སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དཔལ་ཕག་མོ་གྲུ་པའི་སྲིད་དབང་བྱུང་ཚུལ།
རྩོམ་པ་པོ། རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ། admin དུས་ཚོད། 2009-5-11 10:27:03 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
  བོད་ཀྱི་ལོ་རྒྱུས་སྟེང་དཔལ་ཕག་མོ་གྲུ་པ་ཞེས་ཡོངས་སུ་གྲགས་པའི་ཕག་གྲུ་བྱ་བའི་མིང་འདི་མ་གཞིར་ད་ལྟའི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁོངས་ཀྱི་ས་མིང་ཞིག་ཡིན་ལ།  དེ་ཡང་བཀའ་བརྒྱུད་བསྟན་པའི་མངའ་བདག་མཉམ་མེད་རྡོ་རྗེ་རྒྱལ་པོས་རབ་བྱུང་གསུམ་པའི་ས་སྟག་སྤྱི་ལོ༡༡༥༨ལ་གནས་དེར་ཆོས་གཞི་བཟུང་སྟེ་གདན་ས་ཐེལ་དགོན་པ་བཏབ་པས་ཕག་མོ་གྲུ་པར་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་བྱུང་བ་ལ་ཕག་གྲུ་བཀའ་བརྒྱུད་ཅེས་གྲགས་ཤིང་།  རྡོ་རྗེ་རྒྱལ་པོ་ཁོང་དང་གདན་སའམ་ཆོས་བརྒྱུད་བཅས་ཀྱི་མིང་ཕག་མོ་གྲུ་པ་ཞེས་མཚན་ཐོག་མར་ཆགས།  རབ་བྱུང་བཞི་པའི་ས་འབྲུག་སྤྱི་ལོ༡༢༠༨ལ་རླངས་ཀྱི་གདུང་རྒྱུད་སྤྱན་སྔ་གྲགས་པ་འབྱུང་གནས་ཐེལ་གྱི་དགོན་པ་ཕག་གྲུའི་གདན་སར་ཕེབས་ཤིང་།  དེ་ནས་བཟུང་ཕག་གྲུའི་གདན་ས་རླངས་ཀྱི་གདུང་རྒྱུད་རིམ་བྱོན་གྱིས་བསྐྱངས་པས་དེ་ལའང་ཕག་གྲུ་ཞེས་འབོད།  ཡང་ས་སྐྱ་པའི་དུས་སུ་བོད་ཡུལ་བྱིངས་ཁྲི་སྐོར་བཅུ་གསུམ་དུ་བགོ་སྐབས་ཕག་མོ་གྲུ་པ་ཡང་ཁྲི་སྐོར་གཅིག་བྱས་པས་ཕག་གྲུ་ཁྲི་སྐོར་དང་།  དེ་རྗེས་རབ་བྱུང་དྲུག་པའི་ཤིང་རྟ་སྤྱི་ལོ༡༣༥༤ལ་ཏྰ་སི་ཏུ་བྱུང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་ལག་ནས་བོད་ཡོངས་ཀྱི་སྲིད་དབང་བླངས་ནས་སྣེ་གདོང་དུ་ཕག་གྲུའི་སྲིད་དབང་བཙུགས་ཏེ་ཁ་བའི་ལྗོངས་ཡོངས་ལ་དབང་སྒྱུར་བྱས་པས་དེ་ལ་ཡང་ཕག་གྲུའི་སྲིད་དབང་ཞེས་བརྗོད་པ་སོགས་ཏེ།  མདོར་ན་བོད་ཀྱི་ལོ་རྒྱུས་སྟེང་གི་ཕག་མོ་གྲུ་པ་ཞེས་པའི་མིང་འདི་ཐོག་མར་ཡུལ་མིང་ནས་དགོན་མིང་དང་རིམ་གྱིས་གྲུབ་མཐའ་དང་ཆོས་ལུགས་མི་སྣ།  གདན་སའི་ཁྲི་རབས་དང་ཐ་སྙད་གལ་ཆེན་ཞིག་ཡིན་སྟབས།  དེ་དག་སྐབས་སོ་སོར་གོ་བ་ལེན་ཤེས་དགོས་པས་འདིར་མཚོན་ཙམ་བཀོད་པ་ཡིན་ལ།  དེས་ན་ཕག་གྲུ་བྱ་བའི་མིང་འདིའི་སྒྲ་བཤད་ལཕག་ནི་སྐྱེ་མེད་ཆོས་ཀྱི་སྐུ།།  གྲུ་ནི་འགྲོ་བ་མ་ལུས་སྒྲོལ།།ཅེས་ཆོས་ཕྱོགས་ཀྱི་འགྲེལ་བཤད་རྒྱག་སྲོལ་ཡང་ཡོད་པར་གསུངས་སོ།།
  དེ་ལྟར་སྔར་སྨྲས་པ་བཞིན་ས་སྐྱའི་ཆབ་འོག་གི་ཁྲི་སྐོར་ནང་ནས་འབྲི་གུང་པ་དང་ཚལ་པ་ཕག་མོ་གྲུ་པ་བཅས་ནི་སྟོབས་ཤུགས་ཆེ་ཤོས་དང་ཞབས་གྲས་ནང་མ་ལྟ་བུར་ཡོད་ཀྱང་།  རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ༡༣༤༩ཙམ་ལ་བོད་ཀྱི་ལོ་རྒྱུས་སྟེང་ལོ་ངོ་བརྒྱ་ཕྲག་ལྷག་ལ་དབང་སྒྱུར་བྱས་ཤིང་གྲགས་སྙན་འཛིན་མའི་ཁྱོན་དུ་འབར་བའི་འཁོན་རིགས་ས་སྐྱ་པའི་སྲིད་དབང་ནང་ཁུལ་དུ་འཁྲུག་རྩོད་བྱུང་སྟེ་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་དང་བསྟུན།  བོད་དབུས་ལྷོ་ཁ་ཕྱོགས་ནས་ལྷ་རིགས་རླངས་ཀྱི་གདུང་རྒྱུད་གསར་དར་བྱུང་སྟེ་ཕག་གྲུའི་ཁྲི་སྐོར་གྱི་སྟོབས་ཤུགས་རྒྱ་བསྐྱེད་ཐོག་རིམ་གྱིས་གཡའ་བཟང་པ་དང་ཚལ་པ་འབྲི་གུང་པ་སོགས་སྐོར་གཞན་དག་རྣམས་ཀྱང་རང་གི་དབང་འོག་ཏུ་བསྡུས་ཏེ།  མཐར་བོད་ཡོངས་ཀྱི་སྲིད་དབང་དཔལ་ལྡན་ས་སྐྱ་པའི་ལག་ནས་བླངས་ཏེ་ལྗོངས་ཆེན་པོར་སྲིད་ཀྱི་ཁ་ལོ་བསྒྱུར།  འདིར་ཐོག་མར་རླངས་ཀྱི་གདུང་རྒྱུད་དང་ཕག་གྲུའི་སྲིད་དབང་བྱུང་ཚུལ་སྐོར་བཅས་མདོ་ཙམ་གླེང་བར་བྱ་སྟེ།
  ༡.རླངས་ཀྱི་གདུང་རྒྱུད་བྱུང་ཚུལ་སྐོར།
  ལྷ་རིགས་རླངས་ཀྱི་གདུང་རྒྱུད་ཇི་ལྟར་བྱུང་བའི་ཚུལ་ལརླངས་ཀྱི་པོ་ཏི་བསེ་རུ་རྒྱས་པལས།  འབངས་ཀྱི་མི་རབས་ལ་འབྱུང་བ་རྣམ་པ་ལྔའི་སྙིང་པོ་ལས།  སྒོ་ང་ཆེན་པོ་གཅིག་ཡོང་བ།  ཕྱིའི་སྒོང་ཤུན་ལ།  ལྷ་བྲག་དཀར་པོ་ཆགས།  ནང་གི་སྒོང་ཆུ་ལ།  དུང་མཚོ་དཀར་མོར་འཁྱིལ།  བར་གྱི་སྒོ་ངའི་དར་ཆ་ལ།  རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ།ཞེས་ཐོག་མར་མིའི་འགྲོ་བ་བྱུང་ཚུལ་ནས་སྲིད་པ་མི་རབས་མཆེད་དགུ་དང་ལྡོང་རུས་ཆེན་བཅོ་བརྒྱད་ནས་བརྒྱུད་པའི་མི་རབས་མང་ཙམ་སོང་བ་ན།  རྒྱལ་བུ་མང་ལྡོམ་སྟག་བཙན་བྱ་བ་བྱོན།  དེས་ཁྱིམ་ཐབ་མ་འདོད་བཞིན་དུ་ཡབ་ཀྱི་བཀའ་ལྟར་མི་བརྒྱུད་སྤེལ་ཐབས་སུ་རོང་བཟའ་ཁྱེ་ལྕམ་བྱ་བ་ཁབ་ཏུ་བཞེས་ཀྱང་སྲས་མ་ཡོད་པར་ཡིད་མ་བདེ་ནས་ལྷ་ཡུལ་དུ་བྱོན་ནས་གནམ་ལྷ་མཆེད་བརྒྱད་ལ་གསོལ་བ་བཏབ་པས་ལྷའི་སྲས་དང་མི་རྒྱུད་ཟམ་མི་ཆད་པར་འབྱུང་བ་ལུང་བསྟན་པ་ལྟར།  མང་ལྡོམ་སྟག་བཙན་ལྷའི་བུ་མོ་སྨན་བཙུན་མ་དང་བཤོས་པ་ལ་སྤྲུལ་པའི་བུ་ལྷའི་སྲས་པོ་འདྲ་བ་ཞིག་འཁྲུངས།  དེར་མང་ལྡོམ་ཡིད་མ་ཆེས་པ་ལ་སྨན་བཙུན་མས་དོགས་པ་སེལ་ཆེད་སྲས་བུ་དེ་ལྷ་རིའི་རྩེར་ཁྱེར་ནས་གཡའ་མའི་སྒྲོམ་བུར་བཅུག་ནསམང་ལྡོམ་སྟག་སྲས་ཡིན་ན།།  མི་རྒྱུད་ལྷ་ལས་གྲོལ་བར་ཤོག །  རིགས་རྒྱུད་ཁྱད་དུ་འཕགས་པར་ཤོག །  མགོ་གཡོགས་རྩོག་པུའི་བུ་ཡིན་ན།།  འདབ་ཆགས་བྱ་ཡིས་བཏོག་པར་ཤོག །  གཅན་གཟན་རྣམས་ཀྱིས་ཟ་བར་ཤོག ། ཅེས་དམོད་བོར་ནས་བུ་བསྐྱུར་ཏེ་རང་ཉིད་ལྷ་ཡུལ་དུ་ལོག་པར་འདོད་པ་ལ་མིའི་དྲི་མ་ཕོག་པས་འགྲོ་མ་ནུས་པར་ཚུར་བྱོན་པ་ན་མང་ལྡོམ་གྱིས་རྒྱུ་མཚན་ཤེས་ནས་དེ་མ་ཐག་ཡ

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...