སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྡོང་སྤྱང་མི་ཉག་གི་བྱུང་རིམ་དང་འབྲེལ་བའི་ལོ་རྒྱུས་བསྡུས་པ་དཔྱོད་ལྡན་འཇུག་པའི་སྒོ།
རྩོམ་པ་པོ། ཡེ་ཤེས་འབྱུང་གནས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-11-7 9:26:00 རྩོམ་ཁུངས། ཁམས་པའི་དྲ་བ། ཀློག་གྲངས།
    རྣམ་མང་ཐོས་སྲས་མི་ཡི་རྫུར་ཞུགས་མི་དབང་ཙ་མི་སུ་ཧི་སོགས། །
    དཔལ་དང་གྲགས་དང་དཔུང་བ་བཙན་པོས་ར་བ་སྒང་ནས་ཧོར་གྱི་བར། །
    བདེ་བར་སྐྱོང་བའི་མི་ཡི་རྗེ་བོ་རིམ་པར་བྱོན་པའི་ལོ་རྒྱུས་གཏམ། །
    རི་མོར་འགོད་ལ་གང་དེར་འགོ་བའི་ལྷ་དང་སྲུང་མས་དགེ་ལེགས་སྩོལ། །
      དེ་ཡང་བོད་ཆེན་པོའི་ཡུལ་འདི་གདོད་མ་ནས། སྟོད་ན་མངའ་རིས་སྐོར་གསུམ་རྫིང་གི་ཚུལ། །བར་དུ་དབུས་གཙང་རུ་བཞི་ཡུར་བ་འདྲ། །སྨད་དུ་མདོ་ཁམས་སྒང་དྲུག་ཞིང་ལྟ་བུ། །ཞེས་ཀུན་ཀྱང་ཆུའི་རྒྱ་མཚོ་རུ་གནས་པ་རིམ་གྱིས་བྲི་ནས་རྩི་ཤིང་གི་ཚལ་ཆེན་པོ་བྱུང་། དེ་ལ་སྐམ་གནས་ཀྱི་སྲོག་ཆགས་སྣ་ཚོགས་རིམ་གྱིས་འཕེལ་ཞིང་སྤྲ་དང་སྤྲེའུ་འདུས་པ་ལས་མིའི་རིགས་རྒྱུད་དག་མཆེད་པ་ལ་རུས་ཚན་དྲུག་ཏུ་གྱེས་པའི་ཡ་གྱལ་མི་ཉག་ནི་ཨ་སྤོ་ལྡོང་ངམ་ལྡོང་མི་ཉག་སྤྱང་ཁྲིག་ཡེ་ཤེས་ལྷ་ཡི་སྒྲོན་མའི་རིགས་ལས་མཆེད་པར་འདོད་དོ། །
      སྐབས་འདིར་བོད་ཀྱི་ལོ་རྒྱུས་རྙིང་པ་དག་ན་གནོད་སྦྱིན་ནག་པོས་དབང་མཛད་པའི་ཡུལ་བཟངས་ཡུལ་རྒྱན་མེད་སོགས་དབང་མཛད་དམ་མངའ་མཛད་བཅུ་གཉིས་དང་། རྒྱལ་པོ་འཆིམས་རྗེ་ནེ་གུས་འཆིམས་ཡུལ་ནག་པོ་དགུ་སུལ་དབང་བྱས་པ་སོགས་རྒྱལ་ཕྲན་བཅུ་གཉིས། མཐའ་མར་གཡེར་མོ་ཡུལ་དྲུག་ལ་གཡེ་རྗེ་མཁར་བ་སོགས་རྒྱལ་ཕྲན་སིལ་མ་བཞི་བཅུ་ཡོད་པ་གསུངས་པ་ལྟར། རུས་མཛོད་དུ་ས་བདག་གཏོ་ཕུག་གི་ལུང་དྲངས་ནས་རྗེ་གཉའ་ཁྲི་ཡན་གྱི་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་ཞེས་མི་ཉག་ནི་ཡུལ་གྱི་མིང་དང་དེར་ལྡོང་རིགས་ཀྱི་འགྲོ་བ་མི་ཐོག་མར་བྱུང་བར་གསུངས།  མགོ་ནག་མིའུ་འདྲ་ཆགས་སུ། ཕོ་བོ་ལྡོང་ལ་མཆེད་དྲུག་ཡོད། སྟོད་པ་སྤ་ཚབ་འབྲིང་ཡས་གཉིས། བར་ན་རོ་འཛེར་རག་ཤི་གཉིས། སྨད་ན་མི་ཉག་གྱི་ཐེན་གཉིས། ། ཁམས་ཀྱི་མགོ་ལོ་རྡོག་པས་མནན། ། ཞེས་དང་།  ཡང་དེ་ཉིད་ལས། ལྡོང་མར་ལ་མི་ཉག་ཁྱི་ཐན་དམའ། ། རྒྱ་ནག་པོའི་གྱང་ལ་རྡོག་པས་གཏད། ། ཅེས་དང་། རྒྱ་བོད་ཡིག་ཚང་ཆེན་མོ་ལས། རྒྱ་བོད་མཚམས་ཀྱི་མི་ཉག་ཅེས་གསུངས།   གཞན་ཡང་ཤར་བའི་ཆོས་འབྱུང་ལས། ཟལ་མོ་སྒང་འདིའི་ཕར་ངོས་ལ་མི་གཉགས་རི་མང་ཟེར། མདའ་ངོས་ལ་ཚ་མོ་རོང་ཟེར།  ཞེས་གསུངས་པ་ལ་སོགས་པས་མི་ཉག་ཅེས་པའི་རིགས་ལྡོང་ཡིན་པ་དང་ལྡོང་ལ་སྟོད་སྨད་འགའ་ཡོད་པ་ལས་མི་ཉག་ནི་སྨད་རྒྱ་བོད་ཀྱི་མཚམས་ཟལ་མོ་སྒང་གི་ཕར་ངོས་དང་རྒྱལ་མོ་ཚ་བའི་རོང་གི་ཀླད་ན་གནས་པ་དང་དཔའ་ངར་ལྡན་པའི་ཆེ་བ་བརྗོད་པའི་སྒོ་ནས་ཐོག་མར་མི་ཉག་གི་རིགས་མཆེད་པའི་ཡུལ་ད་ལྟའི་ཁམས་མི་ཉག་ར་བ་སྒང་ཡིན་པར་ངོས་བཟུང་བའོ། །
      སྐབས་འདིར་བོན་གྱི་བཤད་པའི་ལུང་འགའ་ཞིག་འགོད་པར་འདོད་དེ། ཁྱུང་པོ་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་ལས། ཁྱུང་འཕགས་ཁྲ་བོ་ཡབ་ཀྱི་བཀའ་བཞིན་རོང་ཁམས་ཀྱི་བདུད་དང་མུ་སྟེགས་འདུལ་ཞིང་བསྟན་པ་སྤེལ་བ་དང་འགྲོ་དོན་དུ་གཤེགས་པ་ན་ལྷོ་ཚ་བ་རོང་ནས་རིམ་བཞིན་ཤེལ་ལུང་བརྒྱུད་ནས་མི་ཉག་རྣམས་ལ་བཀའ་འབྲེལ་བཞག་འགའ་དག་གསེར་གཞུང་དུ་སླེབས་ཞེས་པ་དང་། ཡང་། རྒྱལ་མོ་རོང་གི་ལྷ་སྲིན་དམ་ལ་བཏགས། ། མི་ཉག་རྒྱལ་པོ་ཐབས་དང་ཐུགས་རྗེས་བཏུལ། །ཞེས་དང་། ཡང་མི་ཉག་རྒྱལ་པོ་སོགས་རྒྱལ་རོང་གི་མི་རྣམས་ཀྱང་། རང་རང་གི་ལས་དང་སྡུག་བསྔལ་དྲན་ནས་ཅུང་ཟད་འགྱོད་པ་དང་། དད་པ་སྐྱེ། ཞེས་དང་། ཡང་སྔོན་བོད་མི་བུ་གདུང་དྲུག་ནས་ཆད་པའི། སྒོ་དང་ལྡོང་གི་རིགས་མངའ་བས། ཕ་མྱེས་ཀྱི་བཀྲ་མཚོན་དང་། དགྲ་བླའི་མཆོད་གསོལ་བྱ་བའི་སྐབས་སུ་བབ་ནས། བུམ་འབོར་ལྷ་སྲས་གཡུང་དྲུང་རིན་པོ་ཆེ་ཡང་། མི་ཉག་རྒྱལ་པོའི་རྒྱལ་ས་རུ་གདན་དྲངས། ཁྲི་སྟེགས་མཐོན་པོར་བཏེག  དར་གྱི་བླ་གུར་དང་ཡོལ་བ་བྲེས་པའི་ནང་བཞུགས་སུ་གསོལ། འབྲས་མཁུར་དང་། མང་མཐུན་དང་ཡུ་ཏི་ལ་སོགས་གདའ་དགུ་དང་ལྡན་པ་དྲངས་སོ། ། དེས་མི་ཉག་རྒྱལ་པོས་རོང་ཁམས་ལ་སྨྲས་པ། སོགས་མི་ཉག་དང་འབྲེལ་བའི་ལོ་རྒྱུས་མང་པོ་འབྱུང་བར་བསམས་ན་མི་ཉག་རྒྱལ་པོ་ཞེས་པ་ལྡོང་གི་རིགས་ཡིན་པ་དང་ཤར་རྒྱལ་མོ་རོང་དང་སྤོ་འབོར་སྒང་གི་བར་དུ་གནས་པ་གསལ་བོར་བསྟན་ཏོ། །
      སྤྱིར་མི་ཉག་ལྡོང་ཡིན་པ་ད་ལྟའི་ང་ཚོ་མི་ཉག་པའི་དམངས་ཁྲོད་ནའང་རླུང་ལྟར་གྲགས་ཏེ། དཔེར་ན་གནའ་ནས་གཉེན་སྟོན་གྱི་གཏམ་བཤད་སྐབས་སུ་ངེད་ལྡོང་ཚང་གི་ཞེས་པ་དང་། ང་ཚོ་ལྡོང་དང་སྡེ་པ་ཁ་གཉིས་སོགས་མ་ཎི་ལྟར་འདོན་པ་དང་། རྣམ་ཐར་ལོ་རྒྱུས་དག་ན་མི་ཉག་རབ་སྒང་དུ་སྒོ་ལྡོང་གི་འཁྲུགས་པ་བྱུང་ཚུལ་ཤིན་ཏུ་མང་པོ་མཐོང་རྒྱུ་ཡོད་པ་ཡིན་ནོ། །
ལྡོང་སྤྱང་མི་ཉག་གི་བྱུང་རིམ་དང་འབྲེལ་བའི་ལོ་རྒྱུས་བསྡུས་པ་དཔྱོད་ལྡན་འཇུག་པའི་སྒོ།
      སྤྱིར་དེང་དུས་ཀྱི་ཚན་རིག་དང་རྟོག་ཞིབ་པ་གང་གིས་བརྟག་ཀྱང་རི་བྲག་འདི་དག་རིང་མོའི་དུས་ནས་མཚོ་ནང་ནས་ཕྱིར་ཐོན་པ་དང་། ས་བབ་མཐོ་ས་དེ་དང་པོ་སྟེང་དུ་ཐོན་པ་ནི་ཤེས་སླ་ལ་མི་རིགས་ཕལ་ཆེར་སྤྲ་སྤྲེལ་ལས་མིར་འགྱུར་བ་ཀུན་གྱིས་ཁས་ལེན་པ་ལགས་མོད། དེས་ན་ང་ཚོ་ནི་མི་རིགས་ཀུན་གྱི་འབྱུང་ཁུང་དང་སྐམ་ས་ཐོག་མ་དེ་ཡིན་པར་འདོད་ལ།  རི་ཡི་རྒྱལ་པོ་རི་རབ་དེ་ཧི་མ་ལ་ཡའི་གངས་རྒྱུད་དུ་ངོས་བཟུང་བ་དང་། བོན་གྱི་སྲིད་པ་ལས་ཀྱི་གཏིང་ཟློག་སོགས་ལས། སྲིད་པའི་རྒྱལ་བུ་མཐིང་གྷེ་དང་དམུ་ལྕམ་ཁྲུང་དཀར་གཉིས་ལ་བུ་རྒྱ་བོད་ཧོར་གསུམ་བྱུང་ཚུལ་གསུངས་པ་ལྟར་རིགས་པས་གྲུབ་པའི་ལོ་རྒྱུས་མང་ཞིག་བཤད་ཆོག་ཆོག་ལྟ་བུར་འདུག་སྙམ། དེ་ལྟ་མིན་ཡང་ས་འོག་ནས་ཐོན་པའི་གནའ་རྫས་དང་འགྱུར་རྡོ་སོགས་གང་ལ་བརྟག་ཀྱང་ཤིན་ཏུ་དུས་ཡུན་རིང་མོ་ཞིག་ནས་གནས་འདིར་འཚོ་སྡོད་བྱས་པ་གོར་མ་ཆག་ལ། གོང་དུ་བཤད་པའི་དབང་མཛད་བཅུ་གཉིས་དང་རྒྱལ་ཕྲན་སིལ་མ་སོགས་ནི་ཆེས་རིང་མོའི་དུས་ཀྱི་བོད་མིའི་རྒྱལ་རབས་དངོས་མ་ཞིག་ཡིན་པར་འདོད། འོ་ན་དེབ་ཐེར་རྣམས་སུ་དབང་མཛད་བཅུ་གཉིས་མི་མ་ཡིན་པར་བཤད་པས་མི་འཐད་སྙམ་ན། མ་ཡིན་ཏེ་ཀུན་གྱིས་བཀུར་བའི་རྗེ་བོ་ལ་ལྷ་དང་། སྟོབས་དང་འབྱོར་བ་ཅན་ལ་གནོད་སྦྱིན། ཤ་ཁྲག་དྲོན་མོ་ཟ་བ་ལ་སྲིན་པོ་ཞེས་ཆེ་བརྗོད་ཀྱི་མིང་ཙམ་ཡིན་པར་མ་ཟད་དེ་དག་ནི་ཆེས་གདོད་མའི་རྡོ་ཆས་ལོངས་སུ་སྤྱོད་མཁན་ང་ཚོ་མིའི་རིགས་ཀྱི་མེས་པོ་ཡིན་པར་འདོད་ལ་མདའ་གཞུ་དང་། མདུང་། དགྲ་སྟ་སོགས་མཚོན་ཆ་དང་འཚོ་ཆས་མི་འདྲ་བ་རེ་རེ་གསར་གཏོད་བྱས་པར་བསྟན་ཏོ། །
      རྗེ་གཉའ་ཁྲི་བཙན་པོ་སོགས་གནམ་ལ་ཁྲི་བདུན་དང་ས་ལ་ལེགས་དྲུག་སོགས་བོད་ཀྱི་རྒྱལ་རྒྱུད་ཐུན་མོང་མ་ཡིན་པའི་བཤད་པ་ཡིན་ལ་ཡུལ་ཡང་ཡར་ཀླུང་ཙམ་ལ་དབང་མཛད་པ་ཁོ་ནའོ། །
    བོད་ཀྱི་རྒྱལ་རབས་སོ་གཉིས་པ་ནས་རིམ་བཞིན་མངའ་ཁོང་རྒྱ་བསྐྱེད་འགོ་བརྩམ། རིམ་པར་སྲོང་བཙན་སྒམ་པོའི་དུས་སུ། ལྡེའུ་ཆོས་འབྱུང་སོགས་སུ་ཁྱུང་པོ་སྤུ་སད་ཟུ་རྩེ་དང་མགར་སྟོང་བཙན་ཡུལ་བཟུང་སོགས་ཀྱིས་བློན་བྱས་ནས་རྒྱལ་པོའི་སྐུ་ཚེ་སྟོད་ལ། བོད་རུ་བཞི་ཕྱེ། སུམ་པའི་རུ་སྣ་ལག་སྡེར་བཅད། བསྐོས་པའི་རྒྱལ་པོ་བཞི་མངའ་འོག་ཏུ་བསྡུས། སོ་ཁ་རྒྱ་ཡུལ་དུ་གཏད། རྒྱལ་ཕྲན་བཅུ་གཉིས་བྲན་འབངས་སུ་བཅད་ཅེས་བོད་ས་ཡོངས་ལ་དབང་བརྒྱུར། སྐབས་འདིར་མི་ཉག་ནི་ཆོས་དཔལ་རིག་གསུམ་དར་རྒྱས་གང་འཚམས་བྱུང་ཡོད་པར་མངོན་ཏེ་མཁས་པའི་དགའ་སྟོན་ལས། ཤར་ཕྱོགས་རྒྱ་དང་མི་ཉག་ནས། །བཟོ་དང་རྩིས་ཀྱི་དཔེ་རྣམས་ལེན།   ། ཞེས་དུས་དེར་ལག་རྩལ་དང་རིག་གནས་ཡོད་པར་བསྟན་ཏོ། །
      བོད་རྗེ་སྲོང་བཙན་སྒམ་པོའི་སྐབས་ཙམ་ན་བཟོ་རྩིས་དར་བའི་མི་ཉག་གི་རྒྱལ་པོ་དེ་སུ་ཞིག་ཡིན་སྙམ་ན། དེ་ནི་མི་ཉག་ཙཱ་མི་རྒྱལ་པོ་ཡིན་ཏེ། མཁས་པའི་དགའ་སྟོན་ལས། ཤར་ན་རྩ་མི་དང་ཤིང་མི་། ལྷོ་ན་གློ་བོ་ཞང་ཞུང་། ཞེས་དང་། ཡང་དེ་ཉིད་ལས། རྗེ་སྲོང་བཙན་དགུང་དུ་གཤེགས་ནས་བློན་པོ་མགར་སྟོང་བཙན་ཡུལ་བཟུང་གིས་སྨྲེ་སྔགས་ཀྱིས་གླུ་བླངས་པ་ལས། མི་ཉག་ཙ་མི་རྒྱལ་པོ་ཡང་། ། ཁྱོད་ཀྱི་མཚན་ཐོས་བརྐྱང་ཕྱག་འཚལ། ། མཚན་བརྗོད་མཁན་དེ་ལ་བྱ་དགའ་སྟེར། །ཞེས་གསུངས་པ་དང་། གཞན་ཡང་རྒྱ་ནག་ཧན་རྒྱལ་རབས་ཀྱི་ལོ་རྒྱུས་སོགས་ལས། སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པ་ཡས་མས་སུ་ཉག་ཆུ་དང་རྒྱལ་མོ་དངུལ་ཆུ་གཉིས་ཀྱི་བར་ན་འབྲོག་པའི་རྒྱལ་ཁབ拖牛国དང་ཏང་ཞང་མི་རིགས་ནི་འབྲོག་པའི་འཚོ་བ་རོལ་མཁན་དང་ཧྥུ་རྒྱལ་ཁབ(附国)ཅེས་གཙོ་བོ་ཡུལ་པའི་འཚོ་བ་རོལ་མཁན་བཅས་ཡོད་ཚུལ་རྒྱའི་ལོ་རྒྱུས་དག་ན་གསལ་བས་འདི་ནི་མི་ཉག་རོང་འབྲོག་གི་འཕེལ་རིམ་ཁྲོད་ཀྱི་མིང་འདོགས་ཚུལ་མི་འདྲ་བ་འགའ་ཞིག་ཡིན་པར་འདོད། ཡང་ཕྱོགས་དེར笮都(笮zuo)ཙཱ་རྒྱལ་ཁབ་ཅེས་རྒྱ་མ་བོད་ཀྱི་མི་རིགས་ཡོད་པར་བཤད། རྒྱའི་ལོ་རྒྱུས་པ་དག་གིས་འདི་དག་མི་ཉག་ཡིན་པར་བཞེད་པས་དེ་ནི་གནས་སའི་ཡུལ་དང་མིང་གི་སྒྲ་གདངས་གཅིག་པར་འདུག་པས་མི་ཉག་ཙཱ་མི་རྒྱལ་པོ་གསལ་བར་བསྟན་པར་སེམས་སོ། །
ལྡོང་སྤྱང་མི་ཉག་གི་བྱུང་རིམ་དང་འབྲེལ་བའི་ལོ་རྒྱུས་བསྡུས་པ་དཔྱོད་ལྡན་འཇུག་པའི་སྒོ།
      དེ་ཡང་ཐང་གི་ཡིག་ཚང་དུ党项ལྡོང་སྤྱང་ནི་རང་རིགས་སྤྲེའུའི་རྒྱུད་ལས་བྱུང་བ་དང་། གནག་ཕྱུགས་ཀྱི་རྩིད་པ་ཐགས་སུ་བཏགས་ནས་སྡོད་སའི་ཁང་པ་བྱེད། པགས་རིགས་དང་བལ་རྩིད་ཀྱི་ལྭ་བ་གྱོན། བྱི་འཆལ་གྱི་སྤྱོད་པ་དར་ཆེ། ཕྱིང་བ་ལྷེབ་གྱོན་བྱེད་ཅིང་རྒྱན་གོས་བཟང་པོར་བརྩི། ཤ་འཁོན་གླན་རྒྱུ་དེ་བས་གལ་ཆེན་དུ་རྩི་བ་སོགས་གོམས་གཤིས་དང་འཚོ་བའི་གནས་ཚུལ་རྣམས་སྔོན་མའི་མི་ཉག་གི་འབྲོག་པའི་རྣམ་པ་མིག་ལམ་དུ་འཆར་བ་ཞིག་བྲིས་ཡོད་དོ། །
      འདིར་དཔྱད་དགོས་པ་ཞིག་ལ་ལྡོང་མི་ཉག་ལ་ཙཱ་མི་དང་ཤིང་མིའམ་སྤྱང་མི་རིགས་གཉིས་ཡོད་པར་མངོན་ཏེ། མི་ཉག་ཡུལ་ན་གནའ་བོའི་རྡོ་རྩིག་གི་མཁར་རྫོང་ཟུར་བཞི་ནས་ཟུར་བཅུ་གསུམ་བར་ཡོད་པའི་མཐོ་དམའ་སྣ་ཚོགས་ཤིག་ཡོད་པ་དག་ལ་དམངས་ཁྲོད་ཀྱི་རྒན་རབས་པ་དག་གིས་འདི་སྤྱང་མི་ཟེར་བས་བརྩིག་པ་ཡིན་ཟེར། སྤྱིར་རྡོ་རྩིག་ལའང་འཇང་རྩིག་གམ་སྤྱང་རྩིག་དང་རྡོ་ཆེན་གཅིག་ལ་རྡོ་ཆུང་བརྒྱ་ཡིས་བསྐོར་ཚུལ། གཡུང་དྲུང་ལག་སྦྲེལ་གྱི་རྩིག་ཚུལ། རྡོ་རྗེ་བྱ་རྩིག །རིན་ཆེན་བྱ་རྩིག་སོགས་རྩིག་ཚུལ་མི་འདྲ་བའི་དབྱེ་བ་མང་པོ་ཡོད། ཕྱིས་སུ་སྤྱང་དང་འཇང་གཉིས་སྒྲ་འདྲ་བས་འཁྲུལ་མཁན་མང་པོ་བྱུང་། རྒྱ་ཡིག་ཏུ党项ལྡོང་སྤྱང་ཞེས་སྒྲ་མ་འགྱུར་བར་བྲིས་ཡོད་པ་ལ་འགྲེལ་བཤད་ཅི་ཡང་མི་དགོས་སྙམ།西夏王ཞིས་ཞ་ཡང་ནུབ་སྤྱང་རྒྱལ་པོ་ཞེས་ཐད་ཀར་གོ་ཆོག་སྟེ། ད་དུང་རྒྱ་ཡིག་ཏུ་མི་ཉག་རྒྱལ་རབ་ལ夏国传སྤྱང་རྒྱལ་ཁབ་དང大夏སྤྱང་ཆེན་པོ་ཞེས་བྲིས་ཡོད།  འགྲོ་མགོན་ཏི་ཤྲི་རས་པའི་རྣམ་ཐར་དུ་མི་ཉག་སྤྱང་རྒྱལ་རྒན་ཞེས་པ་དང་། སྤྱང་ཤོ་ཧོ་རྒྱལ་པོ་བྱས། རྒྱལ་ས་སྤྱང་ན་ཞེས་སྒྲ་དག་པའི་དབང་གིས་རྗེས་འཇུག་ཕྲལ་ནས་བྲིས་ཡོད་པས། དོན་ལ་ལྡོང་སྤྱང་མི་ཉག་སྤྱང་ལྡོང་མི་ཉག་སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེའི་རིགས་ཡིན་ལ་སྤྱང་གྲུང་ལྡན་ལ་བུད་མེད་རྣམས་མཛེས་སྡུག་ལྡན་ངག་རྒྱུན་དུ་གྲགས་པ་དོན་དང་ལྡན་པར་སེམས། སྤྱིར་ཤིང་དང་སྤྱང་འཇང་རྣམས་སྒྲ་འདྲ་བས་ནོར་འཁྲུལ་མང་ཞིག་བྱུང་ཡོད་དེ་མི་ཉག་དང་འཇང་ཡུལ་ནོར་བ་སོགས་རག་ར་ཆོས་འབྱུང་དུ་ནོར་བཅས་དོགས་སློང་བྱས་པ་ལྟར་གནད་འདི་ལས་བྱུང་བར་འདོད། ད་དུང་ཕྱིས་མི་ཉག་རྒྱལ་ཁབ་དུ་འགའ་དང་བྱང་ངོས་ཞེས་པ་ཡང་འགའ་དང་སྤྱང་ཡིན་པར་མངོན་ནོ། །
      དེ་ཡང་དུས་རབས་དྲུག་པ་ཡས་མས་སུ་མི་ཉག་གི་ཡུལ་ལ་ས་ཁྱོན་ཅི་ཙམ་ཡོད་གང་དག་ཡིན་སྙམ་ན། འབོ་གངས་དཀར་རི་བོའི་མཐའ་སྐོར་ཏེ། དེང་སང雅安གཡག་རྔའི་ས་ཆ་ཡོངས་དང་། བརྒྱད་ཟུར་རྫོང་། ཉག་ཆུ་རྫོང་། རྟའུ་རྫོང་། དར་མདོ་རྫོང་བཅས་ཡིན་པར་སེམས། 
      རིམ་པར་བོད་རྒྱལ་སྲོང་བཙན་སྒམ་པོས་མི་ཉག་ཙ་མི་རྒྱལ་པོའི་སྲས་མོ་རུ་ཡོངས་བཟའ་རྒྱལ་མོ་བཙུན་མོར་བསུས་པ་སོགས་ཞི་དྲག་ཐབས་ཀྱིས་དབང་དུ་བསྡུས་པ་ན། མི་ཉག་ཙ་མི་རྣམས་རིམ་གྱིས་བོད་ཀྱི་དབང་འོག་ཏུ་གནས། རྒྱའི་ཡིག་ཚང་ལས། ཐང་ཐའེ་ཙུང་གི་སྐབས་ཀྲེན་ཀོན་ཁྲི་ལོ་བཅུ་གཉིས་པ(638)ལོར་སྲོང་བཙན་སྒམ་པོས་དམག་སྣ་དྲངས་ནས་འ་ཞ་རྣམས་བཅོམ། ལྡོང་མི་ཉག་དང་། པའེ་ལན། ཆང་པ་རྣམས་པའང་དམག་དྲངས་ཞེས་དང་། ཡང་གོང་མ་ཡུང་ལུང་ཁྲི་ལོ་དང་པོ(680)ལོར་བོད་དམག་གིས་ཆང་རིགས་ཁྲིད་ནས་ཨན་རོང་མཁར་བཅོམ་ནས་མྱ་རྣམས་དང་། ལྡོང་མི་ཉག  ཆང་རིགས་སོགས་ལེ་དབར་ཁྲི་ཕྲག་ལྷག་བོད་ཀྱིས་བཟུང་ཞེས་དང་། སོག་པོའི་ལོ་རྒྱུས་མེས་པོའི་ཞལ་ལུང་དུ། བཟོ་རིག་དང་། རིག་རྩལ་སྡེ་ཁག  རོལ་མོའི་སྡེ་ཁག་སོགས་བོད་ལ་གདན་དྲངས། གོང་མ་ཆེན་པོ་ནས་མི་ཉག་གི་ཡུལ་ཁམས་ཀྱང་བྱིན་ཞེས་དང་། ཕྱིས(780)ཙམ་ན་ལྡོང་སྤྱང་མི་ཉག་གི་ཐོ་བྲག་པའི་རིགས་མང་པོ་བོད་ཀྱི་མངའ་འོག་ཏུ་སྡོད་མ་འདོད་པར། རྒྱ་ནག་ཐང་གི་གོང་མ་ཏེ་ཙུང་སྐབས་ཐང་གི་ངོ་བལྟས་ནས་རང་ཡུལ་ར་བ་སྒང་དུ་སྡོད་མ་ཚུགས་པར་རིམ་པར་བྱང་ཤར་ཕྱོགས་བསྐྱོད་འགོ་བརྩམས། གོང་མས་ཟུང་ཆུ(松州)སོགས་སུ་ས་མཚམས་བསྲུང་བའི་ལས་བཅོལ་ཞིང་སྡོད་དུ་བཅུག ཁོང་རྣམས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པས་དམག་ཐབས་སྟོབས་རྒྱས། རིམ་པར་སུ་ད་ལྟའི甘肃ཀན་སུའུ་ཤར་རྒྱུད་དང། 陕西ཧྲའན་ཞིས་བྱང་རྒྱུད་དུ་དར་རྒྱས་བྱུང་ནས། སྤྱི་ལོ1038ལོར་མི་སི་ཧུ་རྒྱལ་པོའམ་གའི་ཛུ་རྒྱལ་པོས་རྒྱ་དང་ཧོར་ཁྲི་ཐན་སོགས་མི་རིགས་ཉི་ཤུ་ལྷག་ལ་དམག་འཐབ་བྱས། ཁྲི་ཐན་རྒྱལ་ཁབ་དབང་དུ་བསྡུས། རྒྱ་ནག་སུང་གི་ནུབ་བྱང་ཕྱོགས་ཕལ་ཆེ་བ་དང་། ཧོར་གྱི་ས་ཆ་ཕལ་ཆེ་བའི་བདག་པོ་བྱས། ཧི་ལན་རི་བོའི་འདབས་སུ་རྒྱལ་ས་གཙོ་བོ་བཙུགས་ནས་མི་ལོ་ཉིས་བརྒྱ་ང་བརྒྱད་ལྷག་ལ་སྟོབས་འབྱོར་ལྡན་པའི་རྒྱལ་སྲིད་བདེ་བར་བསྐྱངས།  དེ་ནི་བོད་ཀྱི་དེབ་ཐེར་དག་ན་དཔའ་མི་ཉག་གི་རྒྱལ་རབས་ཞེས་ཤར་རྒྱ་ནག་དང་། ལྷོ་འཇང་། ནུབ་བོད། བྱང་ཧོར་གྱིས་བཅད་པའི་བར་འགའ་དང་བྱང་ངོས་རབ་སྟོང་ཚར་སྒང་རྣམས་ཡིན་ཞེས་མངའ་རིས་དང་། སུ་ཧུ་རྒྱལ་པོ་སོགས་མི་ཉག་ཙིན་ཙེ་ཤེས་རབ་ཡེ་ཤེས་ཀྱིས་བརྩམས་པའི་ལྷ་སྒྲུང་དང་འབྲེལ་ལོ་རྒྱུས་དེ་ཀུན་གྱིས་བསྐྱར་བཟློས་ཁོ་ན་བྱས་པར་སྣང་། དེ་ནི་སྐབས་འདིའི་སི་ཧུ་རྒྱལ་པོའི་བྱུང་བ་ཙམ་ཁོ་ན་ཡིན། སོག་པོའི་ལོ་རྒྱུས་མེས་པོའི་ཞལ་ལུང་དུ། མི་ཉག་ནི་མཚོ་སྔོན་དང་། ཟི་ཁྲོན་ནུབ་བྱང་གི་ཕྱོགས་སུ་གནས་ལ། ཐང་རྒྱལ་རབས་སྐབས་སུ་ཧྲའན་ཞི་ནུབ་བྱང་དང་། ཉིང་ཞ་ཕྱོགས་སུ་གནས་སྤར་ཏེ་དར་རྒྱས་སོང་བ་ཡིན་ཞེས་སོ། ། ཏི་ཤྲི་དང་ཙིན་ཙེ་ནི་མི་ཉག་རྒྱལ་པོས་དབུ་བླ་དག་ལ་གནང་བའི་གོ་སའི་མིང་སྟེ། རྒྱལ་པོའི་དབུ་ནས་དབང་སྐུར་བའི་བླ་མ་དང་པོ་ལ་ཏི་ཤྲི་དང་། གཉིས་པ་ལ་ཙིན་ཙེ་ཞུ་བ་ཡིན་ནོ། །
      ད་ནི་ལྷ་སྒྲུང་ལྷ་བུ་མ་ཡིན་པར་ལོ་རྒྱུས་དངོས་དང་འབྲེལ་བའི་དཔའ་བོ་མི་ཉག་གི་ལོ་རྒྱུས་ཅུང་ཟད་འགོད་པར་འདོད་དེ། དེ་ཡང་ཐོག་མར་འབོ་གངས་དཀར་རི་བོའི་མཐའ་འཁོར་དུ་གནས་ཤིང་དུས་རབས་དྲུག་པའི་འགོ་ཙམ་ནས་ཐང་རྒྱལ་རབས་ཀྱི་ཀྲེན་ཀོན་ཁྲི་ལོ་དང་པོ(626)ལྡོང་སྤྱང་མི་ཉག་གི་རིགས་རྒྱུད་ཐོ་པ་ཁྲི་ཙི拓跋赤辞༼༡༽ཞེས་པས་སྣ་ཁྲིད་ནས་ལྡོང་མི་ཉག་གི་ཚོ་པ་མང་པོ་ཞིག་ཐང་ཆེན་པོའི་མངའ་འོག་ཏུ་ཞུགས། ཐང་ཐའེ་ཙུང་གིས་དེ་ལ་རུས་ལི(李)བསྩལ་ཞིང་ས་སེར་སྒང་སོགས་སུ་སྤོ་བཞུད་བྱས་པར步拔子འམ拓跋ཟེར། རིམ་པར་ཟུང་ཆུ་ཕྱོགས་བརྒྱུད་ནས་ས་མཚམས་སྲུང་བ་དང་དམག་འཐབ་ཀྱི་ལས་སྣ་ཚོགས་པས་ཅིང་པེན(靖边)ཕྱོགས་སུ་གནས་སྤར་ནས་སྡོད་དུ་བཅུག། དེ་ནས་ཐང་རྒྱལ་རབས་ཀྱི་མཇུག་ཏུ་ཐོ་པ་སི་ཀུང(ཀླུ་མེས་བཀྲ་ཤིས་ཚེ་དབང་།)拓跋思恭༼༢༽སྤྱ་ཀྲོའུ(夏州)རུ་སྡོད་ནས་ས་མཚམས་བསྲུངས་ཤིང་ཀྲོའུ་ལྔ་ཡི་བདག་པོར་གྱུར།  དེ་ནས་ཁོའི་ཚབ་ཏུ་གཅུང་པོ་སི་ཅན་(རྒྱལ་མཚན་བཟང་པོ)༼༣༽བསྐོས། དེ་འདས་རྗེས་སི་ཀུང་གི་ཚ་བོ་དབྱི་ཁྲང(ཚེ་དབང་རྣམ་རྒྱལ)༼༤༽གིས་སྲིད་བསྐྱངས། དེ་རྗེས་ཁོང་དང་རིགས་རུས་གཅིག་པ་རེན་ཧྥུ(ཚེ་མགོན)༼༥༽ཞེས་པས་བསྐྱངས། དེ་འདས་རྗེས་ཁོའི་བུ་དབྱི་ཁྲའོ༼༦༽ཁོའི་ཚབ་ཏུ་བསྐོས། དེ་རྗེས་ཁོའི་གཅུང་པོ་ལི་དབྱི་ཞིང༼༧༽གིས་བསྐྱངས། ཁོང་བྱས་རྗེས་ཆེ་བས་ཧན་གོང་མས་བློན་ཆེན་སོགས་ཀྱི་གོ་ཐོབ་དང་། གོང་མས་དྲག་དཔོན་ཆེན་མོའི་གོ་ཐོབ་རིམ་པར་བསྩལ། ཁོང་འདས་སྐབས་གོང་མ་ཐེ་ཙུའུ་ཡིས་ཉིན་གསུམ་ལ་ཕོ་བྲང་དུ་སྲིད་སྐྱོང་མཚམས་བཞག་ནས་མྱ་ངན་བྱས། ཚབ་ཏུ་ཁོང་གི་བུ་ཁེ་རུའེ༼༨༽བསྐོས། ཁོས་ཝུའུ་པའོ་མཁར་རྫོང་ཕབ་ནས་རྒྱལ་ཁ་བླངས། གོང་མས་གོ་ཐོབ་བསྩལ། ཐའེ་ཕིང་ཞིང་ཀོ་ཁྲི་ལོ་གསུམ་པར་ཁོང་འདས། ཁོའི་ལི་ཅི་ཅུན(ཀླུ་ལྕེ་ཐར་འབུམ)༼༩༽ཀྱིས་སྲིད་བསྐྱངས། ཁོས་རང་རིགས་དམག་མང་ཁྲིད་ནས་རྨ་ཆུ་བརྒལ་ཞིང་ཐའེ་ཡོན་སོགས་སུ་དམག་དྲངས། གོང་མས་གོ་ཐོབ་བསྩལ། ཐའེ་ཕེང་ཞིང་ཀོ་ཁྲི་ལོ་ལྔ་པར་འདས། ཚབ་ཏུ་ལི་ཅི་ཕེང་(ཀླུ་གཅུང་ཕན་བདེ)༼༡༠༽བསྐོས། འོན་ཀྱང་གཅུང་ཅི་ཆན་དང་ནང་མ་མཐུན་པས་སྐབས་ཤིག་གོང་མས་ཁོང་ལ་རུས་ཀྲོའོ་བསྩལ་ཞིང་མིང་པའོ་ཀྲུང་ཞེས་པར་བརྗེས། གོ་ཐོབ་གནང་སྦྱིན་རྒྱ་ཆེན་གནང་། དཔོན་ཐོབ་དངོས་ཁོའི་གཅུང་ཅི་ཆན་ལ་ཤོར་བའོ། །
      སྐབས་དེར་རྒྱ་ནག་པ་མི་གྲངས་བྱེ་བ་ལྔ་ཡོད་ཅིང་དམག་འབུམ་ཕྲག་ལྔ་དྲུག་ཙམ་ཡོད། ལྡོང་སྤྱང་མི་ཉག་པ་ལ་མི་ལ་ས་ཡ་གཉིས་ལས་མེད་ཀྱང་དམག་སུམ་འབུམ་ཙམ་ཡོད། གོ་མཚོན་ཤིན་ཏུ་བཟང་། ལྕགས་གྲང་བརྡུང་གི་ཁྲབ་གྱོན་པ་སོགས་མཚོན་ཆ་བཟང་། (982)ལོར་ལི་ཅི་ཆན་ནམ་ཐོ་པ་ཅི་ཆན(ཀླུ་འབུམ་བཀྲ་ཤིས)李继均༼༡༡༽གྱིས་སྲིད་བསྐྱངས། ཁོའི་ཕུ་བོ་ལི་ཅི་ཕེང་ཡང་དམག་དཔོན་ཆེན་པོ་ཡིན་ཞིང་ཁོང་གཉིས་འགྲན་རྩོད་ལྟ་བུའི་རང་རིགས་བསྐྱངས། ཞ་ཀྲོའུ་ཤར་རྒྱུད་ཀྱི་ཏི་ཅིན་ཙེ་ཞེས་པའི་སར་རང་སྲིད་བཟུང་ནས་སུང་ལ་ངོ་རྒོལ་བྱས། ཚོ་དཔོན་མང་པོར་ལྷན་འབྲེལ་གྱིས་སྟོབས་ཤུགས་ཆེར་རྒྱས། (985)ལོར་དབྱིན་ཀྲོའུ་མངའ་འོག་ཏུ་བསྡུས། ལིའོ་རྒྱལ་ཁབ་ཀྱིས་ཀོང་ཇོ་བཙུན་མོར་གནང་ཞིང་མི་ཉག་རྒྱལ་ཁབ་ཀྱི་རྒྱལ་པོ་ཞེས་པའི་ཆོ་བསྩལ། (1006)ལོར་ལིང་ཀྲོའུ་ཕབ་སྟེ་དེ་གར་རྒྱལ་ས་བྱས། ཞི་ལེང་ཧྥུའི་བོད་ཀྱི་དཔོན་ཆེན་ལ་འཐབ། མི་ཉག་གི་དཔོན་རབས་བཅུ་གཅིག་པ་འདིའི་སྐུ་རིང་ལ་མི་ཉག་རྒྱལ་ཁབ་བཙུགས་པས་མི་ཉག་གི་རྒྱལ་པོ་དང་པོ་ཡིན་ལ། དགུང་ལོ་ཞེ་གཉིས་པར་འདས་ནས་བང་སོའི་མིང་ལ་ཡུས་ལིང་བང་སོ་རུ་བཏགས་པ་ཡིན་ནོ། །
      རྒྱལ་པོ་གཉིས་པ་ལི་ཏེ་མིང(གཡུང་དྲུང་དགྲ་འདུལ)李德明ངམ་ཨ་དབྱི་ནི། ཐོ་པ་ཅི་ཆན་གྱི་བུ་ཡིན་ཞིང་དགུང་ལོ་ཉེར་གསུམ་པ(1004)ལོར་ཁྲིར་འཁོད། རྒྱལ་ས་ད་ལྟའི་ཡིང་ཁྲོན་དུ་སྤོས་ཤིང་རུས་མིང་ཀྲོའུ་རུ་བསྒྱུར། ལིའོ་དང་སུང་རྒྱལ་ཁབ་གཉིས་ཀྱིས་ཆོ་ལོ་ཐོབ། ཀན་ཀྲོའུ་སོགས་ཀྲོའུ་གསུམ་དབང་དུ་བསྡུས་ཏེ་མི་ཉག་རྒྱལ་ཁབ་ཀྱི་རྨང་ལེགས་པར་བཏིངས་ཤིང་ལོ་ང་གཅིག་པར་འདས། བང་སོའི་མིང་ནི་ཅ་ལིང་བང་སོར་འབོད་དོ། །
      གསུམ་པ་ལི་ཡོན་ཧའོ། 李元昊མིང་གཞན་ནང་ཞའོ། ཝེ་ལི། (སི་ཧུ་རྒྱལ་པོ) (1032)ལོར་མི་ཉག་རྒྱལ་ཁབ་ཀྱིས་གོང་མའི་མིང་ཐོག་མར་བཟུང་། ལི་ཡོན་ཧོ་རང་གིས་མི་ཉག་ཡི་གེ་གསར་དུ་བརྩམས། ཡེ་ལི་རེན་རུང་ལ་ཞིབ་རྒྱས་སུ་གཏོང་དུ་བཅུག་ནས་1036ལོ་ནས་ལོ་དྲུག་ཙམ་གྱི་རིང་ལ་ཡིག་འབྲུ་དྲུག་སྟོང་ལ་ཉེ་བ་བཟོས་པར་ཤོག་དྲིལ་བཅུ་གཉིས་ཙམ་ཡོད། ཡིག་གཟུགས་རྒྱའི་ཡིག་དང་འདྲ་ལ་མི་ཉག་རང་གི་སྐད་གདངས་ཡོངས་རྫོགས་མཚོན་ཐུབ་པར་བྱས། དམག་སྲིད་རིག་གནས་དང་བཅས་པའི་ལམ་ལུགས་ཆ་ཚང་བཙུགས།  སྤྱིར་ལྡོང་སྤྱང་མི་ཉག་ནི་བོད་གདོད་མའི་བོན་གྱི་ཕྱྭ་གཏོ་ལ་དད་པ་བྱེད་མཁན་ཡིན་ནའང་ནང་བསྟན་ལ་དད་བྱས་ཤིང་མཆོད་རྟེ承天塔བཞེངས། དྲག་པོ་དམག་གི་གཡུལ་འགྱེད་མི་ལོ་ཉི་ཤུར་བཤམས་པས་སུ་དང་གང་གིས་འགྲན་མ་བཟོད། མངའ་འོག་ཏུ་རྨ་ཆུའི་ཕྱི་ནང་གི་ཀྲོའུ་དང་ཅུན་ཉེར་གཉིས་ཙམ་ཡོད་པར་གྱུར། སུང་ལ་ཐེངས་དུ་མར་གཡུལ་བཀྱེ་པ་དང་ལིའོ་རྒྱལ་ཁབ་དང་མཐུན་ལམ་བསྐྱངས། རྒྱལ་སྲིད་ལོ་བཅུ་བདུན་ལ་བསྐྱངས། ལི་ཡན་ཧའོ་དགུང་ལོ་ཞེ་དྲུག་པ་(1048)ལོར་འདས། བང་སོའི་མིང་ལ་ཐའེ་ལིང་བང་སོ་ཟེར་རོ། །
      བཞི་པ་ལི་ལེང་ཙོའམ李谅祚ཉིང་ལང་ཀེ་ནི། ཡན་ཧའོ་ཡི་སྲས་ཡིན་ཞིང་དགུང་ལོ་གཅིག་པ(1048)ལོར་རྒྱལ་ཁྲིར་འཁོད། ནང་ཁུལ་གྱི་དབང་ཤུགས་ཆེ་བ་རྣམས་ཚར་བཅད། གུས་ལུགས་དང་དམག་གི་ལམ་ལུགས་བསྒྱུར། མི་ཉག་རྒྱལ་ཡུམ་དང་ལི་ལེང་ཙོ་ནི་ནང་ཆོས་ལ་ཤིན་ཏུ་དད།  རྒྱ་དང་བོད་ཀྱི་དགེ་འདུན་པ་འགའ་བཀུར་ནང་པའི་དགོན་པ承天寺དང་མཆོད་རྟེན་སོགས་བཞེངས་ཤིང་གསུང་རབ་བཀའ་བསྟན་མང་པོ་བསྒྱུར། སུང་དང་ཐེངས་དུ་མར་གཡུལ་བཀྱེ། རྒྱལ་སྲིད་མི་ལོ་ཉི་ཤུར་བསྐྱངས་ཤིང་ལོ་ན་ཉེར་གཅིག་པར་འདས། བང་སོ་མིང་ནི་ཨན་ལིང་དུ་འབོད་དོ། །
      ལྔ་པ་ལི་པིང་ཁྲང་ནི། ལི་ལེང་ཙོའི་སྲས་ཡིན་ཞིང་དགོང་ལོ་བདུན་པར(1067)ཁྲིར་འཁོད།  སྲིད་ཀྱི་དབང་ཆ་རྒྱལ་ཡུམ་དང་ཞིང་པོ་ལིའང་དབྱི་མའེ་ཡིས་བཟུང་། ནའོ་ཨོ་མཁར་སོགས་མཁར་རྫོང་འགའ་བརྩིགས། གུས་སྲོལ་སླར་གསོ་བྱས། སུང་གི་མཐའ་མཚམས་སུ་དམག་འཐབ་ཐེངས་འགའ་བྱས་དགུང་ལོ་ཉེར་དྲུག་པར་འདས། བང་སོའི་མིང་ནི་ཞན་ལིང་བང་སོའོ། །
      དྲུག་པ་ལི་ཆན་ཧྲུ李乾顺ནི། ལི་པིང་ཁྲང་གི་སྲས་ཡིན་ཞིང་དགུང་ལོ་གསུམ་པ་(1086)ལོར་སྲིད་ཁྲིར་འཁོད། ཆུང་དུས་དབང་ཆ་རྒྱལ་ཡུམ་ལིའང་དང་ཞང་པོས་བཟུང་། ། སུའེ་ཏེ་དང་ཝང་རྨིན། ཀྲེན་རོང་། རེན་ཏོ་ཆོན། ཐུང་ཨན་མཁར། ཐེན་ཏེ། ཧྥུའུ་ཀྲོའུ་སོགས་དམག་འཁྲུག་དྲག་པོ་ཐེངས་མང་བྱས། ཅིན་རྒྱལ་ཁབ་དང་གཡུལ་འཁྲུག་འགའ་བྱུང་། སུང་དང་དམག་འདྲེན་མཚམས་བཞག་པ་དང་རྒྱལ་རྒྱུད་རྣམས་ལ་གོ་ཐོབ་དང་ཆོ་ལོ་བསྩལ་ནས་སྲིད་དབང་བརྟན་ཐབས་གནང་།   དེ་ནས་རིམ་པར་ཀརྨ་དུས་གསུམ་མཁྱེན་པས་སྤྲུལ་པས་རྗེས་སུ་བཟུང་བ་གཙང་སོ་བ་དང་། འགྲོ་མགོན་ཏི་ཤྲི་རས་པ། དཔལ་ཤྲི་ཕུག་པ་སོགས་བོད་ཀྱི་བླ་ཆེན་མང་པོ་གདན་འདྲེན་བྱས་ནས་ནང་བསྟན་དར་རྒྱས་བྱུང་བར་སྣང་། ལོ་ན་ང་བདུན་པར་འདས། བང་སོའི་མིང་ལ་ཞན་ལིང་བང་སོར་བཏགས་པའོ། །
      བདུན་པ་ལི་རེན་ཞའོ李仁孝ནི། ལི་ཆན་ཧྲུན་གྱི་བུ་ཆེ་བ་ཡིན་ཞིང་དགུང་ལོ་བཅུ་དྲུག་(1139)པར་ཁྲིར་བསྡད་ནས་མངའ་རིས་ཀྱི་རྒྱ་ཆེར་བསྐྱེད། མི་ཉག་རྒྱལ་གཞུང་སློབ་གྲྭ་སོགས་བཙུགས་ནས་རིག་གནས་དར་སྤེལ་བྱས།  ཡིག་ཚད་བཏང་ནས་དཔོན་གནས་བསྐོ་བའི་སྲོལ་བཙུགས། གུས་ལུགས་དང་ཁྲིམས་ལུགས་གསར་པ་བཟོས། དགུང་ལོ་བདུན་ཅུ་པར་འདས། བང་སོའི་མིང་ལ་ཧྲོའུ་ལིང་བང་སོ་ཟེར་རོ། །
      བརྒྱད་པ་ལི་ཁྲུན་ཡིའུ李纯佑ནི། ལི་རེན་ཞའོ་ཡི་བུ་ཆེ་བ་ཡིན་ལ་ལོ་ན་བཅུ་བདུན་པར(1193)ཁྲིར་འཁོད། དགུང་ལོ་སུམ་ཅུ་པར་འདས། བང་སོའི་མིང་ལ་ཀྲོང་ལང་བང་སོ་ཟེར་རོ། །
      བརྒྱད་པ་ལི་ཨན་ཆོན་(དབང་ཆེན་དར་ལུ)李安全 ལི་རེན་ཞའོ་ཡི་གཅུང་པོའི་སྲས།  (1206)བཙུན་མོ་ལོ་དང་ལག་སྦྲེལ་གྱིས་ལི་ཁྲུན་ཡིའུ་སྲིད་ཁྲི་ལས་ཕབ། ཅིན་རྒྱལ་ཁབ་དང་རྒྱབ་འགལ་གྱིས་མོང་གོལ་ལ་རྒྱབ་བརྟེན། ལོ་ངོ་བཅུ་ལྷག་གི་རིང་ལ་ཅིན་རྒྱལ་ཁབ་དང་དམག་བརྒྱབ། ལོ་ཞེ་གཉིས་པར་འདས། བང་སོའི་མིང་ལ་ཁང་ལིང་བང་སོ་ཟེར་བ་ཡིན་ནོ། །
      དགུ་བ་ལི་ཙུན་ཞུས李遵顼།  རྒྱལ་རྒྱུད་ལི་ཡན་ཙུང་གི་སྲས། (1211)དགུང་ལོ་ཞེ་དགུ་པར་རྒྱལ་སྲིད་བརྩད་དེ་གོང་མའི་ཁྲི་ལ་དབང་བར་གྱུར། ཅིན་སོགས་ལ་དམག་འཐབ་ཡུན་རིང་བྱས། གོང་མ་ཞང་ངམ་ལི་ཨན་ཆོན་གྱི་སྲིད་ཅུས་ཀྱི་རྒྱུན་བསྐྱངས་ཤིང་མ་འདས་པར་རང་གི་བུ་ལི་ཏེ་ཝང་ལ་སྐྱོང་དུ་བཅུ་ནས་དགུང་ལོ་རེ་བཞི་པར་འདས་སོ། །
      བཅུ་པ་ལི་ཏེ་ཝང་།李徳旺(སྤྱང་ཤོ་ཧོ)ལི་ཙུན་ཞུས་ཀྱི་སྲས། (1223)ལོར་ཁྲིར་འཁོད་ཅིང་ཅིན་རྒྱལ་ཁབ་དང་མཐུན་ལམ་སོར་ཆུད་ཀྱིས་མང་གོལ་དང་འཐབ། འགྲོ་མགོན་ཏི་ཤྲི་རས་པའི་ཞལ་ནས། མི་ཉག་ཆོས་ཀྱི་རྒྱལ་པོ་ཡིན་པས་སངས་རྒྱས་ཀྱི་བསྟན་པ་གནས་ཕྱིར། ང་ནི་བན་དེ་ཐམས་ཅད་དང་རྒྱལ་པོའི་སློབ་དཔོན་ཡིན་པས། རྒྱལ་ཁམས་སྲུང་བའི་ཆེད་དུ་སྡིག་པ་ཆེ་ཡང་དེ་དག་གི་ཆེད་དུ་ཕྲིན་ལས་ཁམས་པོ་ཆེ་བྱས་པ་ཡིན། འོ་ན་ད་སྐབས་ཧོར་གྱི་དམག་མི་བཟློག་པ་ཅི་ཡིན་སྙམ་ན། མི་ཉག་རྒྱལ་རབས་གསུམ་པ་༼སི་ཧུ༽ནས་ཧོར་གྱི་རྒྱལ་ཁམས་མང་པོ་བརླགས་པས་ལན་ཆགས་པ་དང་། བསོད་ནམས་ཀྱི་ཚོགས་ལའང་ཁྱད་པར་འདུག །ཧོར་འདི་མུ་སྟེགས་པའི་ཆ་འཛིན་ཡིན་པས་ནང་བསྟན་ལའང་གནོད་པ་ཡིན། སེམས་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པར་འགོག་ཐབས་མི་འདུག་གསུངས། ཕྱིས་སུ་མོང་གོལ་གྱི་དཔུང་སྟོབས་བཙན་པོ་མ་བཟོད་པར་མགོ་བཏགས། ལོ་ཞེ་དྲུག་པར་འདས་སོ། །
      བཅུ་གཅིག་པ་ལི་ཞན李宪ནི། ལི་ཏེ་ཝང་གི་ཚ་བོ། (1226)ལོར་སྲིད་ཁྲིར་འཁོད། ཁྲི་ལོ་གཉིས་པ་སྟེ་མེ་ཕག་ལོའི(1227)སྟོན་ཁར་ཡོན་རྒྱལ་ཁབ་ཆེན་པོས་མངའ་འོག་ཏུ་བསྡུས་པས་མི་ཉག་རྒྱལ་ཁབ་ནུབ་པར་གྱུར་བའོ། །
      སྤྱིར་མི་ཉག་གི་ཐོ་པ་ཁྲི་ཚི་གོང་མ་ཐང་ལ་མགོ་བཏགས་ནས་མི་ལོ་སུམ་བརྒྱ་ལྷག་སོང་ནས་གཟོད་མི་ཉག་རྒྱལ་ཁབ་ཆེན་མོ་དངོས་སུ་བཙུགས། རྒྱལ་ཁབ་དེ་མི་ལོ་ཉིས་བརྒྱ་ལྔ་བཅུ་ང་བརྒྱད་དུ་གནས་པ་ལགས། འོ་ན་བོད་རྣམས་ཀྱིས་ཐོ་བྲག་དང་ཏང་ཞང་གི་རིགས་རྣམས་ཀྱིས་བཙུགས་པའི་ཞིས་ཤ་རྒྱལ་ཁབ་ལ་ཅིས་ཕྱིར་མི་ཉག་རྒྱལ་ཁབ་ཅེས་འབོད་སྙམ་ན། མི་དེ་དག་གི་རིགས་ཀྱི་མཆེད་ཁུངས་ཐོག་མ་མི་ཉག་ར་བ་སྒང་ཡིན་པ་དང་། རྒྱའི་ལོ་རྒྱུས་དག་ན་མི་ཉག་ནི་ནུབ་ཆང་གི་རིགས་ཡིན་པར་བཤད་ཅིང་ཐང་ཡིག་གསར་རྙིང་དག་ན་བོད་པ་ཡང་ནུབ་ཆང་གི་རིགས་ཡིན་པར་བཤད། རིགས་རྒྱུད་ལྡོང་སྤྱང་མི་ཉག་པ་ཡིན་པས་སོ། །གཞན་ཡང་འགའ་ཞིག་གིས་རྒྱལ་རྒྱུད་ཁམས་མི་ཉག་དར་རྩེ་མདོར་སླེབ་ནས་ལྕགས་ལ་རྒྱལ་པོ་བྱུང་བར་བཤད་ཀྱང་དེ་སྐོར་གྱི་ཁུངས་ལྡན་ཡིག་ཆ་བདག་གིས་མ་མཐོང་སྐབས་ཤིག་བཞག་ལ། ལྕགས་ལའི་རྒྱལ་རབས་ནི་མི་ཉག་ཐུབ་བསྟན་ཆོས་དར་གྱིས་བརྩམས་གནང་ཡོད་ལ། སྔར་བཙན་པོའི་དུས་ནས་བཟུང་ཁམས་མི་ཉག་རབ་སྒང་གི་ཡུལ་དུ་རྒྱལ་ཕྲན་མི་འདྲ་འགའ་དང་མི་ཉག་མཁས་པ་མི་དྲུག་དང་རབ་སྒང་གི་གྲུབ་ཐོབ་རྣམ་གསུམ་སོགས་བྱོན་ནས་ཆོས་དང་སྲིད་ཀྱི་ལེགས་ཚོགས་མུ་མཐར་གནས་པ་ལགས་སོ། ། དེ་ལྟར་རྒྱ་བོད་སོག་གསུམ་གྱི་ཡིག་ཆ་འགྲོ་བ་མིས་དངོས་སྣང་དུ་གྱུར་བ་རྒྱ་མཚོ་ལྟ་བུ་ལས་ཟིལ་བ་ཕྲ་མོ་ཙམ་ཞིག་བླངས་ནས་ཕྱོགས་གཅིག་ཏུ་བཏུས་ནས་དག་པར་རིགས་ལ་ཞེན་པ་ཆེ་བའི་མི་བུ་ཛྙཱ་ནའི་མིང་གིས་བཀོད་པའོ། །
    ཕྱོགས་འཛིན་གྱོང་པོའི་འཕྲུལ་ཞགས་རིང་མོ་ཡིས། །
    ཀུན་ནས་བསྡམས་པའི་ལོ་རྒྱུས་འཛིང་པའི་ཁུར། །
    གསེད་པའི་རྣམ་དཔྱོད་རབ་ཏུ་རྟུལ་ན་ཡང་། །
    ཁུངས་ལྡན་ཡིག་ཆ་ལྕགས་ཀྱི་སྦར་མོས་བཀྲོལ། །
    འཛམ་གླིང་ཤར་གྱི་དབྱིག་འཛིན་སྒེག་མོའི་ལྟོར། །
    ལྷ་རིགས་ལྡོང་གི་བྱུང་བ་སྙན་པའི་གར། །
    ཡུན་རིང་སྦྲུམ་པའི་འཛུམ་ཆུང་གསར་བ་ཞིག ། 
    རིགས་མཐུན་བློ་ལྡན་དགའ་བའི་གྲོགས་སུ་ཕུལ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...