སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁམས་ཉག་རོང་གི་ཚེས་བཅུ་དུས་ཆེན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-30 9:37:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།
     ཁམས་ཉག་རོང་དུ་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་དེ། ལོ་སྐོར་ཟླ་བ་བཅུ་གཉིས་ཀྱི་ནང་ཚན་དུས་ཆེན་ཆེས་ཆེ་བ་ཞིག་ཏུ་བརྩིས་ནས་ཟབ་རྒྱས་སུ་རོལ་བ་སྟེ། རྒྱའི་ལོ་སར་དང་བོད་ཀྱི་བཅུ་གསུམ་ཞེས་དེ་ལས་ཆེ་བའི་དུས་ཆེན་མེད་པར་བཤད།
     ཉག་རོང་དུ་བཅུ་གསུམ་གྱི་དུས་ཆེན་རོལ་ཅིང་། དུས་ཆེན་འདི་ལོ་སར་བརྩིས་པའི་སྲོལ་འདི་ཇི་ལྟར་བྱུང་བའི་སྐོར་ལ་ཤོད་ཚུལ་མི་འདྲ་བ་གསུམ་སྣང་སྟེ། དང་པོར། ཉག་དཔོན་ཨ་མགོན་གྱིས་ཁམས་ཆབ་མདོ་མན་ཆད་དང་། ཤར་རྒྱལ་མོ་རོང་ཡན་ཆད་དྲག་པོ་དཔུང་གིས་དབང་དུ་སྡུད་སྐབས། དམག་ཇུས་ལ་བྲེལ་བས་ལོ་སར་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་དུ་སྔར་སྣུར་བྱས། དེ་ནས་ཡུལ་གཞན་དུ་དམག་དྲངས་པས་གཡུལ་ལས་རྣམ་པར་རྒྱལ་པས་གོང་གི་ཟླ་ཚེས་དེ་བརྩི་མི་དགོས་པའི་གཟའ་སྐར་བཟང་པོར་བརྩིས་ཏེ་དུས་ཆེན་རོལ་བའི་སྲོལ་བྱུང་ཚུལ་དང་། གཉིས་པ། ལྕགས་མདུད་ཤེས་རབ་རྒྱ་མཚོ་དེ་ཉིད་མཁས་དང་གྲུབ་པའི་སྙན་པ་ཕྱོགས་མེད་དུ་ཁྱབ། ཉག་སྟོད་སྡེ་བཞིའི་བཀུར་གནས་སུ་གྱུར་པར། བོད་ཟླ་དང་པོར་ལོ་སར་རོལ་ན། ཆོ་འཕྲུལ་ཆེན་པོའི་ཟླ་བའི་ནང་བཤས་མང་པོ་བཤའ་བར་དགོངས་ཏེ་ཟླ་བ་སྔ་མའི་གཟའ་སྐར་ཤིན་ཏུ་དགེ་བའི་ཚེས་བཅུ་གསུམ་ཉིན་ལོ་སར་སྔར་སྣུར་བྱས་པ་ལས་སྲོལ་ཚུགས་ཚུལ་དང་། གསུམ་པ། ཁམས་ཉག་རོང་ནི་སྔོན་ཁྲ་མོ་གླིང་གི་ས་ཆ། འབྲུ་དགའ་བདེ་ཆོས་སྐྱོང་བེར་ནག་གི་གདན་ས། གྲུབ་བརྙེས་ཀྱི་རིག་འཛིན་བར་མ་ཆད་པར་འབྱུང་བའི་རོང་ཆེན་སྟེ། གླིང་རྗེ་གེ་སར་རྒྱལ་པོ་དེ་ཉིད་ཀྱིས་ཕྱོགས་བཞིའི་དགྲ་བཞི་བཏུལ། ནག་པོ་བདུད་དང་སེར་པོ་ཧོར། སྨུག་པོ་འཇང་ལ་སོགས་པའི་ཡུལ་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པ་ཉི་འོད་བཞིན་ཁྱབ་པར་མཛད་དེ། མི་ཡུལ་གྱི་འགྲོ་དོན་རེ་ཞིག་རྫོགས་ནས་ལྷ་ཡུལ་དུ་གཤེགས་ཁར་གྱི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། གླིང་དཀར་སྟོད་སྨད་ཐམས་ཅད་དགའ་སྟོན་གྱི་དཔལ་ལ་རོལ་བས། དེའི་རྗེས་དྲན་གྱི་ཆེད་དུ་སྲོལ་འདི་ཚུགས་པ་ཡིན་ཚུལ་གྱི་ངག་རྒྱུན་དུ་ཡང་སྣང་ངོ་། །
     བཅུ་གསུམ་རོལ་བའི་དུས་བཟའ་བཅའ་བཏུང་གསུམ་གྱི་རིགས་དང་རྒྱན་གོས་གཟབ་མཆོར་སྤྲས་སྟངས། རྟའི་བང་རྩལ་འགྲན་སྟངས་སོགས་ནི་བོད་ཡུལ་སྤྱི་དང་འདྲ་བ་རེད། ཡུལ་ལྷ་གཞི་བདག་མཆོད་བསྟོད་ཀྱི་སྟ་གོན་ལ། བསང་ཤིང་། བསང་རྫས། དཀར་གསུམ་མངར་གསུམ་གྱི་ཕྱེ་མ། ཇ་ཕུད། ཆང་ཕུད། འོ་ཕུད། ལ་བཙས་གསོ་བྱེད་ཀྱི་རྒྱལ་མཚན་རྩེ་མོ་སོགས་ཀྱི་རླུང་རྟ་སྣ་ཚོགས། གཞི་བདག་གི་སྐོང་རྫས་ཤིང་ལས་གཞོག་པའི་མདའ་གཞན་ན་མ་དར་བའི་སྲང་ཤིང་ཞེས། ཤིང་སྟག་པའི་ཡལ་ག་འདམ་དོ་ཙམ་གྱི་ཡུ་བ་ཅན་ཡལ་ག་མང་པོ་ཡོད་པར་ཁབ་ཀྱིས་བུ་ག་གཏོར་པར་བྱ་དཀར་གྱི་སྤུས་བརྒྱན་པ། ཀླུ་མཆོད་སོགས་ལ་མཁོ་བའི་བལ་མཚོན་དང་། དར་ཕྲེང་སྒོ་དར་རྣམས་སོ། །
     ཚེས་བཅུ་གཉིས་ཉིན་གྱི་དགོང་མོར། ཁང་པའི་སྟེང་འོག་ཐམས་ཅད་གཙང་མར་ཕྱགས། ཁང་པའི་ཀ་གདུང་དང་ཐབ་ཀ་སོགས་ལ་གྲོ་ཕྱེས་ཁྲ་རྟགས་བཀོད། རྒྱས་པ་ལ་གཡུང་དྲུང་དང་དཔལ་བེའུ་སོགས་བཀྲ་ཤིས་པའི་རི་མོ་འབྲི་ཆང་སྣོད་སོགས་ལ་མར་གྱི་ཁྲ་རྟགས་ཀྱིས་བརྒྱན།  བཅུ་གསུམ་དངོས་རོལ་གྱི་གོམས་སྲོལ་ལ། ཉིན་དང་པོ་སྟེ་བཅུ་གསུམ་ཉིན། སྐྱ་རེངས་མ་ཤར་གོང་ཙམ་ནས་ལངས་ཏེ་ཁ་ལག་གཙང་མར་བཀྲུས་རྗེས་སྐྱེས་པ་རྣམས་ཀྱིས་རང་རང་གི་ཁང་སྟེང་ནས་ལྷག་བསང་བཏང་། བུད་མེད་རྣམས་ཆུ་ཁ་ནས་ཆུ་དང་འཁྱགས་རོམ་ལེན་ཏེ་ཆུའི་སྣོད་བཀང་། ཟས་ཀྱི་ཐོག་མར་ཁྱིམ་དུ་ལོ་ན་མཐོ་བའམ་ཡང་ན་བཟའ་དཔོན་གྱིས་ཁྱིམ་མི་ཐམས་ཅད་ལོ་གསར་པའི་ནང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་ཚིག་བརྗོད་པ་དང་སྦྲགས། ཁ་ཕྱེ་མས་གསོ་ཞེས་དཀར་གསུམ་མངར་གསུམ་གྱི་ཕྱེ་མ་འགམ་དུ་འཇུག  དེ་ནས་གང་འདོད་ཀྱི་ཟས་ལ་ལོངས་སྤྱད་དེ་རང་ཁྱིམ་དུ་སྐྱིད་སྐྱིད་བཏང་བ་ལས་ཕྱི་ལ་འགྲོ་སྲོལ་མེད།
     ཚེས་བཅུ་བཞི་ཉིན། ཉེ་འཁོར་གྱི་གྲོང་ཚོ་དུ་མ་ཞིག་གི་རྐྱ་པ་རྣམས་འདུས་ནས་རི་བསང་གཏོང་བ། སྐྱེས་པ་རྣམས་ཀྱིས་གོས་བཟང་གྱོན། སྒ་བཀྲ་སྟན་བཀྲ་བྱས་པའི་རྟ་ལ་བཞོན་ནས་གཡས་ལ་བཙས་གསོ་བྱེད་ཀྱི་སྲུང་ཤིང་རླུང་རྟས་བརྒྱན་པ། ཕྲག་ཏུ་བསང་རྫས་ཁུར་ནས་རྟ་པ་བཅུ་ཕྲག་དུ་མ་ལྷ་རིའི་རྩེར་འགྲོ་ནས། ལྷ་བསང་ནམ་མཁའ་གང་བ་བཏང་། ལ་བཙས་གསོ། ལ་བཙས་གསོས་ཟིན་རྗེས་ལྷ་རྒྱལ་ལོ་ཞེས་འུར་དིར་གྱིས་གནམ་ས་བཀང་མཐར། རྟ་པ་བསང་མཆོད་འདོན་མཁན་དང་བཅས་པས་ཡུལ་ལྷ་གཞི་བདག་དགྱེས་པའི་ཆེད་དུ་ལྷ་རིའི་འགོར་བསང་རག་འཐུང་སྲོལ་ཡོད་དེ། ཕོག་སར་ཕལ་ཆེར་བཟི་ནས་རྐྱ་པ་རྣམས་ལྷ་རི་ལས་བབ་སྐབས་ལྟད་མོ་ངོ་མཚར་བ་སྣ་ཚོགས་མཐོང་རྒྱུ་ཡོད་དོ། ། དེ་ནས་ཐང་ལ་བབས་ཏེ་ཐང་གི་བསང་ཆེན་ལ་བསང་སྐོར་རྒྱུག་འཕྲལ་དུ་རྟ་རྒྱུག་གི་འགོ་ཚུགས་ཏེ། རྟ་རྩལ་ལ་བཟང་བའི་ཕོ་སར་རྣམས་ཀྱིས་སྒ་འགྱུར་དང་། ཅོག་ཙེ་རྟ་བབ་དང་། སྒ་མཆོང་དང་། རྟ་ཐོག་ནས་བོའུ་རྩལ་འགྲན་པ་དང་། མདའ་རྩལ་འགྲན་པ། ཁ་བཏགས་ལེན་པ་སོགས་རྐྱ་རྩལ་དང་། རྟའི་མགྱོགས་ཚད་འགྲན་པ་སོགས་ཏེ། ལྟད་མོ་བ་རྣམས་ཀྱིས་ཆང་འཐུང་བཞིན་ལྟད་མོའི་སྐབས་བསྟུན་དུ་ཀི་སོ་ཧོ་གསུམ་གྱིས་དུས་འདའ་བ་ལ། དགོང་ཁར་བཀྲ་ཤིས་པའི་རྟ་རྒྱུག་ཅེས་རྟ་པ་ཐམས་ཅད་མཉམ་དུ་རྒྱུག་པར། ཡུལ་ལུང་ཀུན་རྟ་མང་གི་རྨིག་སྒྲ་དང་། རྟ་སྐེའི་དྲིལ་ཆུང་དང་བྱེའུ་གཡེར་པའི་སིལ་སྒྲ། རྟའི་ཧུར་སྒྲ། རྟ་པ་དང་ལྟད་མོ་བ་རྣམས་ཀྱིས་ཤིས་བརྗོད་འདོད་གསོལ་གྱི་སྒྲ་བཅས་ཀྱིས་བཀང་། མཐར་རྟ་པ་ཐམས་ཅད་རྟ་ལས་བབས་ཏེ་ཞྭ་ཕུད་ནས་བཀྲ་ཤིས་ཀྱིས་མཐར་བརྒྱན་ནས་རང་ཁྱིམ་དུ་ལོག་གོ།
     ཚེས་བཅོ་ལྔ་ཉིན་ནི། བྲོ་འཆམ་པའི་ཉིན་ཏེ། ན་ཚོད་དར་ལ་བབས་པའི་སྐྱེས་ཕོ་མོ་ཀུན་རྒྱན་གོས་ཀྱིས་མཛེས་པར་བྱས་ཏེ་བྲོ་རར་ཕྱིན། བྲོ་རའི་དཀྱིལ་དུ་ཅོག་ཙེ་གྲུ་བཞིའི་སྟེང་འབྲུ་སྣས་བཀང་བའི་འབྲུ་འབོའི་ཁར་དར་ཚོན་སྣ་ལྔས་བརྒྱན་པའི་ཚེའི་མདའ་དར། མདུན་དུ་ཆང་གིས་བཀང་བའི་དངུལ་ལྟིར་དང་དངུལ་ཕོར། ཁ་བཏགས་བཅས་བཤམས་ལ། དེར་བསྐོར་ནས་ཉག་བྲོ་དལ་ལ་རིང་མོ་དེ་འཆམ་འགོ་བརྩམ་པར། བྲོའི་འགོ་མ་ངེས་པར་དུ།  ཉི་མ་སེར་པོ་ཤར་ནས་ཤར། ། བླ་མ་བཟང་པོའི་མདུན་ལ་ཤར། ། ཆོས་ཀྱི་བསྟན་པ་དེ་ནས་དར། ། ཉི་མ་སེར་པོ་ཤར་ནས་ཤར། ། དཔོན་པོ་བཟང་པོའི་མདུན་ལ་ཤར། ། ཁྲིམས་ཀྱི་བསྟན་པ་དེ་ནས་དར། ། ཉི་མ་སེར་པོ་ཤར་ནས་ཤར། ། མ་སྲུ་བཟང་པོའི་མདུན་ལ་ཤར། ། མགྲོན་གྱི་བསྟན་པ་དེ་ནས་དར། ། ཞེས་པ་དེ་འཆམ་ལ། དེ་ནས་བྲོ་དཔོན་གང་འདོད་ཀྱི་བྲོ་འཆམ་པར། སྡེ་དེའི་སྤྱི་གཉེར་པས་ཐོག་མར་བྲོ་དཔོན་ལ་ཁ་དར་བཏང་སྟེ། ཚུལ་འདི་སྔར་སྲོལ་བཟང་པོའི་རྒྱུན་མ་ཆད་པ་ཡིན་ལུགས་དང་། དེང་འདིར་སྐྱ་སེར། རྒན་གཞོན། ཕོ་མོ་ཀུན་གྱིས་འབད་པ་མཐུན་འགྲིག་ལ་བརྟེན་ནས། སྡེ་འདིའི་མི་ནོར་དར་ཞིང་རྒྱས་པའི་ཚུལ་དང་། ཕན་ཚུན་ཀྱང་སྤྱོད་བཟང་དར་སྤེལ་དགོས་ཚུལ་གྱི་གཏམ་བཤད། བྲོ་པ་ཐམས་ཅད་ལའང་ཁ་བཏགས་གཏོང་བར། སྐྱེས་པ་ལ་ཕྲག་པ་གཡས་དང་། བུད་མེད་ལ་ཕྲག་པ་གཡོན་ནས་བསྐོར་ཏེ་པ་བཏགས་བསྐོན་དགོས།
     ད་ལྟར་བྲོ་འཆམ་པ་ལ། བྲོ་པ་ཕོ་མོའི་བར་བྲོ་གསར་འགྲན་སྲོལ་ཞིག་ཡོད་དེ། ཡུལ་དེར་མ་དར་བའི་བྲོ་གསར་ཞིག་ཕོ་གསར་ཚོས་ཤེས་ན་བུད་མེད་རྣམས་ལ་གསང་བ་དང་། བུད་མེད་རྣམས་ཀྱིས་ཤེས་ན་ཕོ་གསར་ཚོར་གསང་བ་སྟེ། དངོས་སུ་འགྲན་སྐབས་ཕོ་མོ་སུའི་ཕྱོགས་ནས་མ་ཤེས་ནས་བྲོ་ཆད་ཚེ་ལྟད་མོ་བ་ཀུན་གྱིས་དགོད་སྒྲས་ཁྱབ་པ་དང་། སྨྲ་ལྕེ་བདེ་བ་དག་གིས་ཕམ་མཁན་ལ་ཁ་བཏགས་བཏང་བ་སོགས་ཀྱིས་ཤིན་ཏུ་ངོ་ཚ་བར་གྱུར་ཕྱིན། བྲོ་གསར་འགྲན་པར་རྩོད་པ་ཧ་ཅང་ཆེ་བ་སྟེ། བྲོ་གསར་སློབ་སྐབས་འགྲན་སྡུར་སྔོན་དུ་ཕྱོགས་གཞན་ལ་མི་སློབ་པའི་དམ་བཅའ་འཇོག་པ་དང་། མནའ་བོར་བའི་སྲོལ་ཡང་ཡོད་ཅེས་གླེང་།
     ཉག་བྲོ་འཆམ་རིང་སྤྱི་པ་ཁག་དང་། མགྲོན་པོ་སོགས་ཀྱིས་བྲོ་སྟོན་འབུལ་སྲོལ་ཡང་ཡོད་དེ། སྤྱི་གཉེར་པས་བྲོ་འཆམ་མཚམས་རན་པའི་སྐབས་དང་བསྟུན། མི་སུ་ཞིག་དང་ཡང་ན་སྤྱི་ཁག་གང་གིས་བྲོ་ར་རྒྱས་པའི་རྟེན་འབྲེལ་ཏུ་བྲོ་སྟོན་གང་ཞིག་འབུལ་བའི་ཚུལ་དང་། འབུལ་མཁན་ལ་བསྟོད་པ་དང་ཤིས་བརྗོད་ཀྱི་ཚིག་སྙན་འཇེབས་ཡིད་དུ་འོང་བ་བཤད་ཤེས་དགོས།
     ད་དུང་ཚེས་བཅོ་ལྔའི་ཉིན་ནི། ལོ་གཅིག་གི་རིང་ནང་རྒྱུ་ཕྱི་ལ་ངོམས་པའི་ཉི་མ་སྟེ། ལྟད་མོ་བ་འགའ་ཞིག་ནི་རྒྱན་གོས་ལ་ལྟད་མོ་ལྟ་འོང་བའང་ཡོད།
     དེའི་ཕྱི་ཉིན་ནས་རིམ་བཞིན་རྒྱན་གོས་སྟབས་བདེ་སྤྲས་ཏེ། མདའ་རྩལ་འགྲན་པ་དང་། དེ་བཞིན་བོའུ་རྩལ་དང་། མགྱོགས་རྩལ་དང་། འགྱོག་ཤེད་དང་། སྐེ་འཐེན་དང་། རྨ་བྱ་ཆུ་འཐུང་གི་རྩལ་འགྲན་པ་དང་། ཁ་ཤགས་དང་། གླུ་ཤགས་དང་། མགུར་མོ་ལེན་རེས་དང་། མགུར་མོ་འདེབས་པ་སོགས་དང་། ཡང་ན་ཉིན་མཚན་ཀུན་ཏུ་དགའ་སྟོན་གྱི་དཔལ་ལ་རོལ་ཏེ། ཕོ་གསར་མོ་གསར་ཚོས་དགའ་རོགས་སྒྲིག་པའི་རྙེད་པར་དཀའ་བའི་དུས་ཚིགས་ཡིན་ལ། ཕོ་སར་རྣམས་ཆང་གི་ནུས་པ་ལ་བརྟེན་ནས་སྤོབས་པ་ཆེར་བསྐྱེད་པའི་དུས་ཆེན་ཞིག་ཀྱང་ཡིན་ནོ། །
     དེ་ལྟར་ཉིན་ཤས་རོལ་མཐར། མཇུག་ཏུ་བཀྲ་ཤིས་བརྒྱན་སྲོལ་ལ། སྔར་ཡོད་བྲོ་པ་རྣམས་ཀྱི་ཁར་སྐྱེས་ཕོ་མོ་ཀུན་དང་། ཁྱད་པར་དུ་ཁ་རྒན་བཀྲ་ཤིས་ཞེས་ལོ་ན་མཐོ་ཞིང་ལུས་སྟོབས་བཟང་བ། ཁྱིམ་ཚང་སྐྱིད་ཅིང་དཔལ་ཕྱུག་འཛོམས་པ། མི་སེར་ཀུན་གྱིས་བརྩི་མཐོང་ཆེ་བ་ཞིག་གིས་བྲོ་དཔོན་བྱས་ཏེ། བཀྲ་ཤིས་ལུང་པའི་ཕུ་ལ། བཀྲ་ཤིས་གངས་རི་ཆགས། བཀྲ་ཤིས་གངས་རི་དེ་ལ། གངས་ཀྱི་སེང་གེ་འཁོར། གངས་ཀྱི་སེང་གེ་འཁོར་བར། སེང་ལ་གཡུ་རལ་རྒྱས། བཀྲ་ཤིས་ལུང་པའི་སྐེད་ལ། བཀྲ་ཤིས་ནགས་རི་ཆགས། བཀྲ་ཤིས་ནགས་རི་དེ་ལ། ནགས་ཀྱི་སྟག་མོ་འཁོར། ནགས་ཀྱི་སྟག་མོ་ཆགས། བཀྲ་ཤིས་སྡེ་བཞི་ཆགས་པར། ཕ་མོ་བཀྲ་གསུམ་རྒྱས། ཕོ་མོ་བཀྲ་གསུམ་རྒྱས་ཤིང་། བཀྲ་ཤིས་རྟག་ཏུ་འབར། ཞེས་པའི་བྲོ་ངག་རིང་མོས་མཐར་བརྒྱན་ཏེ། བྲོ་ཡག་བྲོ་ཡག་ཅེས་འབོད་ཞོར་དུ་ཞྭ་ཕུད། དེ་ལྟར་འདུ་ར་གྱེས་པ་ན། ཕོ་མོ་ལོ་ཆུང་རྣམས་ཕན་ཚུན་འབྲལ་དགོས་པའི་སྡུག་འསྔལ་དང་། རྒན་དགོན་འགའ་ཞིག་གིས་ད་ལོའི་བཅུ་གསུམ་འཕྲེང་བཞིན་དུ། གཉེན་ཉེའི་བར་ཕན་ཚུན་འཁྱུད་པ་དང་། ལག་པར་འཆང་བ་སོགས་ཡང་ཡང་བྱས་མཐར་རང་སྡེར་ལོག་གོ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...