སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ས་སྐྱོང་སྡེ་དགེའི་རྒྱལ་རབས་མདོར་བསྡུས་བཻཌཱུརྱའི་དོ་ཤལ།
རྩོམ་པ་པོ། ཐུབ་བསྟན་ཕྱོགས་ཀྱི་གླང་པོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-27 10:56:00 རྩོམ་ཁུངས། ཁམས་པ་དྲ་བ། ཀློག་གྲངས།
     དེ་ནས་རིམ་པར་བྱོན་ཏེ་ད་ལྟ་ཡན་གདུང་རབས་ཞེ་བདུན་སོང་། དེ་ལ་གྲུབ་པ་ཐོབ་པའི་ཆོས་བརྒྱུད་ནི། བྱམས་པ་དཔལ་སོགས་ཧེ་རུ་ཀ་དངོས་དང་མཚུངས་པའི་ཤྲིའི་མཚན་ཅན་བདུན། མགར་དམ་པ་ཆོས་སྡིངས་པ། རྔུ་ཆོས་རྡོར་པ། སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་གཙོ་བོར་གྱུར་པའི་གྲུབ་པ་བརྙེས་པ་དང་རིགས་སྔགས་ནུས་པའི་མཐུ་སྟོབས་ཅན་རྣམས་ཟམ་མ་ཆད་པར་བྱོན། འཇིག་རྟེན་སྐྱོང་བའི་ཆེ་རྒྱུད་ནི། སྔར་དུས་ཡོངས་སུ་གྲགས་པའི་མི་ཉག་འགའི་རྒྱལ་བརྒྱུད་ཀྱང་འདི་ལས་བྱུང་བར་གྲགས་ཤིང་། ཕྱིས་ཚལ་པ་ཁྲི་དཔོན། སྤུ་བོ་ཕུ་ལུང་སྡེ་པ་སོགས་མངའ་ཐང་ཅན་མང་དུ་བྱུང་བའི་ནང་གསེས་ས་སྐྱོང་སྡེ་དགེ་ནི་གོང་སྨོས་བདེ་ཆེན་བསོད་ནམས་བཟང་པོ་མ་ཡུམ་འདས་པའི་དགེ་སྒྲུབ་ལ་རྔུ་ས་དམར་ནས་ཀཿཐོག་ཏུ་བྱོན། ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་། རྔུ་ཆོས་རྡོར་པ་གཉིས་ཀས་ས་སྟོད་ཕྱོགས་སུ་སོང་ན་གནས་བཀྲ་ཤིས་རྟགས་བརྒྱད་ཀྱི་དབྱིབས་ཡོད་པ་ཞིག་ཏུ་རིམ་གྱིས་དབང་བསྒྱུར་ནས་རྒྱུད་པ་ཇེ་བཟང་དུ་འགྲོ་བར་ལུང་བསྟན་པ་བཞིན་དུ་ལྕགས་རར་བྱོན། གླིང་ཆེན་པོ་བདག་དྲུང་གི་ནང་བློན་མཛད། དེ་སྐབས་སྡེ་དང་བསྟན་སྲིད་ལ་ཤིན་ཏུ་དགེ་བར་བཟུང་བས། སྡེ་དགེའི་མཚན་ཐོགས་པ་ནི་གནམ་གྱི་ལྷས་བསྒྲགས་པའོ།། དེ་ལ་སྲས་བཞི་བྱུང་བའི་གཉིས་པ་བོ་ཐར་སྐབས། གླིང་བདག་དྲུང་པའི་ཞལ་ངོ་དང་གཉེན་སྲིད་བསྡེབས་པའི་རིན་ལ་ཟུལ་རྒྱུད་ཀྱི་མི་སྡེ་བླངས། དངུལ་མདར་ཕོ་བྲང་བཏབ། དབུ་འཕང་དར་རྒྱས་སུ་བཞུགས་སྐབས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཕེབས། སྲིབ་སའི་ཀླུ་བཏུལ། མཚོའི་སྟེང་རས་གཟན་གྱིས་བཀབ་ནས་ལྷ་ཁང་བཞེངས། སྲིབ་དགོན་ཐོག་མར་བཏབ། གྲུབ་ཆེན་ནས་དགོན་མིང་ལ་ལྷུན་གྲུབ་སྟེང་། བོ་ཐར་ལ་བཀྲ་ཤིས་སེང་གེ་ཞེས་པའི་མཚན་བཏགས། དེའི་སྲས་བླ་མ་དཔལ་ལྡན་སེང་གེས་ཉིན་རིའི་ཕྱོགས་སུ་འདུས་སྡེ་བཙུགས་པས་དེང་སང་ཉིན་དགོན་ཏུ་གྲགས། མཆེད་ཟླ་རྒྱལ་མཚན་འབུམ་གྱི་སྲས་རྒྱུད་སྡེ་དགེ་ཀུན་དགའ་རིན་ཆེན་གྱིས་བླ་བྲང་གི་ལྷ་ཁང་བཞེངས། དེར་བཞུགས་རྣམས་ལ་སྡེ་དགེ་ལྷ་ཁང་པ་ཞེས་གྲགས། གདུང་རབས་བརྒྱད་པ་ལྷུན་ཐུབ་ལ་སྲས་དྲུག་བྱུང་བའི་གསུམ་པ་བླ་ཆེན་བྱམས་པ་ཕུན་ཚོགས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོར་གྱུར་ཏེ། འདི་སྐབས་གླིང་དཔོན་པོ་ནང་ཚན་དུ་གྱེས་པ་སོགས་སྡེ་ཤོག་རེ་ལ་དཔོན་ཕྲན་རེས་བཟུང་། ལུགས་གཉིས་ཀྱི་ཁྲིམས་མེད་པས་འོག་སྡེ་རྣམས་ཀྱང་རང་དཔོན་ལ་ཡིད་སུན་ནས་འབངས་གྱེན་ལྡོག་ཁོ་ན་བྱུང་བའི་སྐབས་བླ་ཆེན་འདི་དང་ཕྱག་མཛོད་ཀུན་དགའ་རྒྱལ་མཚན་དཔོན་བློན་ནས་ངན་པ་རྣམས་ཆམ་ལ་ཕབ། དམན་པ་རྣམས་མགོ་བླངས། རྫོང་སྒོ་བཅོ་བརྒྱད་ཀྱི་རྨང་བཏིང་། མི་སྡེ་ཉི་ཁྲི་ལྔ་སྟོང་མངའ་ཞབས་སུ་བསྡུས། ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་བསམ་འགྲུབ་མཐོང་གྲོལ་ཆེན་མོ་གཙོས་རིས་མེད་པའི་ཆོས་སྡེ་བརྒྱ་རྩ་ལྷག་བཏབ། སྒ་པའི་གསེར་ཁྲལ་དང་། འབའ་པའི་དངུལ་ཁྲལ་བླངས། དེ་སྐབས་བེ་རི་རྒྱལ་པོས་བོན་པོའི་ཕྱོགས་བཟུང་ནས། ཁམས་ཕྱོགས་ཀྱི་དགེ་ལུགས་གཙོས་བསྟན་པ་སྤྱིའི་དགྲར་གྱུར་པ་ལ་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་ནས་སྡེ་དགེ་བླ་ཆེན་དཔུང་གྲོགས་སུ་སྦྲན་ཏེ་བེ་རི་རྨིངས་མེད་དུ་བཅོམ། དཔའ་རྟགས་སུ་འབྲོག་སྡེ་སྦྲ་ཐག་འཐེན་ཚད་སོག་པོས་བདག། ཡུལ་སྡེ་ཤིང་སྒོ་བཙུགས་ཚད་སྡེ་དགེ་ལ་བྱིན་པས་འབྲི་ཆུ་ཕ་རིའི་སྡེ་རྣམས་དང་། ཚུ་རིའི་འདན་མ་སོགས་འདི་དུས་བྱུང་བར་གྲགས། དེ་མཚུངས་རྒྱལ་པོ་མཁའ་འགྲོ་བྱེད་སྤྱོད་མ་མཁས་པས་སོག་པོས་བཅོམ་པའི་དཔུང་གྲོགས་བྱས་པའི་དཔའ་དར་ལ་ཉག་གཤིས་སྐོར་རྣམས་བྱུང་། དབུས་གཙང་གི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་ལ་དཔེར་བྱས་ནས་ཁྲིམས་ཡིག་ཆེན་མོ་བཞག་པས་སྡེ་དགེ་བླ་མ་བྱམས་པ་ཕུན་ཚོགས་ཀྱི་ཁྲིམས་རྒན་མ་ཞེས་ཚད་འཇོག། རྫོང་མགོ་རྣམས་ཀྱི་ཁྲལ་ཐོག་ཕྱེད་ཀ་རེ་རྫོང་མགོ་སོ་སོ་དང་འབྲེལ་བའི་དགོན་སྡེ་རྣམས་སུ་ཚོགས་སྒོའི་གཏོང་ཐེབས་སུ་སྦྱོར་བ་དེང་སང་གི་བར་རྒྱུན་མ་ཉམས་པ་ཡོད། འདི་ནས་བཟུང་སྡེ་དགེའི་ཁྲི་རབས་ཀྱི་དབུ་འཛིན་པ་དང་། གདུང་རྒྱུད་རེ་རེ་ལས་མེད་པའི་དུས་མ་གཏོགས་ཁྲི་འཛིན་བླ་མ་ཁོ་ནས་མཛད་པའི་སྲོལ་ཚུགས། ཁྲི་རབས་གཉིས་པ་ཀུན་དགའ་ཕུན་ཚོགས། གསུམ་པ་ཆེ་མཆོག་རྣམས་ཀྱི་སྐབས་ཐུགས་རྒྱུད་འཇམ། བཞི་པ་ཁྲི་ཆེན་སངས་རྒྱས་བསྟན་པ་ལུགས་གཉིས་ཀྱི་མཁྱེན་སྟོབས་དང་སྐུ་བསོད་འགྲན་ཟླ་བྲལ་བས་བླ་ཆེན་གྱི་དུས་ལྟར་ཆབ་འབངས་རྣམས་མངའ་འོག་ཏུ་བསྡུས། རིས་མེད་ཀྱི་གཙུག་ལག་ཁང་དང་ཆོས་སྡེ་མང་པོ་ཉམས་གསོ་གསར་འཛུགས་མཛད། རྒྱལ་ཁམས་ལ་བཀའ་ཁྲིམས་དྲང་པོས་ཕན་བདེས་ཁྱབ་པས་ཀུན་གྱིས་སྨོན་པ་བྱུང་། ཁྲི་རབས་ལྔ་པ་བླ་མ་བསོད་ནམས་ཕུན་ཚོགས་ཆོས་སྲིད་མཁྱེན་རྒྱ་མཛད་པ་དེ་དང་མཚུངས་པ་ལ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཅུང་འཇམ་ཆེས་འདུག་ཟེར་བ་བྱུང་། འདི་སྐབས་རྒྱལ་པོ་ལྷ་བཟང་གིས་ཁོ་རང་གི་བུ་རྒྱལ་དབང་དྲུག་པའི་སྤྲུལ་སྐུ་ཡིན་རྒྱུར་བྱས་ནས་མཚན་ཡེ་ཤེས་རྒྱ་མཚོར་བཏགས་ཏེ་ཁྲི་འདོན་བྱས། ལི་ཐང་དུ་རྒྱལ་བ་སྐལ་བཟང་རྒྱ་མཚོ་འཁྲུངས་པ་ཐོས་ནས་ཨེར་ཁེ་ཇུ་ནང་དཔོན་གཡོག་མང་པོ་བཀྲོང་བ་ལ་བཏང་བའི་སྐབས་གཉེར་ཆེན་འབིར་ལུག་དཔུང་དང་བཅས་པ་བཏང་ནས་རྒྱལ་དབང་དཔོན་སློབ་རྒྱལ་ཁབ་འདིར་སྤྱན་དྲངས་ནས་ཞབས་ཏོག་བསྙེན་བཀུར་ཞུས། རྒྱ་བོད་ཀྱི་གཙུག་རྒྱན་དུ་བཀོད་པས་གཞུང་དགའ་ལྡན་ཕོ་བྲང་དང་འབྲེལ་ཟབ་ཆེ་བ་འདི་ནས་བྱུང་། རྒྱལ་དབང་བདུན་པའི་བཀའ་ཤོག་ཤེལ་བམ་ཆེན་མོ་གནང་བ་ལའང་། སྡེ་དགེ་བླ་དཔོན་པ་འདི་ངེད་ན་ཚོད་ཆུང་དུས་དྲིན་གཟོ་བྱས་པ་ཆེ་བས་ཁོ་རང་ཚང་མ་ཟད་སྡེ་དགེའི་མི་སེར་ཡིན་ངེས་རུང་ཕྱིན་ཇ་ཁྲལ་གཙང་ཆག་དགོས་ཚུལ་སོགས་བདག་རྐྱེན་ཆེན་མོ་གནང་བའི་རྒྱུན་ད་ལྟའང་གནས་བཞིན་པར་སྣང་། ཁྲི་རབས་དྲུག་པ་ཆོས་རྒྱལ་བསྟན་པ་ཚེ་རིང་ནི། སྔོན་ཆོས་རྒྱལ་མེས་དབོན་རྣམས་ཀྱི་རྗེས་སུ་བསྙེགས་པའི་ཆོས་སྲིད་གཉིས་ཀའི་མཛད་པ་ཤིན་ཏུ་རྒྱ་ཆེ་བར་ཡོངས་སུ་གྲགས་ཤིང་ཕྱག་རྗེས་ད་ལྟ་མིག་མཐོང་དུ་ཡོད་པ་འདི་ལ་སྨོས་མ་དགོས་ཤིང་། འཇམ་དབྱངས་གོང་མ་ཆེན་མོ་གཡུང་ཅིང་གིས་སོག་པོ་ཨོ་རོད་རྒྱལ་པོ་ལ་དགོངས་ཕོག་བྱུང་ནས་མིང་མེད་དུ་བརླགས། མདོ་ཁམས་ཕྱོགས་ཀྱི་སྡེ་དཔོན་ཁོད་སྙོམས་ལ་ཙིའུ་ཏཱ་ལོ་ཡེ་བཏང་སྐབས་མངའ་འོག་འདིར་རྐུ་ཇག་ཁྲམ་གསུམ་མེད་པའི་རྒྱལ་ཁྲིམས་ཚད་ཐུབ་སྔར་ནས་ཡོད་པ་དང་། ལྷག་པར་ཆོས་རྒྱལ་འདི་ཉིད་ཀྱི་རྣམ་དཀར་མཛད་པ་འགྲན་ཟླ་དང་བྲལ་བ་གོང་མ་ཆེན་མོའི་གསེར་སྙན་དུ་དྲངས་པས། མདོ་ཁམས་སྨད་ཕྱོགས་ཀྱི་དཔོན་པོ་ཆེ་ཤོས་གསན་ཡུ་སའི་ཐམ་ག། གན་གོས་ཡུག་བརྒྱ། དངུལ་སྲང་སྟོང་ཕྲག་ནན་ཕྱིན། རྫ་རྒྱུད་འབྲོག་སྡེ་གཙོས་མི་སེར་མང་པོ་ལྷ་འབངས་སུ་སྩལ། ཅིའུ་ཏཱ་ལོ་ཡེ་ནས་འདམ་སོག་ལ་སྐྱ་བོ་མན་ཆད་རང་དབང་བསྒྱུར་ཆོག་པའི་བཀའ་ཕེབས་པ་སོགས་ལུང་དང་ལག་རྟགས་འགྲན་ཟླ་མེད་པས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར། རྫོང་སྒོ་སྔར་ཡོད་རྣམས་ཀྱི་སྟེང་དུ་རྫོང་འོག་ཉི་ཤུ་རྩ་ལྔ་སོགས་འདི་དུས་བྱུང་། དེ་ཙམ་གྱིས་ཆོག་ཤེས་པར་མཛད་ནས་གཞན་སྡེ་ཆབ་འོག་ཏུ་བཅུག་པ་སོགས་ནི་ནམ་ཡང་མ་མཛད་ཀྱང་ཡུལ་འཁོར་བྱམས་པས་སྐྱོང་བ་ལ་ཤུགས་ཀྱིས་དད་པས་ལྷོ་བྱང་འབྲོག་སྡེ་གཙོས་དཔོན་རིགས་རྣམས་ནས་ཀྱང་འདི་ཕྱིའི་སྐྱབས་གནས་ཞུ་བ་ཁོ་ན་བྱུང་། ལྷུན་གྲུབ་སྟེང་གཙོས་གཙུག་ལག་ཁང་གསར་བཞེངས་རྙིང་གསོས་མང་པོ། མཆོད་ཐེབས་རྒྱ་ཆེ་བ། སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་འཕགས་དུ་མ། རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་། བསྟན་འགྱུར་པོད་ཉི་ཤུ། གཞན་པུསྟི་དྲུག་ཅུ་སྐོར་གྱི་སྤར་ཁྱད་འཕགས་གསར་བརྐོས། དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གཙུག་ལག་ཁང་དགེ་འདུན་སྡེ་བཅས་གསར་བཀོད་སོགས་བསྟན་འགྲོར་ཕན་བདེའི་མཛད་པ་བསམ་གྱིས་མི་ཁྱབ་བོ། ། ཁྲི་རབས་བདུན་པ་བླ་ཆེན་ཕུན་ཚོགས་བསྟན་པ་ནི། ཆོས་བློན་རིག་པ་ཅན་སླར་བྱོན་པ་ལྟ་བུའི་མཚན་གྱི་སྙན་པས་ཀྱང་ས་ཆེན་འདར་ནུས་པའི་ལས་དབང་བཙན་པོའི་སྟོབས་དང་ལྡན་པས་ཆོས་ལྡན་གྱི་རྒྱལ་སྲིད་ཡབ་མེས་ལྟར་བསྐྱངས། ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་རྟེན་བཞེངས་འཕྲོ་ལུས་སྤྱི་དང་། བསྟན་འགྱུར་པུསྟི་ཉིས་བརྒྱ་དང་བརྒྱད། རིག་གནས་སྐོར་སོགས་པུསྟི་སུམ་ཅུ་སྐོར་གྱི་སྤར་གསར་དུ་བཞེངས། ཁྲི་རབས་བརྒྱད་པ་ས་སྐྱོང་བློ་གྲོས་རྒྱལ་མཚན་ནི། ཕྱི་དགྲ་ལ་བློ་ཤེད་ཆེ། ནང་མི་ལ་ཐུགས་བརྩེས་གཟིགས། མངའ་འབངས་ལ་བྱམས་པས་བསྐྱངས། རྒྱལ་ཁམས་མི་བདེ་བའི་གཞི་ཅུང་ཟད་བྱེད་པ་ལའང་ཉེས་ཆད་འཕྲལ་དུ་བཏང་བས་མངའ་ཞབས་སུ་བདེ་སྐྱིད་ཀྱི་ཉི་མ་ཤར་བ་བྱུང་། སྐུ་གསུང་ཐུགས་རྟེན་ཁྱད་པར་དུ་འཕགས་པ་བཅས་གྲངས་མང་བ་དང་། རྙིང་མའི་མཛོད་བདུན། མདོ་སྡེ་ངེས་དོན་པོད་དྲུག། ཞུ་ཆེན་བཀའ་འབུམ་པོད་བཅུ་གཅིག། རིག་གནས་སོགས་པུསྟི་ལྔ་བཅུ་ལྷག་པའི་སྤར་གསར་བརྐོས། གཙུག་ལག་ཁང་མང་པོ་གསར་བཞེངས་རྙིང་གསོའི་ཕྱག་རྗེས་རྒྱ་ཆེ་ཞིང་། ལས་དབང་བཙན་པོའི་རང་ཤུགས་ཀྱིས་གཞན་སྡེ་ཁས་དྲག་དཔུང་ཆེན་མངའ་འོག་འབད་རྩོལ་མ་དགོས་པ་མངའ་འོག་ཏུ་འདུས་པ་བྱུང་། ཁྲི་རབས་དགུ་པ་ས་དབང་སྡེ་དགའ་བཟང་པོ་ནི། ས་སྐྱ་པ་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་ངོར་ཆེན་རྡོ་རྗེ་འཆང་གི་སྤྲུལ་པར་ལུང་བསྟན་ཅིང་མཚན་བཏགས་སྩལ་ཡང་། གདུང་རྒྱུད་གཅིག་པུར་སོང་གཞིས་རྒྱལ་སྲིད་བསྐྱངས་དགོས་པ་བྱུང་བས་སྐུ་ཚེ་ཡུན་དུ་མ་བརྟན་དེ་ཉིད་གཤེགས། མ་ཡུམ་སྒ་རྗེ་དཔོན་མོ་ཚེ་དབང་ལྷ་མོས་ཁྲིམས་སྲིད་ཡུན་རིང་བསྐྱངས། མངའ་ཐང་སྔར་ལྟར་རྒྱས། རྙིང་མ་རྒྱུད་འབུམ་པོད་ཉེར་ལྔ། རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་བཀའ་འབུམ་པོད་དགུའི་སྤར་གཙོས་རྟེན་བཞེངས་དང་ཕྱག་རྗེས་རྒྱ་ཆེ། ཁྲི་རབས་བཅུ་པ་ཚེ་དབང་རྡོ་རྗེ་རིག་འཛིན་ནི། གདུང་རྒྱུད་གཅིག་པུར་སོང་གཤིས། སྐུ་གཞོན་ནུའི་སྐབས་ཁྱིམ་ཐབས་མཛད། ཕྱིས་རབ་ཏུ་བྱུང་ནས་བླ་ཆེན་གྱི་གོ་སར་བཞུགས་ནས་རྒྱལ་སྲིད་བསྐྱངས། དབང་ཐང་ཆེ་ཞིང་དབུ་རྨོག་བཙན་པ་བྱུང་། ཁྲི་རབས་བཅུ་གཅིག་པ་དམ་ཚིག་རྡོ་རྗེ་ནི། རྒྱལ་ཁབ་མངའ་འབངས་ལ་བྱམས་བརྩེ་ཆེ་ཞིང་ཐུགས་དམ་ཉམས་བཞེས་ལ་གཙོ་བོར་མཛད། ཁྲི་རབས་བཅུ་གཉིས་པ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་ནི། ཡབ་མེས་གོང་མ་རྣམས་དང་ཐུགས་དགོངས་མཛད་སྤྱོད་མཚུངས་ཤིང་། ཨོ་རྒྱན་དུས་གསུམ་མཁྱེན་པས་བོད་རྗེ་ལྷ་སྲས་མུ་ཏིག་བཙན་པོའི་རྣམ་རོལ་དུ་རྡོ་རྗེའི་ལུང་གིས་བསྔགས། ཁྲི་རབས་བཅུ་གསུམ་པ་ལྷ་སྲས་ངག་དབང་འཇམ་དཔལ་རིན་ཆེན་ནི། སྐུ་ན་ཕྲ་དུས་ནས་མཁྱེན་རབ་ཀྱི་རྩལ་ཁ་རྫོགས། ཡབ་རྗེའི་བཀའ་འབྲེལ་བཞིན་རྒྱལ་སྲིད་ལ་གཅེས་སྤྲས་དང་། འཁོར་འབངས་ལ་བྱམས་བརྩེས་བསྐྱངས། ཡིད་སྲུབས་འཕྲུལ་གྱིས་མི་བརྫི་བའི་བློ་གྲོས་མཐུ་སྟོབས་རྨད་དུ་བྱུང་། ཁྲི་རབས་བཅུ་བཞི་པ་འཇིགས་མེད་རྡོ་རྗེ་སེང་གེ་ནི། ཆོས་སྲིད་གཉིས་ལྡན་གྱི་མཛད་ཕྲིན་ཚངས་ཐིག་གིས་དྲངས་ཤིང་། འཛམ་གླིང་རྒྱན་གཅིག་སྤར་ཁང་ཆོས་མཛོད་ཆེན་མོ་ཉམས་གསོས་བླ་ན་མ་མཆིས་པ་དང་། སྔ་འགྱུར་བླ་མེད་གསང་མཐའི་རྒྱུད་སྡེ་དཀར་ཆག་བཅས་པུསྟི་ཀཿཉེར་དྲུག་དུས་མིག་གྲངས་ལྡན་རིན་ཆེན་དང་པོ་དང་གཉིས་པས་བཞེངས། སྐུ་རྟེན་གསེར་ཟངས་འབའ་ཞིག་ལས་གྲུབ་པ་གསར་བཞེངས་དང་ཉམས་གསོ་སོགས་རྣམ་དཀར་གྱི་མཛད་འཕྲིན་དབྱར་མཚོ་ལྟར་འཕེལ། ཁྲི་རབས་བཅོ་ལྔ་པ་ལྷ་སྲས་རིན་པོ་ཆེ་ཚེ་དབང་བདུད་འདུལ་ཉ་གང་ཟླ་བའི་ལང་ཚོ་གསར་པ་ཆོས་རྒྱལ་གོང་མའི་གསེར་ཁྲིར་ཕེབས་ནས་ལོ་ངོ་གཉིས་ཙམ་སོང་ཡང་། དམ་པའི་རིགས་པ་སད། སྤོབས་པའི་མཐུ་སྟོབས། བསོད་ནམས་ཀྱི་སྟོབས་འབྱོར། འཕགས་པའི་ལུང་གིས་བསྔགས། གཞན་ལས་ཁྱད་པར་འཕགས་པའི་རྨད་དུ་བྱུང་བའི་ངོ་མཚར་དགུང་ལོ་དྲུག་གིས་གསེར་ཁྲིར་འཁོད་པས་བསྟན་འགྲོ་མ་ལུས་པའི་དཔལ་དང་ཡོན་ཏན་བྱེ་བའི་འབྱུང་གནས་གཅིག་པུར་གྱུར་པ་ཉིད་དོ།།
     རྒྱལ་བསྟན་རིས་མེད་སྦྱིན་བདག་ཆེ།། སྟོང་བཙན་ཡུལ་བཟུང་རྒྱུད་པ་མཆོག། མངའ་བདག་ཆོས་ཀྱི་རྒྱལ་པོ་ཡི།། ཆོས་སྲིད་མི་ཉམས་དར་རྒྱས་ཤོག། ཅེས་པའང་སྡེ་དགེ་ཉག་གཤིས་དགོན་ཕུ་ཕན་བདེ་མི་འགྱུར་གླིང་དུ་རྙིང་བཙུན་ཐུབ་བསྟན་ཕྱོགས་ཀྱི་གླང་པོས་དགེ་ཚུལ་སློང་གི་སྡོམ་པ་འབོགས་ཞོར་ཆུ་ཁྱི་ཟླ་༤ཚེས༢༨ལ་བྲིས་པ་དགེ་ལེགས་འཕེལ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...