སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དུག་རྫས་ཤིག་རས་རྩ་བསྣུབས་གཏོང་དགོས་ཀྱི་སྦུག་དམ་རྩ་ཚིག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། admin དུས་ཚོད། 2009-8-31 10:24:38 རྩོམ་ཁུངས། (བོད་རབ་བྱུང་བཅོ་ལྔ་བའི་དུས་ཀྱི་ཕོ་ཉ་ཞེས་པའི་ས་ཕོ་རྟའི་ལོ་སྤྱི་ལོ1918) ཀློག་གྲངས།
བོད་རབ་བྱུང་བཅོ་ལྔ་བའི་དུས་ཀྱི་ཕོ་ཉ་ཞེས་པའི་ས་ཕོ་རྟའི་ལོ་སྤྱི་ལོ1918)
  ཉི་འོག་ཏུ་འཁོད་པའི་སྐྱེ་རྒུ་སྤྱི་དང་།  བྱེ་བྲག་ཆོས་སྡེ་ཆེན་པོ་རྣམ་གསུམ་རྒྱུད་གྲ་སྟོད་སྨད་ཀྱིས་མཚོན་པའི་དགོན་སྡེ་ཁག  གཞུང་ས་ཆེན་པོའི་ཆབ་འབངས་སུ་གཏོགས་པའི་མཆོག་དམན་བར་པ་མཐའ་དག་ལ་སྤྲིངས་པ།
  སྔོན་དུ་ལྷ་ལྡན་སྤྲུལ་བའི་གཙིག་ལག་ཁང་ལྟེ་བའི་རྒྱ་ཕིག་གི་ཆུ་སྲིན་ལྐོག་ཤ་ནས་ཆུ་ལོན་ཁ་ཡར་འཛགས་སྐོར་འདི་གར་བརྟགས་ཞུ་བྱུང་བར་ལོག་སྨོན་ནག་པོ་བརྩེགས་པའི་ལོ་འདབ་ཀྱི་རྫས་ངན་རྡོ་ཐ་ཁ་བོད་ལྗོངས་ཆོས་ཀྱི་ཞིང་ཁམས་འདིར་དར་ཁྱབ་ཆེ་ཁར།  ལྷག་པར་ཤིང་འབྲུག་ཙམ་ནས་བཟུང་རྡོ་ཐ་ཁའི་ཐོན་རྫས་ངན་མང་སྦྱར་གྱི་ཤིག་རས་ཟེར་བའི་འདི་བཞིན་སྐྱེ་བོ་མཆོག་དམན་ཕལ་ཆེར་ནས་ལོངས་སྤྱད་གཤིས་དྲི་ངན་ས་ཁྱབ་རྡོ་ཁྱབ་འབག་བཙོག་གིས་རྟེན་གསུམ་བྱིན་ཅན་རྣམས་ལ་ཉམས་གྲིབ་ཕོག་པས་བྱིན་རླབས་ནུས་མཐུའི་མཚན་ཁ་ཆུང་ཞིང་།  སྲུང་མ་གཉན་པོ།  ས་ཀླུ་འགྲས་པས་ལོ་ལེགས་སྐྱ་རྒྱས་འབྱུང་དཀའི་ཐོག་ཡུལ་སྤྱིར་རིམས་དང་།  མི་ཕྱུགས་ལ་ཡམས་ནད་སོགས་ཆེས་ཆེར་བདོ་བ་མ་མོའི་ཁ་རླངས་ཀྱི་དུག་ཚོགས་རིམ་པ་ཇེ་རྒྱས་སུ་གྱུར་བས་ཆུང་བྱིས་པ་ནས་ཡར་འདེགས་ཀྱི་གོད་ཁ་ཤིན་ཏུ་ཆེ་བ་ཤར་གཤིས།  ཉེས་སྐྱོན་དེ་དག་རང་ཞིབ་གྱུར་ཕྱིར་ཚང་མར་སྤང་བླང་འཇུག་ལྡོག་རྩ་ཚིག་བཏང་དོན།
  དེ་ཡང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་།  སྟག་ཕུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུངས་འབུམ་ལས།  སློབ་དཔོན་པདྨ་ཀ་ར་དང་།  མ་གཅིག་ལབ་ཀྱི་སྒྲོན་མའི་མ་འོངས་ལུང་བསྟན་དུ།  ཕྱིས་སྙིགས་དུས་རང་གཞན་གཉིས་ཕུང་གི་རྫས་ངན་ཐ་མི་ཁ་ཞེས་གྲགས་པ་འདི་ནི་བདུད་ཀྱི་མངལ་ཁྲག་འཛགས་པ་ལས་སྔོ་ཞིག་སྐྱེས་པ་སྐྱེ་བོ་ཀུན་གྱིས་རྒྱུ་མཚན་ཅི་ཡང་མེད་པར་ལོག་སྨོན་བརྩམས་པའི་ཤུགས་ཀྱིས་རང་གིར་བག་མེད་དུ་ལོངས་སྤྱོད་ཅིང་།  དམ་སྲི་སྤུན་དགུ་དམ་ལ་བཞག་པའི་ཚེ་ཐ་ཆུང་དེས་སྨྲས་པ།   སྤུན་རྣམས་མྱ་ངན་མ་བྱེད།  ང་ནི་རྒྱ་ཡུལ་ཐ་མི་ཁར་སྤྲུལ།  དུག་གི་མིང་ནི་ཧ་ལ་ནག་པོ་ཟེར།  མཐའ་འཁོབ་རྣམས་སུ་སྐྱེས་ནས་ཡོང་།  མཐའ་མིས་དབུས་སུ་འཁྱེར་ནས་བོད་འབངས་བདེ་སྐྱིད་ལོངས་སྤྱོད་དེ་ལ་བྱེད།  དེའི་སྐབས་སུ་དུག་ལྔ་རྒྱས།  དགེ་བཅུ་སྤངས།  མི་དགེ་བཅུ་ལ་སྤྱོད།  བསྟན་འཛིན་རྣམས་ཀྱང་སྐུ་ཚེ་ཡུན་དུ་མི་བརྟན།  དུག་གི་དུ་བས་ཀླུའི་གྲོང་ཁྱེར་དང་།  ལྷའི་གྲོང་ཁྱེར་འབུམ་ཚོ་རེ་རེ་འཇིག  ཆར་ཆུ་མི་འབབ་རྟག་ཏུ་ལོ་ཉེས་འབྱུང་།  ནང་འཁྲུགས་རིམས་ནད་སོགས་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་འབྱུང་།  འཐུང་བའི་མི་དེ་བྱང་ཆུབ་ཀྱི་སེམས་རྩ་ཡོད་ཀྱང་སྐམ།  བཞི་བརྒྱ་རྩ་བཞིའི་ནང་རིགས་རྒྱས་ཤིང་ལྡང་བར་བྱེད།  ཤི་ཚད་ཚེ་རབས་ཕྱི་མར་ངན་སོང་གསུམ་དུ་སྐྱེ།  སྒོམ་སྒྲུབ་བྱེད་ཅིང་ཐར་པ་དོན་དུ་གཉེར་བས་འདི་བཟོས་པས་ན་བསྐལ་བརྒྱར་ཡང་ལྷ་བཟང་པོ་མི་འགྲུབ་མཆོག་གསུམ་ཐུགས་རྗེ་ཇི་ལྟར་ཆེ་ཡང་སྐྱབས་པར་མི་ནུས་ཞེས་གསལ་བ་དག་ངེས་པ་དོན་ལ་གནས་ཤིང་།  སྤྱིར་བསྟན་འགྲོའི་བདེ་སྐྱིད་ལ་གནོད་སྐྱོན་ཆེ་ཁར།  བྱེ་བྲག་དྲི་ངན་འདི་དག་འཐེན་པ་པོས་རང་ཉིད་ཀྱང་དགེ་སེམས་བག་ལ་ཞ་བས་སྡིག་སེམས་ཆེས་ཆེར་རྒྱས་ཤིང་།  ཆོས་སྲིད་ཡོན་ཏན་གྱི་བློ་མིག་མི་གསལ་པའི་ཤེས་རབ་བྱིང་འཐིབ་སོགས་གོང་དུ་ཉེས་དམིགས་ཇི་ལྟར་འདོམས་པ་བཞིན།  འདི་ཕྱི་གང་སར་གནོད་འགལ་ཆེ་ཤོས་གསར་ཐོན་ཤིག་རས་ཟེར་བ་འདི་དག་འདི་ལོ་ཆོ་འཕྲུལ་ཟླ་བ་དང་པོ་ནས་བཟུང་ངོ་ལྐོག་གང་སར་ལག་ལེན་ཙམ་མི་བྱེད་པའི་མཐའ་འདོམས་གན་རྒྱ་ཁག་འབྲེལ་འཇོག་ལེན་དགོས་རྒྱུ་དང་།  ཕྱོགས་མཚུངས་སྣ་ཐ་ཁ་དང་།  རྡོ་ཚོར་བསྲེས་བའི་དུ་བ་འཐེན་བ་འདི་དག་ཀྱང་རྒྱུ་རྡོ་ཚོར་ལ་བརྟེན་སྔ་དུས་ནས་དམ་བསྒྲགས་ཡོད་མུས་བཅས་བཀྲེས་སྐོམ་གང་ལ་མི་ཕན་ཞིང་།  རྙེད་པར་དཀའ་བའི་དལ་རྟེན་ཆུད་བཟོས་སྐྱེ་འགྲོའི་བདེ་རྩ་འཇོམས་པའི་གཤེད་མར་བརྟེན་གཞུང་ཞབས་རྣམས་ལ་དམ་བསྒྲགས་ཟིན་པ་དང་།  བྱིངས་མཆོག་དམན་མཐའ་དག་གིས་འདི་ལོ་ནས་བཟུང་ངམ་ངམ་ཤུགས་ཀྱི་ཁེ་ཉེན་ལ་མ་འཛོལ་བའི་ལམ་དེ་ལས་འགོག་ཐབས་ལྷོད་མེད་ཐོ་རེ་ཟུང་ལང་ཤོར་ནད་བབས་ཀྱིས་རྐྱེན་པ་ཡོད་རིགས་ཀྱང་ཐབས་ཤེས་ཀྱི་ལོ་ལྔ་ཚུན་རྫས་ངན་ཤིག་རས་སོགས་ཀྱི་ལག་ལེན་རྩ་བསྣུབས་ཐུབ་པ་དགོན་སྡེ་ཁག་གི་ལས་སྣེ་དང་།  ས་གནས་རྫོང་གཞིས་སྣེ་སྡོད་གཙོ་དྲག་ཚང་མར་བདེ་རྩ་གལ་ཆེར་བསམ་ཤེས་ཀྱིས་རྩ་ཚིག་འདི་ཡང་སྤྲོད་ཁོངས་སུ་ཉར་ཚགས་ཀྱིས་འདུ་གནས་ཆེ་ས་ཚང་མར་ངོ་བཤུས་རེ་སྦྱར་བས་མཇུག་གནོན་རྒྱུན་བསྲིངས་དགོས་རྒྱུར།  འདི་ནས་ཀྱང་ཕྱི་ནང་གསང་གསུམ་སུ་རྟོགས་ཞིབ་བྱ་རྒྱུ་གཤིས་དེ་རྩིས་ཚང་མར་ཁྲིམས་འབྲེལ་སྤང་བླང་འཛོལ་མེད་དུ་སྤྱོད་པ་གྱིས།
ནོར་གླིང་བདེ་སྐྱིད་ཀུན་དགའ་འཁྱིལ་བའི་སྐལ་བཟང་ཕོ་བྲང་ནས།  ས་རྟ་ཟླ་གསུམ་

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...