷ་ཁྲོས་ཏེ་ལྷས་མནན་པ་དང་། ཐུན་ནི་འབངས་དང་། བཐུན་ཏེ་བཀུག་གོ་ཞེས་པ་ནི་དཀྲུགས་ཏེ་འཕྲོག་རེས་བྱས་པར་་་འགྲེལ་ཡོད། གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་ནར་ནི་ལྷ་ནར་བས་མནར་ཞེས་དང་། མཐུན་པ་ནི་རྗེ་བོ་རྣམས་མཐུན་པས་མཐུན་ཞེས་འགྲེལ་ཡོད། གསར་དུ་འཕགས་པའི་དཔྱད་འབྲས་ཐུན་མོང་མ་ཡིན་པ་ཞིག་ནི保 罗ལགས་ཀྱིས་མཁོ་འདོན་བྱས་པའི་འགྲེལ་སྟངས་དེ་ཡིན། ཁོང་གིས་ནར་དང་མནརད་ཅེས་པ་གཉིས་ནི་དག་ཆར་མ་འཛེམ་པ་ཡིན་ལ། དོན་དུ་མནའ་ཡིན་པར་ཚོད་དཔག་བྱས་ཡོད་པས། གཉའ་ཁྲི་བཙན་པོའི་སྐབས་ནས་ཀྱང་རྗེ་བློན་ཕན་ཚུན་མནའ་བཅད་ནས་ཆབ་སྲིད་ཀྱི་འབྲེལ་བ་འཛུགས་པའི་སྲོལ་ཡོད་པ་ཤེས་ཐུབ་ཅེས་ཟེར། གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་དང保罗ལགས་ཀྱི་འགྲེལ་སྟངས་ནི་དོན་དང་མཐུན་པར་མཐོང་སྟེ། ལྷ་ཞེས་པ་ནི་རྫུ་འཕྲུལ་གྱིས་ནམ་མཁར་རྒྱུ་བའི་གང་ཟག་ཅིག་ལ་གོ་ན་དོན་ལོག་པར་གོ་སྟེ། གནའ་བོའི་རྒྱལ་པོ་ལ་ལྷ་ཞེས་པའི་འབོད་སྲོལ་ཡོད་པ་ཤེས་རིག་དར་སྔ་བའི་གནའ་བོའི་མི་རིགས་ཁག་གི་ཐུན་མོང་གི་རིག་གནས་གོམས་གཤིས་ཤིག་ཡིན། ཁྱད་པར་དུ་ང་ཚོས་ལྷ་ཞེས་པའི་ཐ་སྙད་འཁོད་པའི་ཡིག་ཚང་སྔ་མ་རྣམས་གུང་བསྒྲིགས་ནས་བལྟས་ན། ཆེས་ཐོག་མར་ལྷ་ཞེས་པ་དེ་ནི་བཙན་པོ་དང་བཙན་པོའི་ཡབ་མེས་རྣམས་ལ་གོ་བ་ཤེས། དཔེར་ན་མཇལ་དུམ་རྡོ་རིང་ལས། བཙན་པོ་ཡབ་ལྷ་འཕྲུལ་ཁྲི་ལྡེ་སྲོང་བརྩན་ཞེས་པ་དང་། ཏུན་ཧོང་ཤོག་དྲིལ་ཨངPT016ལ། བོད་ཀྱི་ལྷ་བཙན་པོ་མྱི་རྗེ་ལྷས་མཛད་པ་ཁྲི་གཙུག་ལྡེ་བཙན་ཞལ་སྔ་ནས་ཀྱང་ཡབ་མེས་འཕྲུལ་གྱི་ལུས་བཞིན་དགབ་ཅིང་བཀུར་བ་ནི་གནམ་ས་དང་མཚུངས་ཞེས་པར་བསྟན་པ། 
     ཏུན་ཧོང་ཤོག་དྲིལ་ཨངAFLIV.1.21ལས་ལྷ་མྱི་མ་དབྱེ་བའི་དུས་བཟང་པོ་ཞེས་པ། འཕྱོང་རྒྱས་སྟག་རྩེའི་རྡོ་རིང་ལས། ལྷ་བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱི་ཞ་སྔ་ཡབ་མྱེས་ཀྱི་ལུགས་བཞིན་ལྷའི་གཙུག་ལག་ནི་མ་ཉམས་གནམ་སའི་ཆོས་དང་ནི་མཐུན་པར་མཛད་ཅེས་པ་སོགས་ལ་བལྟས་ན། “ལྷ”ཞེས་པ་ནི་བཙན་པོའི་ཡབ་མེས་ལ་གོ་ཞིང་། བཙན་པོའི་ཡབ་མེས་ཏེ“ཡབ་ལྷ”རྣམས་སྐུ་འདས་རྗེས་ལྷ་རུ་སྤྲུལ་ནས་བཙན་པོ་དང་སྤུ་རྒྱལ་བོད་ཀྱི་མངའ་ཐང་ལ་ཐུགས་རྗེས་གཟིགས་པའི་ཕྱིར། ཡང་ཏུན་ཧོང་ཤོག་དྲིལ་ཨངPT1287དུ་མྱང་ཙེང་སྐུ་ཟིང་པོ་རྗེ་ཁྲི་པང་སུམ་གྱི་ངན་སྤྱོད་ལ་ཡིད་མུག་ནས་བླངས་པའི་མགུར་གླུ་ལས། ཆབ་ཆབ་ནི་ཕ་རོལ་ན།། ཡར་ཆབ་ནི་ཕ་རོལ་ན།། མྱི་འི་ནི་མྱི་བུ་སྟེ།། ལྷ་ནི་སྲས་པོ་བཞུགས་ཞེས་པ་སོགས་ལ་བལྟས་ན།བཙན་པོརིམ་བྱོན་རྣམས“ལྷ་སྲས”ཡིན་པ་མ་ཟད། ཡུལ་ཆུང་གི་རྗེ་བོ་ཟིང་པོ་རྗེ་ཁྲི་པངས་སུམ་ཡང“ལྷ་སྲས”ཡིན་པར་བསྟན་ཡོད་པས། ཡིག་ཚང་སྔ་མ་རྣམས་སུ“ལྷ”ཞེས་པ་དེ་སྤུ་རྒྱལ་རིམ་བྱོན་ལ་གོ་བ་མ་ཟད། ཡུལ་ཆུང་གི་རྗེ་བོ་དང་བློན་པོ་ལའང་སྦྱོར་བའི་སྲོལ་ཡོད། དེ་ལྟར། “ལྷ”ཞེས་པ་ནི་ཆབ་སྲིད་ཀྱི་ཐ་སྙད་ཅིག་དང་། དེ་ནི་བཙན་པོ་དང་བཙན་པོའི་ཡབ་མེས་རྣམས་བརྗོད་པའི་སྒྲ་ཞིག་དང་། སྐབས་རེར་ཡུལ་ཆུང་ལ་དབང་སྒྱུར་བའི་རྒྱལ་ཕྲན་གྱི་རྗེ་བོ་དང་བློན་པོ་སོགས་ལའང་འཇུག་པའང་ཡོད། དེ་བས། གོང་གི“མནར་ནི་ལྷ་ནར་གྱིས་མནར་དང་། ཐུན་ནི་རྗེ་ཐུན་གྱིས་བཐུན་ཏེ་བཀུག”ཅེས་པས་དོན་དུ་གཉའ་ཁྲི་བཙན་པོས་རྒྱལ་ཕྲན་གྱི་རྗེ་བོ་རྣམས་དང་མཐུན་སྒྲིལ་བྱས་ནས་རྒྱལ་ཕྲན་སིལ་མ་ཁག་འབངས་སུ་བསྡུས་ཚུལ་དང་། གཉའ་ཁྲི་བཙན་པོའི་སྐབས་སུ་ཆོས་ལུགས་ཀྱི་ཆོ་ག་ཆེ་གེ་མོ་ལ་བརྟེན་ནས་ཆབ་སྲིད་ཀྱི་མནའ་འབྲེལ་ལམ་མཉམ་འབྲེལ་འཛུགས་པའི་ལུགས་སྲོལ་བྱུང་ཡོད་པ་ཡང་ཤུགས་ནས་སྟོན་ནོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...