སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འུར་བཏགས་ཀྱི་ལོ་རྒྱུས་དང་བཤད་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-4 11:18:00 རྩོམ་ཁུངས། འཕྲིན་སྟེགས། ཀློག་གྲངས།


ཆུ་མིག་དགུ་སྒྲིལ།


བརྒྱ་ཅུ་དག་སླས།


དྲུག་ཅུ་སོག་སླས།


བཅུ་དྲུག་སོག་སླས།


བ་གཟི་བེའུ་ཁྲ།


སྒང་ཁར་སྒང་ནག ཟེར་མོ་སྒང་སླས་ཀྱང་ཟེར།


འུར་ཁྲ་གཟི།

     འུར་བཏགས་ཀྱི་ལོ་རྒྱུས་ཡིག་ཚང་ཁག་དང་འཕྲིན་སྟེགས་དྲྭ་བ་སོགས་ནས་གང་འཚམ་བཙལ་རྒྱུ་ཡོད་ན་ཆོག་ཀྱང་། ད་ཐེངས་འདིར་རང་ཡུལ་ལུང་པའི་རྒན་རབས་རྣམས་ཀྱི་ངག་རྒྱུན་ནས་བྱུང་བ་ལྟར་འུར་བཏགས་ཀྱི་ལོ་རྒྱུས་བསླ་སྟངས་འགའ་བསྡུ་རུག་བྱེད་རྒྱུ་ཡིན། 
     དེ་ཡང་། འུར་བཏགས་ནི་བོད་ཀྱི་ལག་ཆ་གནའ་སྔ་མོ་ནས་དར་ཞིང་ལྕགས་ཀྱི་མཚོན་ཆ་གྲི་མདུང་སྟ་རེ་ཉུང་བ་དང་གཞུ་དང་། སྨྱུག་མདའ། བོད་མདའ། འཕྲུལ་མདའ་སོགས་དར་ཁྱབ་མ་བྱུང་གོང་ནས་འུར་བཏགས་ཡོད་པ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ལག་ཆ་ཞིག་ཡིན་འདུག འུར་བཏགས་ཀྱི་རྒྱུ་ཆ་ནི། ཁལ་དང་འབྲི་ཡི་སྤུ་རྩིད་དང་ཡང་ན་གཡང་དཀར་ལུག་གི་བལ་ལས་བཟོ་སྲོལ་ཡོད། འུར་བཏགས་ཀྱི་རིག་མི་འདྲ་བ་གསུམ་ཡོད། ཆུ་མིག་དགུ་སྒྲིལ་དང་། བ་གཟི་བེའུ་ཁྲ། ཕྱུག་སླས་མ་དང་གསུམ་ཡོད་པ་རེད། དེ་ལྟར་རིགས་མི་འདྲ་བའི་འུར་བ་བཏགས་གང་ཞིག་ཡིན་ཡང་སྐུད་པ་དཀར་པོ་དང་ནག་པོ་གྲངས་ཀ་མཉམ་དགོས།        
     ཆུ་མིག་དགུ་སྒྲིལ་ལ། སྐུད་པ་རྐྱ་བཅུ་གཉིས་སམ་ཡང་ན་བརྒྱད་དགོས། བ་གཟི་བེའུ་ཁྲ་ལའང་བཅུ་གཉིས་སམ་བརྒྱད་དགོས། ཕྱུག་ལྷས་མ་ལ་སྣ་ཁ་གསུམ་ཡོད་དེ། མང་ཤོས་ལ་རྐྱ་བརྒྱད་ཅུ་དགོས། དེ་ལ་བརྒྱ་ཅུ་དར་སླས་ཟེར། དྲུག་ཅུ་སོག་སླས་ལ་དྲུག་ཅུ་དགོས་ཏེ་དེ་ལ་དྲུག་ཅུ་སོག་སླས་ཟེར་ཞིང་། ད་དུང་བཅུ་དྲུག་སོག་སླས་དང་ཡང་ན་ཉེར་བཞི་སོགས་བྱེད་ནས་བསླ་གསོལ་འདུག ཆུ་མིག་དགུ་སྒྲིལ་ནི་གཅོད་པ་དང་སྔགས་པ་རྣམས་ཀྱི་འདོགས་པ་དང་། བ་གཟི་བེའུ་ཁྲ་ནི་རྫི་བོ་བུ་དང་བུ་མོ་རྣམས་ཀྱིས་འདོགས་པ་དང་། ཕྱུག་སླས་ནི་སྐྱེས་བུ་དར་མ་རྣམས་ཀྱིས་འདོག་པར་བཤད།
     འུར་བཏགས་ཀྱི་བཤད་པ་ནི།
ཐོ་སྐམ་གཉིས་ཀྱི་བར་ལ་མགར་མ་མྱོང་༎
དཔའ་དགྲ་བླའི་གོ་མཚོན་སྣ་དགུ་ཡིན༎

   བ་གཟི་བེའུ་ཁྲའི་བཤད་པ་ནི། 

ཁལ་བརྒྱ་རྣམས་ཀྱི་སྤུང་རྩིས་ཡིན༎
མོ་བརྒྱ་རྣམས་ཀྱི་རྐང་རྩིས་ཡིན༎
ལུག་བརྒྱ་རྣམས་ཀྱི་ཆགས་རྩེ་འདོགས༎
ཕོ་བརྒྱ་རྣམས་ཀྱི་གྲགས་ལེ་ཡིན༎
མོ་བརྒྱ་རྣམས་ཀྱིས་བཀལ་ལེ་ཡིན༎
བུ་བུ་མོས་གང་བྱུང་བསླས་པ་ཡིན༎
ནངས་སྔ་མོ་ཡར་ལ་ལངས་པའི་དུས༎
ཕྱུགས་བེའུ་ལུག་གཟས་ལ་བསྒོ་བྱེད་ཡིན༎
བུ་ང་ལ་མ་གཏོགས་མེད་ལེ་ཡིན༎
རོགས་ཁྱེད་ལ་མ་གཏོགས་སྤྲད་ལེ་མིན༎
བཤུས་མ་གཅིག་སྐེད་ཚིགས་གཡོན་ལ་འདོག །

      ཕྱུག་ལྷས་ཀྱི་བཤད་པ་ནི།

སྟོད་གངས་སེང་དཀར་པོའི་གཡུ་རལ་དང་གཅིག །
བར་འབྲོད་རྒོད་དར་མའི་སྤུང་རྩིས་དང་གཉིས༎
སྨད་རྒྱ་རྫོང་སྟག་གི་ཁ་སྤུ་དང་གསུམ༎
སྟེང་ལྷ་ཆེན་ཚང་པས་བྱིན་གྱིས་བརླབས༎
འོག་ཀླུ་ཆེན་རྣམས་ཀྱིདངོས་གྲུབ་གནང་༎
བར་མི་བུ་རྣམས་ཀྱིས་བསླས་ལེ་རེད༎
དཔའ་དགྲ་ལྷ་རྣམས་ཀྱི་འཁོར་གསུམ་ཡིན༎
བུ་དཔའ་བོ་རྣམས་ཀྱི་ཕྱག་ལ་ཡོད༎
དགྲ་ཐད་བྱུང་ཀླད་ཁྲག་གཏོར་བྱེད་ཡིན༎

   ཆུ་མིག་དགུ་སྒྲིལ་གྱི་བཤད་པ་ནི།

སྟོད་ར་དཀར་དྲེད་ཀྱི་སྤུ་དང་གཅིག །
སྨད་དམ་བུ་ནག་པོའི་སྤུ་དང་གཉིས༎
བར་ཕག་རྒོད་ནག་པོའི་སྤུ་དང་གསུམ༎
སྲེ་མང་ནག་རྔ་མ་ཆག་རྩེ་འདོག།
ལྷ་ཀླུ་མི་གསུམ་གྱི་བྲེ་ལྷས་ཡིན༎
བྱིན་ཆེན་བླ་མས་བྱིན་གྱིས་བརླབས༎
མཐུ་ཆེན་སྔགས་པའི་ཐུན་རྡོ་གཉིས༎
གཅོད་ཆེན་དར་མའི་ཕྱགས་ལ་ཡོད༎
ཉིན་སྔ་དྲོ་མི་གཡུག་ཕྱི་དྲོ་གཡུག།
འདྲེ་རྒྱལ་འགོང་ཐེ་རང་དམ་ལ་འདོག །
     ཡང་གནའ་སྔ་མོ་གླིང་གེ་སར་རྒྱལ་པོ་ཁོང་ཕྲུ་གུའི་དུས་སུ། ས་རྨ་སྨད་ཡུལ་ལུང་སུམ་མདོ་ལ་སྡོད་དུས། སྐབས་དེར་ཇོ་རུ་ལ་འུར་བཏགས་མ་གཏོགས་མཚོན་ཆ་གང་ཡང་མེད། དེའི་སྐབས་སུ་རྐྱང་དཀར་བེ་གེ་མ་གཏོགས་རྟ་ཡང་མེད། ཇོ་རུ་ལོ་ལྔ་ལ་སླེབས་པའི་དུས། འུར་བཏགས་སྟོང་གསུམ་ཟེར་གནོན་ཟེར་བའི་འུར་བཏགས་ཡོད་པ་རེད། འུར་ཡར་གཡུག་རྒྱ་གར་ཡུལ་ལ་གཡུག སྟོད་རྒྱ་གར་ཆོས་སྒོ་གང་མ་ཕྱེས། འུར་མར་གཡུག་རྒྱ་ནག་སྨད་ལ་གཡུག སྨད་རྒྱ་ནག་ཁྲིམས་སྒོ་གོང་མ་ཕྱེས། འུར་ཕྱིར་གཡུག་ཨ་ཆེན་ཐང་ལ་གཡུག དགྲ་ནག་པོ་ཧོ་སེར་ཐོག་ལ་གཡུག ཧོར་ཐོག་ཐོག་ར་ཆེན་རྒྱལ་པོ་དེ། གུར་དཀར་པོའི་བྱེ་མ་ནང་དུ་བདས། རྟ་རག་དཀར་འོ་འབུ་གཟས་ནས་དེད། ཐོག་མི་རྟ་དགུ་བཅུ་གོ་དགུ་དེད། ཐོག་ཟང་དམར་པོའི་འཁོར་གཡང་སླངས་ཟེར། 
     འུར་བཏགས་ཀྱི་ཚད་གཞི་རིང་ཐུང་དང་འཕེན་ལུགས་ནི། རྫི་རྒོད་རྒྱལ་པོའི་འུར་བཏགས་འདི། ལགས་གཡས་པས་བཅང་ནས་གཡོན་པས་འུར་ཁུག་ནང་རྡོ་བཞགས་ཏེ་གཡས་པས་ཀླད་ལ་ཐེངས་གསུམ་ཙམ་བསྐོར་ནས་འཕེན་དགོས་ཟེར། ཡར་གྱེན་ལ་འཕང་ན་ཐུང་དགོས། མར་ལ་འཕང་ན་རིང་དགོས་ཟེར་བ་འདུག ཆགས་རྩེ་ལ་མཐོ་དོ་དང་འུར་ཁུག་ལ་མཐོ་གང་དགོས་པ་དང་དཀྱིལ་ལ་མཐོ་གསུམ་དགོས། དེ་ལ་ཁྲ་འདྲ་མིན་འགའ་ཡོད་དེ། ཁྲ་རྩིང་དང་ཁྲ་ཞིབ་ཉའི་ཕོ་བ། འུར་ཁུག་ལ་སྟ་ཀེམ་བྱ་གཤོག་ཟེར་བ་བསླ་ལུགས་ཡོད། འཕེན་མཁན་གྱི་དཔུང་ཤུགས་ལ་ཡང་རགས་ལས་ཡོད། དགྲ་འུར་མགོ་ཆིགས་མ་དང་། གཏད་འུར་གྲུ་གང་མ་ནི་བལ་རྐྱང་གི་འུར་བཏགས་བྱས་ན་ཡག་པོ་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...