སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྨ་ལྷོ་ཁུལ་རེབ་གོང་ཡུལ་གྱི་དྲུག་པའི་ཀླུ་རོལ་དུས་ཆེན་གྱི་མགོ་བརྩམས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-7-18 11:31:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

 

   ཉེ་ལམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་གི་སྲོལ་རྒྱུན་དུས་ཆེན་ཏེ་དྲུག་པའི་ཀླུ་རོལ་གྱི་མགོ་དངོས་སུ་བརྩམས་བྱུང་།

   རེབ་གོང་དྲུག་པའི་ཀླུ་རོལ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཁོངས་སུ་ཁྱབ་པའི་ཁྱད་དུ་འཕགས་པའི་དམངས་ཁྲོད་ཀྱི་ཡུལ་སྲོལ་བྱ་འགུལ་ཞིག་ཡིན། ཧོར་ཟླ6པའི་ཚེས16ཉིན་རྒྱལ་ཁབ་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་རྫས་ཁྲོད་བདམས་ཡོད་པའི་རེབ་གོང་དྲུག་པའི་ཀླུ་རོལ་དེ་ས་དཀྱིལ་སྡེ་བ་ནས་རྩེ་མགོ་རྩོམ་པ་ཡིན་ལ། བསྟུད་མར་ཧོར་ཟླ6པའི་ཚེས25ཉིན་བར། གླིང་རྒྱ་དང་གཉན་ཐོག སོག་རུ། ལྕང་སྐྱ། བོད་སྐོར། བྱང་ཆུབ་སོགས་སུ་ལྷ་གསོལ་བསང་གཏོང་གི་རྩེད་སྟོན་ཆོ་ག་རྒྱ་ཆེར་སྤེལ་གྱིན་ཡོད།

ཀླུ་རོལ་གྱི་འབྱུང་རྐྱེན་སྐོར།

    ཀླུ་རོལ་གྱི་འབྱུང་རྐྱེན་ལ་གཙོ་ཆེར་ཤོད་ཚུལ་རིགས་མི་འདྲ་བ་གཉིས་ཡོད་དེ། ཅིག་ཤོས་ཀྱིས་བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་ཡར་སྔོན་ནས་བཟུང་བོན་ལུགས་ཀྱི་བྱེད་སྒོ་སྟེང་དམར་མཆོད་བྱ་བའི་ལུགས་སྲོལ་ཡོད་པ་དེ་ནི་ཀླུ་རོལ་གྱི་ཆེས་ཐོག་མའི་རྣམ་པ་ཡིན་ཟེར་ཞིང་། ཀླུ་རོལ་རྩེ་བའི་བརྒྱུད་རིམ་ཁྲོད་དུ་རྩེད་མོ་བའི་ཁ་དང་རྒྱབ་སོགས་ལ་ལྕགས་ཁབ་མང་པོ་འཛེར་བ་དང་། མགོ་ལ་གྲིས་གཏར་ནས་དམར་པོ་ཁྲག་གི་མཆོད་པ་འབུལ་བ། སྐྱེས་ཕོ་མོ་རྣམས་ཀྱིས་དད་པའི་སྟོབས་དང་བསྟུན་ནས་ཇ་ཆང་གི་མཚོ་མོ་བསྐྱིལ་བཞིན་བསང་མཆོད་རྒྱ་ཆེན་གཏོང་བའི་ཁྲོད་ར་ལུག་གསོན་པོར་བསྲེག་པའི་དམར་མཆོད་ཀྱི་སྲོལ་རྒྱུན་ཡོད་པ་དེ། ད་ལྟ་མཚམས་བཅད་ནས་རྩམ་པས་ར་ལུག་གི་དབྱིབས་བཟོས་ཏེ་ལྷ་བསང་གཏོང་བ་དང་མཉམ་དུ་སྔོན་གྱི་མཆོད་ལུགས་མ་ཉམས་པར་བྱེད་པ་འདི་ལས་བྱུང་བར་བཤད།

    ཡང་ལ་ལས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལྷ་མིའི་ལུས་ཁོག་ཏུ་ཞུགས་པའི་སྲོལ་འདི་བྱུང་ཞིང་། རྒྱལ་པོ་འདིའི་སྐུ་རིང་ལ་བོན་ཆོས་བསྣུབས་ཏེ་སངས་རྒྱས་བསྟན་པ་དར་སྤེལ་བཏང་བའི་ལོ་དེར། བོད་ཀྱི་ས་ཆ་ཁ་ཤས་ཤིག་ལ་སྔར་བྱུང་མ་མྱོང་བའི་ནད་ཡམས་དང་། སད་དང་སེར་བ། ཐན་པ། ཆུ་ལོག་སོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་ནས་ཞིང་འབྲོག་ཐོན་སྐྱེད་ལ་གནོད་པ་ཚབས་ཆེན་ཐེབས་པས། སྐབས་དེའི་མི་རྣམས་ཀྱི་བསམ་པའི་འདུ་ཤེས་ཧ་ཅང་ཞན་པའི་ཁར། མང་ཚོགས་མང་པོ་ཞིག་གིས་རང་བྱུང་གི་གནོད་འཚེ་དེ་དག་ཆོས་བྱས་པ་ལ་བརྟེན་ནས་བྱུང་བ་ངོས་འཛིན་བྱས་ཏེ། སངས་རྒྱས་ཆོས་ལུགས་ཀྱིས་རང་བྱུང་གི་གནོད་འཚེ་ལྡོག་མི་ཐུབ་པ་མ་ཟད། ད་དུང་མུ་མཐུད་དུ་ཆོས་བྱས་ན་ལྷ་ཀླུ་གཉན་གསུམ་མ་དགའ་བར་ལྟས་ངན་པ་འབྱུང་ངེས་རེད་ཟེར་ནས་ལྷ་ཀླུ་གཉན་གསུམ་དགའ་བར་འཇུག་ཆེད་སྟོན་མོ་རྒྱ་ཆེན་གྱི་མཛད་སྒོ་བསྡུས་ཤིང་། ཀླུ་གར་གྱི་རྩེད་རིགས་སྣ་ཚོགས་འཁྲབ་པ་དེ་ལས་རིམ་བཞིན་དར་ཁྱབ་བྱུང་བ་ཞིག་ཡིན་ཟེར་བས། ཀླུ་རོལ་གྱི་ནང་དུ་ལྷ་ཀླུ་གཉན་གསུམ་ལ་མཆོད་འབུལ་རྒྱ་ཆེན་པོ་བྱས་ནས་དགའ་བར་བཅུག་ན་ལོ་གཅིག་གི་མིག་ཐོག་གི་ན་ཚ་དང་། ཕྱུགས་ཐོག་གི་གོད་ཁ། ལོ་ཏོག་ལ་སད་སེར་ཐན་སྐྱོན་སོགས་ཀྱི་གནོད་འཚེ་དང་། བགེགས་རིགས་བར་ཆད་མི་འབྱུང་བའི་བཤད་ཚུལ་ཡོད་པ་རེད།

རེབ་གོང་གི་སྡེ་བ་སོ་སོའི་ཀླུ་རོལ་རྩེ་བའི་དུས་ཚོད།
སྡེ་མིང་།                                                         དུས་ཚོད།

ས་དཀྱིལ་སྡེ་བ།                                                ཧོར་ཟླ6པའི་ཚེས16ནས19བར་ཡིན།
སོག་རུ་དང་ཐེ་བུ་སྡེ་བ།                                      ཧོར་ཟླ6པའི་ཚེས20ནས25བར་ཡིན།
གཉན་ཐོག་སྡེ་བ།                                              ཧོར་ཟླ6པའི་ཚེས19ནས25བར་ཡིན།
སྒོ་དམར་སྡེ་བ།                                                 ཧོར་ཟླ6པའི་ཚེས20ནས24བར་ཡིན།
རྐ་གསར་སྡེ་བ།                                                 ཧོར་ཟླ6པའི་ཚེས19ནས24བར་ཡིན།
སེང་གེ་གཤོང་། རྒྱ་ཚང་མ། ཧོར་རྒྱ་བཅས་སྡེ་བ།          ཧོར་ཟླ6པའི་ཚེས17ནས24བར་ཡིན།
ཐོ་ཀྱཱ་བོད་སྐོར་དང་གར་རྩེབས་གདོང་། ཧ་ར་བ་དྷི།     ཧོར་ཟླ6པའི་ཚེས20ནས24བར་ཡིན།
གླིང་རྒྱ།                                                           ཧོར་ཟླ6པའི་ཚེས20ནས24བར་ཡིན།
སྨད་པ།                                                           ཧོར་ཟླ6པའི་ཚེས20ནས24བར་ཡིན།
བྱང་ཆུབ།                                                         ཧོར་ཟླ6པའི་ཚེས23ནས24བར་ཡིན།

ལྷ་རྩེད།

    ལྷ་རྩེད་ནི་རྩེད་མོ་བ་རྣམས་ཀྱིས་ལག་ཏུ་ཟངས་ཀྱི་འཁར་རྔ་དང་ལྷ་རྔ་བཟུང་ནས་རང་གི་བསྟེན་པའི་ཡུལ་ལྷ་གཞི་བདག་མིའི་ལུས་ཁོག་ཏུ་ཞུགས་པ་ལྟ་བུའི་ཚུལ་གཡྀས་འཁར་རྔའི་སྒྲ་གདངས་དང་བསྡེབས་ནས་ལུགས་ཀྱི་ཉམས་འགྱུར་དང་རྐང་པའི་སྟངས་སྟབས་སོགས་ཅུང་མྱུར་བའི་སྒོ་ནས་རྩེ་བ་དང་། མགོ་དང་དཔྲལ་བར་མཚོན་ཆས་གཏར་བ། ཁ་དང་རྒྱབ་ལ་ལྕགས་ཁབ་མང་པོ་འཛེར་ནས་དམར་པོ་ཁྲག་གི་མཆོད་པ་ཕུལ་ཏེ་གཞི་བདག་གི་མཚན་ནས་འབོད་པ་དང་བཅས་ཡུལ་ལྷ་གཞི་བདག་དགྱེས་པའི་ཆེད་དུ་ལྷ་ངོམ་གྱི་རྩེད་མོ་སྣ་ཚོགས་བྱེད་པ་ཞིག་ཡིན།

ཀླུ་རྩེད།

    ཀླུ་རྩེད་ཅེས་པ་ནི་ཀླུའི་རྒྱལ་པོ་ལ་ངོ་བསྟོད་པའི་ཆེད་དུ་རྩེད་མོ་བ་རྣམས་ཀྱིས་སྟག་སེང་ཁྱུང་འབྲུག་གི་དར་མཚོན་སྣ་ཚོགས་བཟུང་ནས་ཆུ་མགོ་དང་ཆུ་ཁར་སོང་སྟེ་བསང་མཆོད་བྱེད་ཅིང་། ཤིང་ཏོག་དང་། ལོ་ཏོག ཞོ། འོ་མ། མར། བདུག་སྤོས། བསང་རྩི། ཤུག་པ་ལ་སོགས་པའི་མཆོད་པ་རྒྱ་ཆེན་པོ་མཛད་དེ་གླུད་གཏོང་བཏོན་ཚར་རྗེས། གླུད་གཏོ་ཕུལ་ཏེ་རྩེད་ཆས་རྣམས་ཆུ་ལ་དབྱུགས་ནས་རྩེད་མོའི་གར་སྣ་ཚོགས་འཁྲབ་པ་ཞིག་ཡིན།

དམག་རྩེད།

    དམག་རྩེད་ནི་རྩེད་མོ་བ་དག་གིས་ལག་ཏུ་མདའ་མདུང་གྲི་གསུམ་དང་རུ་སྡར་སྣ་ཚོགས་ཐོག་ཏེ་ཁ་ནས་“བེ་ཧི། བེ་བེ། བེ་ཧ།”ཞེས་ཟེར་ཞོར་དུ་ལག་གི་མདའ་མདུང་གྲི་གསུམ་གྱི་མཚོན་ཆ་མཁའ་རུ་འཕྱར་ནས་རྩེ་བ་དང་། སྡེ་བའི་ནང་གི་ལོ་ན་རྒན་གྲས་ཤིག་གིས་འཁར་རྔ་དང་ལྷ་རྔ་སོགས་རྡུང་ཞོར་དུ་རང་སྡེའི་གཞི་བདག་མཐུ་བོ་ཆེ་དག་གི་མཚན་ནས་བོས་ཏེ་ཡུལ་མི་ཀུན་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་རེ་བཅོལ་བྱེད་པ་མཚོན་པ་ཞིག་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...