སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རིན་སྤུངས་པ་དང་གཙང་པ་སྡེ་སྲིད་ཀྱི་སྐོར་བཤད་པ།
རྩོམ་པ་པོ། རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ། བསོད་ནམས་རྡོ་རྗེ། དུས་ཚོད། 2009-5-22 10:11:43 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
༡.རིན་སྤུངས་པའི་ལོ་རྒྱུས་སྐོར་བཤད་པ།
  དེ་ཡང་བོད་ཀྱི་ལོ་རྒྱུས་སྟེང་སྡེ་པ་རིན་སྤུངས་པ་ཞེས་དབུས་གཙང་ཕྱོགས་ཀྱི་ཆོས་སྲིད་ལུགས་གཉིས་ལ་ལོ་ངོ་དུ་མར་ཁ་ལོ་སྒྱུར་མཁན་གྱི་རྒྱལ་པོའམ་སྡེ་སྲིད་མི་རབས་འགའ་བྱུང་བ་ཡིན་ཏེ།  དེའི་གདུང་རྒྱུད་བྱུང་ཚུལ་སྐོར་ཡར་ལུང་ཨ་འབུམ་གྱིས་བཀོད་པའིརིན་སྤུངས་གདུང་རབསསོགས་ལོ་རྒྱུས་ཡིག་ཆ་ལྟར་ན།  སྔོན་སྤུ་རྒྱལ་བོད་ཀྱི་རྗེ་བོ་ཤ་ཁྲི་བཙན་པོའི་སྐབས་བློན་མ་སངས་ལ་ཁ་བྱ་བར་ཁྱེའུ་མཚན་དང་ལྡན་པ་ཞིག་བྱུང་བ་སྒེར་དཔལ་ལེགས་འོད་ཅེས་རུས་སྒེར་ཞེས་ཐོགས་པའི་སྐྱེས་བུ་བྱུང་བ་ལས།  དེའི་གདུང་རྒྱུད་ལ་ནང་སྒེ་རང་ཕྱི་སྒེར་གྲུབ་ཐོབ་ཀྱི་སྒེར་ཞེས་གསུམ་དུ་དབྱེ་བ་ལས་མཆེད་པ་རིམ་བཞིན་མི་རབས་ཉེར་ལྔ་ཙམ་སོང་བ་ན་ནང་སྒེར་རལ་བ་འཛིན་བྱ་བ་བྱུང་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་མཛད།  དེས་གྲུ་གུའི་ཡུལ་ནས་རིན་པོ་ཆེའི་གཡུ་ཟོང་དྲངས་ཤིང་གདོན་མ་རུངས་པ་རིག་སྔགས་ཀྱིས་བཏུལ་བ་སོགས་བྱས་པས་ནུས་མཐུ་ཆེ་བར་གྲགས་པ་དང༌། ལྷོ་ཁའི་ཁྲ་འབྲུག་ལྷ་ཁང་བཞེངས་པའི་འགན་གཙོ་བཞེས་མཁན་ཡིན་པར་བཤད།  དེའི་གདུང་རྒྱུད་ལས་བློ་གྲོས་གྱི་རྩལ་དང་ལྡན་པ་ཟླ་བ་རྒྱལ་མཚན་བྱ་བ་བྱོན་ཏེ་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་མཛད་པ་དང༌།  དེ་ལས་མི་རབས་ཉི་ཤུ་ཙམ་སོང་མཐར་སྒེར་ཤཱཀྱ་འབུམ་གྱི་སྲས་སྒེར་ནམ་མཁའ་རྒྱལ་མཚན་བྱ་བས་ཕག་གྲུའི་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ཏེ་སྣེ་གདོང་གི་བློན་པོའི་གཙོ་གྲས་སུ་གྱུར་ཅིང༌།  རབ་བྱུང་བདུན་པའི་ས་བྱི་སྤྱི་ལོ༡༤༠༨ལ་ཁོང་ཕག་གྲུའི་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱིས་རིན་སྤུངས་རྫོང་དཔོན་དང་གཙང་ཆུ་མིག་རིང་མོའི་ཁྲི་དཔོན། ས་སྐྱའི་ལྟ་ཁང་ཆེན་མོའི་དཔོན་གཉེར་བཅས་རིམ་པར་བསྐོ་བཞག་གནང་ཐོག  ཕག་གྲུའི་སྡེ་སྲིད་ཀྱིས་རིན་སྤུངས་རྫོང་དཔོན་སྒེར་ནམ་མཁའ་རྒྱལ་མཚན་མི་རྒྱུད་ལ་འཇགས་དབང་ཐོབ་པའི་ཤེལ་དམ་སྤྲད་པ་ནས་བཟུང་སྒེར་གདུང་རྒྱུད་རིམ་བྱོན་ལ་རིན་སྤུངས་པ་ཞེས་མིང་ཐོགས་པར་གྱུར། རིན་སྤུངས་ནི་ས་མིང་སྟེ་སྔར་བོད་རྫོང་ཆེན་བཅུ་གསུམ་གྱི་ནང་ཚན་ཏེ་ཡར་ཀླུང་གཙང་པོའི་རྐེད་རྒྱུད་དུ་ཡོད་ཅིང་དེང་གི་རིན་སྤུངས་རྫོང་གི་ཡུལ་ཁུལ་འདི་ཡིན།  ཡུལ་དེར་སྔར་བྱམས་ཆེན་ལྷ་ཁང་ཆེན་མོ་ཞིག་བཞེངས་པ་ལ་རོང་བྱམས་ཆེན་ཞེས་ཀྱང་འབོད་པས་ཡུལ་མིང་ལ་རོང་ཞེས་པའི་མིང་ཡང་ཡོད་པར་སྣང་ངོ༌།།
  ཡང་གོང་གི་རིན་སྤུངས་པའི་མི་རྒྱུད་བྱུང་ཚུལ་ཐད་ལ་བོད་བཙན་པོའི་དུས་སྐབས་ནས་རྒྱལ་བློན་དག་གི་གདུང་རྒྱུད་ཡིན་ཚུལ་སོགས་བཀོད་པ་ནི་བཀས་བཀོད་རྒྱུད་འཛིན་དུས་སྐབས་རང་ཆེ་རང་མཐོའི་བསམ་འདུན་ལས་བྱུང་བ་ཡིན་པ་གདོན་མི་ཟ་ཡང་རུས་རྒྱུད་ནི་བོད་ཀྱི་རུས་སྒེར་ཞེས་པ་ལས་མཆེད་པ་ཡིན་སྲིད་དོ།།
   དེ་ནས་ཕག་གྲུའི་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱི་གཅུང་ཆེ་སངས་རྒྱས་རྒྱལ་མཚན་གྱིས་རིན་སྤུངས་པའི་ལྕམ་མོ་ཀུན་དགའ་དཔལ་འཛོམས་བྱ་བ་ཁབ་ཏུ་བཞེས་པ་ལས་དབང་གྲགས་པ་འབྱུང་གནས་འཁྲུངས་པ་སོགས་ཀྱིས་རླངས་ཕག་མོ་གྲུ་པ་དང་སྒེར་རིན་སྤུངས་པ་གཉིས་གྱི་གདུང་རྒྱུད་ཆུ་བོ་མཉམ་བསྲེས་ཀྱི་མགོ་ཚུགས་ཤིང༌།  རིན་སྤུངས་པ་ཕག་གྲུའི་གདུང་རྒྱུད་རྣམས་དབོན་ཞང་དུ་འབྲེལ་བའི་ཁྱད་དབང་ལ་བརྟེན་ཆབ་སྲིད་ཀྱི་ནང་ལ་མཐོང་གཟོས་ཆེ་བ་བྱུང་བས་རིན་སྤུངས་པའི་དབང་སྟོབས་སྔར་ལས་ལྷག་པའི་ཇེ་ཆེར་འགྲོ་བའི་རྨང་གཞི་བརྟན་པོ་རང་བཞིན་གྱིས་གྲུབ་པར་གྱུར།  ཕག་གྲུའི་ནང་བློན་སྒེར་ནམ་མཁའ་རྒྱལ་མཚན་ལ་སྲས་ནམ་མཁའ་རྒྱལ་པོ་བྱ་བ་བྱོན། དེ་སྐུ་ན་ཆུང་དུས་ནས་བཟུང་ཆོས་སྲིད་ལུགས་གཉིས་དང་རིག་གནས་ཀུན་ལ་མཁྱེན་རྒྱ་ཆེ་བ་ཞིག་བྱུང་ལ་དབང་གྲགས་པ་རྒྱལ་མཚན་དང་གྲགས་པ་འབྱུང་གནས་ཁུ་དབོན་གཉིས་ཀྱི་སྐབས་སུ་ཞབས་འབྲིང་ནང་མའི་གྲས་སུ་ཞུགས། དེ་ལ་སྲས་ནོར་བུ་བཟང་པོ་བྱུང་ལ་དེས་ཀྱང་གོང་མ་གྲགས་པ་འབྱུང་གནས་ཀྱི་ཞབས་ལ་གཏུགས་ཤིང༌། ཡབ་མེས་གྱི་དུས་ལྟར་རྫོང་སྡོད་དང་ཁྲི་དཔོན་བཅས་ཀྱི་ལས་ཀ་བླངས།  ནོར་བུ་བཟང་པོའི་ལོ་རྒྱུས་ནང་དུ་ཁོས་ཐོག་མར་ཤངས་འབྲོང་པོ་སྒང་པ་དང་དཔོན་གཡོག་མཛད་ཅིང་སྟག་གླིང་སྐྱུར་གསུམ་བྱ་བའི་རྣམ་གླིང་ཕྱོགས་ཀྱི་རྫོང་ཆུང་ཁ་ཤས་བཏུལ་ནས་ཤངས་ལུང་པ་ཁ་ཚང་ཞབས་སུ་བཅུག་ཐོག  སྔར་གཞིས་ཀ་བསམ་གྲུབ་རྩེའི་རྫོང་དཔོན་འཕྱོང་རྒྱས་སྟག་རྩེ་བ་ཡིན་པ་ལ་ཤངས་རོང་གི་དམག་དང་བཅས་གཞིས་རྩེ་བླངས་ཏེ་འཕྱོང་རྒྱས་པ་རང་ཡུལ་དུ་བརྫངས་ཤིང་གཙང་རོང་ཤངས་གསུམ་ལྷག་མེད་དུ་སྐྱོང་བར་གནང་ཞེས་ཟེར།  དེ་ནས་རོང་རིན་སྤུངས་ཀྱི་བྱམས་ཆེན་ཆོས་སྡེ་དང་གཙུག་ལག་ཁང་ཆེན་པོ་བཞེངས་ཤིང༌།  རྫོང་དཀར་དུ་སྐྱེད་མོས་ཚལ་དང་དྲུང་ཏོག་ལྷ་ཁང་གི་གཡས་སུ་གཞིས་ཀ་ནོར་བུ་གླིང་བཅས་གསར་བསྐྲུན་དང་ཆོས་སྡེ་ཡར་མར་གྱི་དགེ་འདུན་པ་རྣམས་ལ་བསྙེན་བཀུར་ལེགས་པར་ཞུས་པར་བཤད། འདིའི་དུས་ནས་བཟུང་རིན་སྤུངས་པས་རང་གི་དཔུང་སྟོབས་ལ་བརྟེན་ནས་སྡེ་སྲིད་ཕག་མོ་གྲུ་པའི་དབང་རིས་མུག་བཟས་ཀྱིས་གཙང་ཁུལ་སོགས་རང་གི་མངའ་ཞབས་སུ་བསྡུ་བའི་མགོ་ཚུགས་པར་བྱས་པས་དབུས་གཙང་ཕྱོགས་སུ་སྡེ་གཟར་རབས་

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...