སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀྲུང་གོའི་རྒྱན་གོས་དུས་ཆེན་དུ་ཨ་ཅག་ལྷ་མོའི“བོད་སྲོལ་གྱོན་ཆས་ཤོམ་སྟོན”གྱི་བཀྲགས་མདངས་འཚེར།
རྩོམ་པ་པོ། པད་མས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-8 10:43:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།


གྱོན་ཆས་འགྲེམས་སྟོན་གྱི་ཡུལ་དངོས།

          སྤྱི་ཟླ11པའི་ཚེས5ཉིན་གྱི་དགོང་མོར། བོད་ཀྱི་གཞས་མ་གྲགས་ཅན་ཨ་ཅག་ལྷ་མོས་ལས་རིགས་བརྒལ་ནས་ཐུན་མོང་མ་ཡིན་པའིAJ-NAMOཞེས་པའི་ཚོང་རྟགས་གྱོན་ཆས་གསར་གཏོད་བྱས་ཏེ་མའེ་སཱ་ཏི་སི—པིན་ཁྲི་ཀྲུང་གོའི་རྒྱལ་སྤྱིའི་རྒྱན་གོས་འགྲེམས་སྟོན་དུ་མངོན། AJ-NAMOརྟགས་ཅན་གྱིས་གཙོ་བོ་བོད་ལུགས་གྱོན་ཆས་ཀྱི་དར་སྲོལ་གཞིར་བཟུང་སྟེ་བོད་ཀྱི་གདོད་མའི་སྣོད་བཅུད་ཀྱི་ནོར་གནག་དང་། གཡུ་སྔོན་པོ། སྟབས་བདེའི་དཀར་པོ་བཅས་ཚོས་གཞི་གཙོ་བོ་བྱས་ཏེ་དེང་རབས་གྱོན་ཆས་ཀྱི་ཇུས་འགོད་བྱེད་སྟངས་ཀྱི་འགུལ་རྣམ་དང་གཅིག་འདྲེས་བྱས་ཡོད། གྱོན་ཆས་འགྲེམས་སྟོན་དེ་པེ་ཅིན་གྱི་ཆའོ་ཧྥུའུ་ཧྥང་རྩྭ་ཐང་ལང་ཆའོ་ཐན་ཐིས་སུ་སྤེལ་བ་དང་། བོད་རིགས་དང་། ཡུ་གུར་རིགས། སོག་རིགས། ཧུའེ་རིགས་སོགས་མི་རིགས་ཀྱི་རྒྱལ་སྤྱིའི་གཟུགས་དཔེ་གྲགས་ཅན་སུམ་ཅུ་ལྷག་ཤོམ་དུ་ཞུགས་ཡོད། བུད་མེད་ཀྱི་གཞས་གདངས་འབྲིང་བ་གྲགས་ཅན་འཇམས་དབྱངས་སྒྲོལ་མ་ཐེངས་དང་པོར་ལས་རིགས་བརྒལ་ཏེ་ཆེས་མཐའ་མར་གྱོན་ཆས་ཤོམ་སྟོན་བྱས།
     གྱོན་ཆས་འགྲེམས་སྟོན་གྱི་རྗེས་སུ། ཨ་ཅག་ལྷ་མོས་ཀྲུང་གོའི་བོད་ལྗོངས་དྲ་བའི་བཅར་འདྲི་དང་ལེན་བྱེད་དུས་བཤད་རྒྱུར། ཐེངས་འདིའི་གྱོན་ཆས་འགྲེམས་སྟོན་ལ་ལོ་གཅིག་གི་དུས་ཚོད་བཀོལ་བ་དང་། ད་ལོའི་ཟླ་གསུམ་པར། “ཉི་མའི་ཚོ་བའི་ཐོལ་ཤེས་དང་ལས་བརྒལ”ནས་ཡོང་བའི་ཚོང་རྟགས་ཐོག་དང་པོར་འགྲེམས་སྤེལ་བྱ་བའི་ཚོགས་འདུའི་སྟེང་། བོད་ཀྱི་གདོད་མའི་སྣོད་བཅུད་ཇུས་འགོད་ཀྱི་འདུ་ཤེས་ལ་རྒྱལ་སྤྱིའི་དར་སྲོལ་ལས་རིགས་ཀྱི་བློ་མཐུན་གྱིས་ཁས་ལེན་ཐོབ་རྗེས་སྔར་བས་སྤོབས་པ་ཡོད་པར་གྱུར་ཞེས་བཤད།


ཨ་ཅག་ལྷ་མོ་དང་བཟོ་བཀོད་སྤྱི་ཁྱབ་ལྟ་ཞིབ་པ་ཀྲོའུ་ཀྲོའུ་ཡིས་ཡུལ་དངོས་སུ་བཅར་འདྲི་དང་ལེན་བྱེད་བཞིན་པ།

     “ང་ནི་རྩྭ་ཐང་གི་འབྲོག་ཁྱིམ་ཞིག་ནས་སྐྱེས་པ་ཡིན་ཞིང་། ཕ་མེས་ཡང་མེས་ཀྱིས་བཞག་པའི་སྲོལ་རྒྱུན་གྱི་གྱོན་ཆས་ཀྱི་རྒྱུ་ཆར་བརྩེ་བ་ཟབ་མོ་ཡོད། བོད་པའི་གྱོན་ཆས་ཀྱི་རི་མོའི་གྲུབ་ཚུལ་དང་། ཚོས་གཞིའི་སྡེབ་སྦྱོར། རས་ཀྱི་རྒྱུ་ཆ་ཚང་མར་ཐུན་མིན་གྱི་ཁྱད་ཆོས་ལྡན། AJ-NAMOཞེས་པའི་ཚོང་རྟགས་འདི་ནི་མི་རིགས་ཀྱི་སྲོལ་རྒྱུན་དུ་རྐང་ཚུགས་པའི་དུས་མཚུངས་སུ་དེང་རབས་ཀྱི་དུས་གསར་དང་། ཚོང་རྭའི་མཛེས་དཔྱོད་དང་གཅིག་ཏུ་འདྲེས་པར་ཚོད་ལྟ་བྱས་ཡོད”ཅེས་ཨ་ཅག་ལྷ་མོས་དེ་ལྟར་མཚམས་སྦྱོར་བྱས།
     བུད་མེད་ཀྱི་གཞས་གདངས་འབྲིང་བ་གྲགས་ཅན་གཞས་མ་འཇམ་དབྱངས་སྒྲོལ་མས་ལུས་སུAJ-NAMOརྟགས་ཅན་གྱི་གྱོན་ཆས་གོན་ཏེ་ཆེས་མཇུག་མཐར་ངོམས་ཤིང་། ཁོ་མོས་བཤད་རྒྱུར”ངས་ཨ་ཅག་ལྷ་མོའི་ཇུས་འགོད་ཀྱི་འདུ་ཤེས་ལ་ཧ་ཅང་ཡི་རངས་བྱེད། བོད་ཀྱི་གྱོན་གོས་མང་ཆེ་བའི་ཁྱད་ཆོས་ནི‘ རྩུབ་པོ’ ཡིན་མོད། ཨ་ཅག་ལྷ་མོའི་ཇུས་འགོད་ཀྱིས ‘ཞི་བའི’ མཛེས་པ་མངོན་པར་མ་ཟད། ཚེམས་ཁབ་རེ་རེ་དང་རི་མོ་རེ་རེ་ཚང་མས་ལྷིང་འཇགས་ཀྱིས་བོད་མི་རིགས་ཀྱི་མཛེས་པ་མངོན་བཞིན་ཡོད”ཅེས་བཤད།


འཇམ་དབྱངས་སྒྲོལ་མས་གྱོན་ཆས་ངོམས་བཞིན་པ།

     ལོ21ཅན་གྱི་གཟུགས་དཔེ་བསམ་འགྲུབ་ཚེ་རིང་ནི་མཚོ་སྔོན་ནས་ཡོང་བ་ཡིན་ཞིང་། ཁོང་གི་ཤ་མདོག་སྨུག་པོ་དང་། བོད་ལུགས་ཀྱི་རལ་པ་དང་གདོང་གི་རྣམ་འགྱུར་སོགས་གར་སྟེགས་ཀྱི་བཟོ་བཀོད་ནི་གདོད་མའི་སྣོད་བཅུད་ཀྱི་རྣམ་པ་དང་ཤིན་ཏུ་མཐུན་པོ་ཡོད། བཟོ་དབྱིབས་སྤྱི་ཁྱབ་ལྟ་ཞིབ་པ་ཀྲོའུ་ཀྲོའུ་ཡིས་ད་ཐེངས་ཀྱི་གཟུགས་དཔེ་མང་ཆེ་བ་ནི་གྲངས་ཉུང་མི་རིགས་ཀྱི་གྱོན་ཆས་གཟུགས་དཔེ་ཡིན་པ་དང་། ཁོ་ཚོའི་ཐིག་རིས་ཅུང་ལངས་གཟུགས་ཡིན་པས་མཛེས་རྒྱན་ཐལ་ཆེ་བས་བརྒྱན་མི་དགོས། སྐྲ་མཛེས་བྱེད་པའི་སྟེང་ཡང་གདོད་མའི་མཛེས་ཉམས་གལ་ཆེར་བཟུང་ཡོད་པས་མི་རྣམས་ལ་མིག་གིས་བལྟས་པ་ཙམ་གྱིས་མདོ་དབུས་མཐོ་སྒང་གི “ དྭངས་གཙང” དང“མཛེས་སྡུག” ཡོད་དུ་བཅུག་ཡོད་ཅེས་མཚམས་སྦྱོར་བྱས།


བསམ་འགྲུབ་ཚེ་རིང་གིས་གྱོན་ཆས་འགྲེམ་སྟོན་བྱེད་པ།

     རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གྱོན་གོས་འགྲེམས་སྟོན་ནི་བོད་ཀྱི་ཟློས་གར་གྱིས་འགོ་བརྩམས་ཤིང་། ཚོས་གཞིས་འཁྲབ་ཐེངས་གསུམ་དུ་བགོས་པ་སྟེ། དཀར་པོས་ཚེ་སྲོག་གི་ཐོག་མ་མཚོན་པ་དང་། སེར་པོས་མཚར་སྡུག་ལྡན་པའི་མི་ཚེ་མཚོན་པ་དང་། ནག་པོས་ཚེ་སྲོག་གི་ཕྱིར་ལོག་མཚོན་ཏེ་མཉམ་གཅིག་ཏུ“དད་གུས﹒རང་བྱུང” ཞེས་པའི་བརྗོད་གཞིར་འགྲེལ་བ་བྱས། ཐུན་མིན་གྱི་བོད་ཀྱི་བྲོ་གར་དང་གླུ་གཞས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུགས་ཏེ་ལྟད་མོ་ལྟ་བར་ཡོང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...