སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དབོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་གྱི་མཛད་འཕྲིན།
རྩོམ་པ་པོ། རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2012-3-7 17:09:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

  དེ་ལྟར་ཁུ་བོ་ས་པཎ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཧོར་ཡུལ་དུ་སྐུ་ཞི་བར་གཤེགས་རྗེས་དབོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་ཁུ་བོའི་མཛད་འཕྲིན་གྱི་འཕྲོར་བསྐྱངས་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་སྲོལ་མ་ཉམས་པར་ཡར་ལྡན་དུ་སྤེལ་བར་མཛད། དེའི་རྗེས་ཧོར་ཆེན་པོའི་རྒྱལ་པོ་ནི་མོང་གོར་ཧན་བྱ་བ་ཡིན་པས་འཕགས་པས་ཀྱང་དབུས་གཙང་གི་དགེ་བའི་བཤེས་གཉེན་རྣམས་ལ་ཧོར་རྒྱལ་པོ་མོང་གོར་གྱི་བཀའ་ལུང་བསྒྲགས་ཏེ་དུད་ཚང་ཞིབ་བཤེར་དང་རབ་བྱུང་པ་རྣམས་ལ་ཁྲལ་དམག་ལས་གསུམ་གྱི་ཁྲིམས་མི་འབབ་པའི་བཀའ་ཤོག་སྤྲིངས། བྱང་རྒྱལ་གོ་དན་སྐུ་འདས་རྗེས་ཧི་པི་ལུའམ་བོད་པས་སེ་ཆེན་རྒྱལ་པོར་འབོད་པ་དེ་བྱང་ངོས་ཀྱི་རྒྱལ་པོར་ཕེབས་ཤིང་རབ་བྱུང་བཞི་པའི་ཆུ་གླང་སྤྱི་ལོ1253ལ་མདོ་སྨད་ཤིང་ཀུན་ཏུ་འཕགས་པ་དགུང་ལོ་བཅུ་དགུར་སོན་པ་དང་མཇལ་ཞིང་། ལོ་རྒྱུས་ལ་ལར་དེའི་སྔོན་དགུང་ལོ་བཅུ་བདུན་སྟེང་ཐོག་མར་མཇལ་མྱོང་ཡང་ཟེར། གང་ལྟར་སེ་ཆེན་རྒྱལ་པོ་འཕགས་པ་སྐུ་ན་གཞོན་ཡང་ཡོན་ཏན་དང་ཞི་དུད་ལྡན་པས་ཡིད་ཕྲོགས་ཏེ་རྒྱལ་པོའི་སྐུ་འཁོར་དུ་བཞུགས་སུ་བཅུག་པས་བོད་ཡུལ་དུ་ལོག་རྒྱུ་རེ་ཞིག་འགྱངས། དེའི་ཚེ་ཡོངས་གྲགས་སུ་ཀརྨ་པཀྵིའམ་ཆོས་ཀྱི་བླ་མ་ཞུ་བའི་སྐྱེས་ཆེན་དམ་པ་དེ་ཡང་སེ་ཆེན་རྒྱལ་པོའི་དྲུང་དུ་བཞུགས་ཡོད་པ་ལ་མི་རིང་བར་ཁོང་མི་ཉག་སོགས་ཡུལ་གྲུ་གཞན་དུ་བསྟན་པ་སྤེལ་བར་ཕེབས་ཏེ་མཐར་ཧོར་ཡུལ་མཐིལ་དུ་ཕྱིན་ནས་མོང་གོར་རྒྱལ་པོར་བཅར། ཕྱིས་སུ་ཧོར་རྒྱལ་རྣམས་ཀྱིས་རྒྱལ་སྲིད་བརྩད་པའི་མཐར་སེ་ཆེན་རྒྱལ་པོ་ཧོར་ཆེན་པོའི་སྲིད་ཁྲིར་ཕེབས་པ་དང་སྐྱེས་མཆོག་འདི་པ་ཡང་བཅར་ཡུལ་གྱི་དབང་གིས་བཙོན་འཇུག་སོགས་སྐུ་མཉེལ་མང་པོ་བྱུང་ཡང་མཐར་རང་དབང་ཐོབ་སྟེ་འགྲོ་དོན་བླ་མེད་དུ་མཛད་པ་ཡིན་ལ། འདི་པ་ཀརྨ་དུས་གསུམ་མཁྱེན་པའི་ཡང་སྤྲུལ་དུ་ངོས་འཛིན་གནང་བ་དང་དེའི་ཡང་སྲིད་ལ་ཀརྨ་རང་བྱུང་རྡོ་རྗེ་འཁྲུངས་པ་ནས་བཟུང་རང་རེའི་བོད་བརྒྱུད་ནང་བསྟན་ལ་ཐུན་མོང་མ་ཡིན་པ་སྤྲུལ་སྐུ་ངོས་འཛིན་གྱི་སྲོལ་དར་བར་གྲགས་ཤིང་། ཀརྨ་པའི་སྐུ་ཕྲེང་ཟམ་མ་ཆད་པར་དེང་སང་བར་བླ་རབས་བཅུ་བདུན་བྱོན་པ་ཡིན་ལ་འདིའི་སྐོར་ཞིབ་ཏུ་བོད་ཀྱི་ཆོས་འབྱུང་རྣམས་དང་བླ་སྤྲུལ་སོ་སོའི་རྣམ་ཐར་སོགས་སུ་གསལ་བས་རྒྱས་པར་མི་གླེང་ངོ་། །
  དེ་ལྟར་འཕགས་པ་དགུང་ལོ་ཉི་ཤུར་མ་སོན་ཡང་ཁུ་བོའི་ཡོན་ཏན་ཐམས་ཅད་མ་ལུས་པར་ཐུགས་སུ་མངའ་བས་ཆོས་སྲིད་ལུགས་གཉིས་ཀྱི་མཁྱེན་རྒྱ་ཡངས་ཤིང་ཐབས་མཁས་ཐུགས་རྗེ་དང་ལྡན་པའི་སྐྱེས་བུ་ཆེན་པོའི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་ཡིན་སྟབས་སེ་ཆེན་རྒྱལ་པོས་མཆོག་ཏུ་བཀུར་བར་མཛད། རབ་བྱུང་བཞི་པའི་ཆུ་གླང་སྤྱི་ལོ1253ལ་འཕགས་པས་ཐོག་མར་ཧོར་རྒྱལ་པོ་ཡབ་ཡུམ་སྲས་དང་བཅས་པར་གསང་སྔགས་ཀྱི་དབང་གནང་སྟེ་དམ་པའི་ཆོས་ཀྱི་ས་བོན་ཐེབས་པར་མཛད་ཅིང་རྒྱལ་པོས་ཀྱང་བླ་མ་འཕགས་པར་གུ་ཧྲི(国师) སྟེ་རྒྱལ་པའི་སློབ་དཔོན་དང(帝师)སྟེ་གོང་མའི་སློབ་དཔོན་བཅས་ཀྱི་མཚན་རྟགས་སྔ་གཞུག་ཏུ་གསོལ་ཏེ་མི་དབང་ཆེན་པོའི་དབུ་བླར་བཀུར། སེ་ཆེན་རྒྱལ་པོས་བོད་ཐམས་ཅད་ས་སྐྱ་པའི་ཆོས་ལུགས་ལས་གཞན་བྱེད་མི་ཆོག་པའི་བཀའ་ལུང་བསྒྲག་པར་གསུངས་པ་ལ། བླ་མ་འཕགས་པས་དེ་ལྟར་བྱེད་ན་ཧོར་རྒྱལ་པོའི་དབང་ཐང་དང་བོད་ཡོངས་ལ་མི་བདེ་བ་འབྱུང་བས་ཆོས་ཐམས་ཅད་ངོ་བོ་གཅིག་ཡིན་པས་རང་རང་གི་ཆོས་ལུགས་བཞིན་སྤྱོད་དུ་འཇུག་པ་ལེགས་ཚུལ་ཞུས་པ་བཞིན་ཞལ་བཞེས་མཛད་པར་གྲགས་ལ། དེའི་དྲིན་གྱིས་བོད་དུ་གནས་པའི་གྲུབ་མཐའ་ཐམས་ཅད་རང་འཇགས་གནས་ཤིང་རིས་མེད་བསྟན་པའི་སྐྱེ་བོ་ཀུན་གྱིས་འཕགས་པའི་མཛད་པ་འདི་ལ་མངོན་པར་བསྟོད་པར་གྱུར་ཏོ། ། དེ་ནས་རབ་བྱུང་བཞི་པའི་ཤིང་ཡོས་སྤྱི་ལོ1255ལ་འགྲོ་མགོན་འཕགས་པ་བོད་མདོ་སྨད་ཀ་ཆུའི་ཡུལ་དུ་ཕེབས་ཏེ་མཁས་པོ་གྲགས་པ་སེང་གེ་བྱ་བའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་ཡོངས་སུ་བཞེས་པར་མཛད། རབ་བྱུང་བཞི་པའི་ལྕགས་སྤྲེལ་སྤྱི་ལོ1260ལ་ཧོར་རྒྱལ་པོ་མོང་གོར་སྐུ་འདས་པས་སེ་ཆེན་རྒྱལ་པོ་ཧན་གྱི་སྲིད་ཁྲིར་བྱོན་ཏེ་ཧོར་ཆེན་པོའི་རྒྱལ་པོ་མཛད། དེ་ནས་ལོ་བཞི་ན་སེ་ཆེན་རྒྱལ་པོས་སུང་ལྷོ་མ་དང་བཅས་པའི་རྒྱ་ནག་ཡོངས་ཀྱི་ས་གནས་ཕལ་ཆེར་དབང་དུ་བསྡུས་ནས་རྒྱལ་ས་ཧོར་ཡུལ་ནས་དེང་གི་པེ་ཅིན་དུ་སྤར་ཏེ་རྒྱལ་ཁབ་ཀྱི་མིང་ཡོན་ཞེས་བསྒྱུར་ཏེ་རྒྱ་ཧོར་བོད་གསུམ་དང་བཅས་པར་དབང་བསྒྱུར་བྱས། དེ་ནས་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་ལ་བོད་ཀྱི་ལྷ་སྡེ་ཡོངས་ཀྱི་གཙོ་སྐྱོང་ལེགས་པར་གནང་དགོས་ཚུལ་གྱི་བཀའ་ལུང་འཇའ་ས་མུ་ཏིག་མ་བྱ་བ་བསྩལ་ཏེ། འགྲོ་མགོན་འཕགས་པ་བོད་ཡོངས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བདག་པོར་བསྐོས། རབ་བྱུང་ལྔ་པའི་མེ་ཡོས་སྤྱི་ལོ1267ལ་སེ་ཆེན་རྒྱལ་པོས་སླར་ཡང་གསེར་ཡིག་པ་བཏང་སྟེ་ཆོས་རྒྱལ་འཕགས་པ་གདན་དྲངས་ཏེ་ཡོན་གོང་མའི་རྒྱལ་ས་གསར་པ་པེ་ཅིན་དུ་ཕྱག་ཕེབས། རེབ་འདི་ལ་འཕགས་པ་ཧོར་ཡུལ་དུ་འབྱོན་ཚེ་ཆེན་པོར་འོས་པའི་གྲ་སྒྲིག་གིས་ཞབས་ཞུ་བའི་དཔོན་གྱི་རྣམ་གྲངས་ལས་ཚན་བཅུ་གསུམ་བྱ་བའི་ཞབས་ཞུ་དང་བཅས་ཕེབས་ཤིང་། དུས་ཕྱིས་བོད་ཀྱི་མི་དཔོན་བླ་ཆེན་རྣམས་ཀྱིས་ཀྱང་ལས་ཚན་བཅུ་གསུམ་གྱི་ཞབས་ཞུ་འཛུགས་པའི་སྲོལ་ཡང་དུས་འདི་ནས་དར་བ་ཡིན་ཟེར། ཡང་སྐབས་འདི་ལ་སེ་ཆེན་རྒྱལ་པོའི་བཀའ་བཞིན་འཕགས་པས་སོག་པོར་ཧོར་ཡིག་གི་སྲོལ་གསར་བཏོད་མཛད་ནས་ཡིག་ཕུད་རྒྱལ་པོར་ཕུལ་བ་ལ་རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ནས་རབ་བྱུང་ལྔ་པའི་ལྕགས་རྟ་སྤྱི་ལོ1270ལ་འགྲོ་མགོན་འཕགས་པར“གནམ་གྱི་འོག་སའི་སྟེང་། རྒྱ་གར་གྱི་ལྷའི་སྲས་པོ། ཡི་གེ་རྩོམ་མི་སྤྲུལ་བའི་སངས་རྒྱས། རྒྱལ་ཁམས་འཇགས་སུ་འཇུག་མི། སྙན་ནག་གི་རྒྱུ། པཎྜི་ཏ་འཕགས་པ་ཏཱི་ཤྲི”ཞེས་པའི་མཚན་བསྟོད་དང་ཟང་ཟིང་གི་དངོས་འབུལ་ཕུན་སུམ་ཚོགས་པ་བསྟབས། འགྲོ་མགོན་འཕགས་པས་གསར་བཏོད་གནང་བའི་ཧོར་ཡིག་ཅེས་པ་འདི་ནི་བོད་ཡིག་གསལ་བྱེད་རྨང་གཞི་བྱས་ནས་གོང་ནས་འོག་ཏུ་གྲུ་བཞི་འཁོར་མར་འབྲི་རྒྱུ་ཞིག་བསྐྲུན་ཡོད་ལ། དེའང་ཡོན་རྒྱལ་རབས་ཀྱི་མཇུག་བར་དུ་མཐོ་རིམ་ནང་ཁུལ་དུ་ཕལ་ཆེར་ལོ་ངོ་བརྒྱ་ཉེ་བར་བེད་སྤྱོད་བྱས་མྱོང་བར་བཤད་ལ། དུས་ཕྱིས་མ་བཀོལ་བས་ལོ་རྒྱུས་སྟེང་གི་ཡིག་རིགས་རྙིང་པར་གྱུར། རྒྱ་སོག་གིས་འདི་ལ་འཕགས་པའི་ཡི་གེ་ཞེས་འབོད་ཅིང་འཕགས་པ་ཞེས་གནའ་བོའི་ཀློག་སྟངས་སྒྲ་སྒྱུར་གྱིས་པཱ་སི་པ་ཞེས་བཀླགས་པས་དེ་མཚུངས་ཀྱི་ཡི་གེའི་མིང་གྲགས། ཡིག་རིགས་འདི་རྒྱ་སོག་གི་ཡུལ་དུ་དར་ཁྱབ་མ་སོང་ཡང་ཡིག་གཟུགས་དེ་ཕྱིས་སུ་ཀོ་ལི་སྟེ་དེང་གི་ཁྲའོ་ཞན་རིགས་ཀྱི་ཡི་གེ་བསྐྲུན་པའི་རྨང་གཞིར་གྱུར་པར་བཤད།
  དེ་ནས་འགྲོ་མགོན་འཕགས་པ་ཧོར་རྒྱལ་པོའི་དྲུང་དུ་ལོ་ངོ་མང་ཙམ་བཞུགས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཧོར་རྒྱལ་བློན་བཙུན་མོ་སྲས་དང་བཅས་པ་དཔལ་ལྡན་ས་སྐྱ་པའི་ཆོས་སྒོར་བཅུག་ཅིང་གོང་མས་གསེར་ཡིག་པ་ཆེད་མངགས་ཀྱིས་བོད་ཡོངས་ནས་ས་སྐྱ་པར་བརྩི་དགོས་ཚུལ་དང་། གོང་མའི་ཕོ་བྲང་དུ་ཞོན་ཀྲི་ཡོན(宣制院)བྱ་བའི་སྲིད་འཛིན་ལས་ཁུངས་ཆེད་འཛུགས་ཀྱིས་འགྲོ་མགོན་འཕགས་པ་ལས་འཛིན་པར་བསྐོས་ནས་བོད་ཀྱི་ཕྱི་ནང་གི་ལས་དོན་གལ་ཆེན་རྣམས་ཐད་ཀར་བཀོད་འདོམས་བྱེད་དུ་བཅུག་དེ་རྗེས་བོད་ས་གནས་སུ་རིམ་བཞིན་སྲིད་འཛིན་ལས་ཁུངས་སྒྲིག་འཛུགས་དང་བོད་ཡུལ་གྱི་དཔོན་ཆེ་གྲས་ལ་ཁྲི་དཔོན་དང་སྟོང་དཔོན་སོགས་བསྐོ་བཞག་གནང་ཞིང་། སྟོད་མངའ་རིས་དང་བར་དབུས་གཙང་གི་ཡུལ་སྡེ་རྣམས་ཡོངས་གྲགས་ཀྱི་ཁྲི་སྐོར་བཅུ་གསུམ་བྱ་བར་བགོས་ཏེ་སོ་སོར་ཁྲི་དཔོན་བསྐོ་བཞག་གི་ལམ་ལུགས་བཙུགས། ས་སྐྱ་པའང་ཁྲི་དཔོན་བྱས་ཐོག་ཉེ་གནས་ཀུན་དགའ་བཟང་པོ་དཔོན་ཆེན་དུ་བསྐོས་ནས་ཁྲི་དཔོན་རྣམས་ཀྱི་གཙོ་བོ་བྱས། བོད་མདོ་ཁམས་དང་དབུས་གཙང་ཡོངས་ཆོལ་ཁའམ་ཕྱོགས་ཁ་གསུམ་དུ་གྲགས་པར་བགོས་ནས་འགྲོ་མགོན་འཕགས་པས་གཅིག་གྱུར་གྱིས་དབང་སྒྱུར་མཛད། ཡང་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་འགྲོ་མགོན་འཕགས་པས་ཧོར་སེ་ཆེན་རྒྱལ་པོར་དབང་བསྐུར་ལན་གསུམ་མཛད་པར་དང་པོའི་དབང་ཡོན་ལ་ཁྲི་སྐོར་བཅུ་གསུམ་དང་། གཉིས་པའི་དབང་ཡོན་ལ་ཆོལ་ཁ་གསུམ་གཙོས་པའི་བོད་ཡུལ་རྣམས་ཕུལ་བ་དང་། གསུམ་པའི་དབང་ཡོན་ལ་རྒྱའི་མི་ཡུར་ཆེན་མོ་བྱ་བ་སྟེ་ལོ་རེ་བཞིན་རྒྱ་མི་མང་པོ་ཁྱུ་འདེད་ཀྱིས་རྨ་ཆུར་འཕེན་པའི་རྒྱུན་བཅད་ཅེས་འབྱུང་བ་དང་། ཚུལ་འདི་ཆབ་སྲིད་པས་བལྟས་ན་ཆབ་སྲིད་ཀྱི་དོན་སྙིང་ཁོ་ན་དང་ཆོས་ལུགས་པས་བལྟས་ན་ཆོས་ལུགས་ཀྱི་ཆེ་བ་རྐྱང་རྐྱང་ལྟ་བུར་བཤད་འདུག་ཀྱང་། དོན་དུ་ཧོར་རྒྱལ་པོས་བོད་ཀྱི་ཆོས་ལུགས་མི་སྣ་བེད་སྤྱད་དེ་རང་གི་ཆབ་སྲིད་ཀྱི་དམིགས་ཡུལ་གྲུབ་པར་བྱས་ཤིང་། ཆོས་ལུགས་མི་སྣར་མཚོན་ན་རང་ལ་ཆབ་སྲིད་ཀྱི་རྒྱབ་རྟེན་བཙལ་ནས་རང་གི་གྲུབ་མཐའི་སྲོལ་ཆེ་བར་སྤེལ་བའི་དམིགས་ཡུལ་ཡང་གྲུབ་སོང་བ་ཡིན་ལ། མཐར་ཐུག་དོན་གྱི་འབྲས་བུ་ནི་བོད་སོག་མི་རིགས་བར་གྱི་མཛའ་འབྲེལ་དམ་ཟབ་དང་མེས་རྒྱལ་གཅིག་གྱུར་ཡོང་བར་བྱ་བཞག་རླབས་པོ་ཆེ་གཟུགས་ཅན་ལྟ་བུ་འདི་བསྐྲུན་པ་ལགས་སོ། །
  དེ་ལྟར་འགྲོ་མགོན་འཕགས་པས་ཧོར་ཡུལ་དུ་ཆོས་སྲིད་རིག་གནས་དང་བཅས་པར་ཕྱག་རྗེས་རླབས་ཆེ་བ་བསྐྲུན་རྗེས་རབ་བྱུང་ལྔ་པའི་ཤིང་ཁྱི་སྤྱི་ལོ1274ལ་ཕོ་བྲང་ཆེན་པོ་པེ་ཅིན་ནས་ཆིབས་ཁ་བསྒྱུར་ཏེ་ཕེབས་སྐྱེལ་རྒྱ་ཆེན་པོ་དང་བཅས་ཕྱིར་བོད་ཡུལ་དུ་འབྱོན་པར་མཛད། འཕགས་པ་འཁོར་དང་བཅས་པ་ལམ་བར་དུ་ལོ་ངོ་གཉིས་ཙམ་འགོར་རྗེས་རབ་བྱུང་ལྔ་པའི་མེ་བྱི་སྤྱི་ལོ1276ལ་དཔལ་ལྡན་ས་སྐྱར་ཕྱག་ཕེབས། ཕྱི་ལོའི་དཔྱིད་ཆོས་ལ་འགྲོ་མགོན་གྱིས་དགེ་འདུན་ཁྲི་ཕྲག་བདུན་དང་གཞུང་ལུགས་སྨྲ་བའི་བཤེས་གཉེན་སྟོང་ཕྲག་བརྒལ་བ་དང་གཞན་སྐྱེ་བོ་དྲག་ཞན་དང་བཅས་སེར་སྐྱ་འབུམ་ཕྲག་ཉེ་བ་ལ་ཟང་ཟིང་གི་འགྱེད་དང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོས་བསྙེན་བཀུར་ཞབས་ཏོག་ཕུན་སུམ་ཚོགས་པའི་དུས་སྟོན་ཁྱད་པར་ཅན་ཆུ་མིག་ཆོས་འཁོར་དུ་གྲགས་པ་མཛད། དེ་མིན་ས་སྐྱའི་གཙུག་ལག་ཁང་ལ་གསེར་གྱི་རྒྱ་ཕིབས་གཏད་པ་སོགས་ལྷ་རྟེན་མཆོད་གསུམ་བསམ་གྱིས་མི་ཁྱབ་པ་སྤེལ་ཞིང་དེ་ལྟ་བུའི་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འཕྲིན་རྒྱ་ཆེ་བར་མཛད་བཞིན་པའི་ཚེ་གློ་བུར་དུ་མི་བསྲུན་བདུད་ཀྱིས་ཡིད་བརླམས་པ་འགས་གསོལ་ངན་དྲངས་ཏེ་རབ་བྱུང་ལྔ་པའི་ལྕགས་འབྲུག་སྤྱི་ལོ1280ལ་དགུང་གྲངས་ཞེ་དགུའི་སྟེང་ས་སྐྱར་སྐུ་འདས། སྐྱེས་མཆོག་འདི་པ་སྐུ་གཤེགས་ཚུལ་གྱི་ཐད་ལ་རང་རེའི་ལོ་རྒྱུས་སྨྲ་བ་རྣམས་བཞེད་ཚུལ་མི་འདྲ་བ་འདུག་ཀྱང་བཀྲོངས་རྐྱེན་དུག་དབང་གིས་ཡིན་པ་ཐེ་ཚོམ་མེད་ལ། ཞི་བར་གཤེགས་པར་བཞེད་པ་ཐུགས་འདུན་ཡག་པོ་ཡིན་ཡང་དོན་དངོས་གནས་ཚུལ་ནི་ཡ་ང་སྙིང་རྗེ་མེད་པའི་བདུད་རིགས་ཀྱིས་རང་ནང་རང་གིས་བརླགས་འགྲོ་བ་འདི་ཙམ་མ་ཟད་བོད་ཀྱི་ལོ་རྒྱུས་གོང་འོག་ཐམས་ཅད་དུ་དེ་ལྟ་བུའི་བསླབ་བྱ་ཡིད་མུག་པ་དུས་ནམ་ཡང་འབྱུང་བ་ལྟར་ཡིན་ནོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...