སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཉེན་སྟོན་དང་འབྲེལ་པའི་དར་བཤད་མེས་པོའི་ཞལ་རྒྱུན་བཞུགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-21 10:17:00 རྩོམ་ཁུངས། ཁམས་པའི་དྲ་བ། ཀློག་གྲངས།

     དེ་ཡང་ཡུལ་གངས་ཅན་པའི་གནའ་བོའི་ལུགས་སྲོལ་བཟང་པོའི་རྗེས་སུ་འབྲང་སྟེ་གཉེན་སྟོན་སྐོར་ལས་དར་བཤད་བྱ་ཚུལ་ནི། ཕ་མ་འཛོམས་ཤིང་དབང་པོར་སྐྱོན་མེད་པ། མིང་བཀྲ་ལེགས་ལ་བློ་ལྕེ་བདེ་བ་ཞིག་གིས་ཕ་མེས་ཀྱི་གོས་རྒྱན་བཟང་པོས་གཟབ་འཆོར་ཚུལ་མཐུན་བྱས་ཏེ། བཤད་པའི་ཚིག་རིས་དང་བསྟུན་ནས་དར་དཀར་གཡུགས་པ་སོགས་གུས་ཞབས་དང་འབྲེལ་བའི་སྒོ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། ། ༀ་སྭ་སྟི། བཀྲ་ཤིས་པ་དང་བདེ་ལེགས་སུ་གྱུར་ཅིག། སྲིད་པ་ས་ལ་ཆགས་ཚུལ། འཁོར་བ་འདམ་ལ་གྲུབ་ཚུལ། གཏམ་རྒྱུད་བོད་ལ་བཞག་ཚུལ། རྒྱལ་རབས་གོང་མའི་མཛད་ཚུལ། འཇིག་རྟེན་མི་ཡི་བཤད་སྲོལ་སོགས། ཡར་སྐྱེས་རྩྭ་ལས་གྲངས་མང་། མར་འབབ་ཆུ་ལས་སྣ་རིང་། བཤད་ན་བཤད་རྒྱུ་མང་པོ་ལོས་ཡོད་ཀྱང་། མང་བ་ཕར་བསྡུ། ཉུང་བ་ཚུར་བསྡུ། མདོར་བསྡུས་པ་ཙམ་ཞིག་བཤད་ན། འདིར་ཚོགས་ལྷ་མི་རྣམ་པས་གསན་རྒྱུ་ལ། དེ་རིང་ལྷ་ཉིན་དཀར་པོ་ལ། གནམ་ལ་གཟའ་སྐར་དང་ཚེས་གྲངས་བཟང་། ས་ལ་འབྱུང་བ་ལྔ་བཞིའི་དུས་ཚོད་བཟང་། བར་ལ་ལ་ཉེ་དང་གཉེན་ཉེ་བཟང་། བཟང་པོ་གསུམ་གྱི་རྟེན་འབྲེལ་འགྲིགས་པའི་སྐབས། དབུས་རི་རྒྱལ་ལྷུན་པོའི་སྐུ་མདུན། ཡོངས་འདུ་དཔག་བསམ་ཤིང་གི་རྩེ་མོ། མེ་ཏོག་པདྨ་འཁྲུངས་པའི་དགའ་ཚལ། འཛམ་གླིང་བདེ་བ་ལྷ་ཡི་གཞལ་ཡས། དབྱར་འཇའ་ཚོན་སྣ་ལྔ་ཤར་བའི་གུར་ཁྱིམ་ནང་། ནམ་མཁའ་གཡུ་ཡི་འཁོར་ལོ་རྩིབས་དགུ་གདུགས་ལྟར་ཕུབ་པའི་མར་འོག། ས་གཞི་པདྨ་འདབ་བརྒྱད་གསེར་གྱི་ཁྲི་ལྟར་བརྩེགས་པའི་ཡང་སྟེང་། བར་སྣང་དངུལ་གྱི་བཀྲ་ཤིས་རྫས་བརྒྱད་ཀྱི་ཡོལ་བར་བྲེས་པའི་ནང་བཅུད། ཆེ་གེ་མོ་འདི་གཉིས་སྔ་ཉེ་གསུམ་གྱི་ཉེ་མིན་ཏེ། ད་ཉེ་གསུམ་གྱི་ཉེ་འདི། སྔོ་རྒྱ་མཚོ་བཞིན་དུ་འཁྱིལ་ས། རྒྱབ་རི་བོ་བཞིན་དུ་བརྟན་ས། དཔོན་སྡེ་དཔོན་བཞིན་དུ་ཤར་ས། སྡེ་སྐར་ཚོགས་བཞིན་དུ་སྤུངས་ས། མ་སྲུ་བུ་མོ་གཡང་གི་མཚོ་མོ་འདི། རང་ཁྱིམ་སྐྱིད་ཀྱི་སྒོ་མོ་སྐྱུར། མི་ཁྱིམ་གསེར་གྱི་ལྷ་ཁང་ནང་། རྡོག་པ་བསྒྱུར་བའི་སྐབས། ཁྱིམ་སྟོད་གསེར་གྱི་ལྷ་ཁང་། ལྷ་དང་བླ་མ་བཞུགས་ས། ཆོས་སངས་རྒྱས་ཀྱི་བསྟན་པ་དར་ས། ཁྱིམ་སྐེད་དངུལ་གྱི་ཕོ་བྲང་། ཕ་དང་ཁུ་བོ་བཞུགས་ས། སྡང་དགྲ་གཉའ་ནས་གནོན་ས། ཁྱིམ་སྨད་དུང་གི་གནས་ཁང་། མ་དང་སྲུ་མོ་བཞུགས་ས། གནས་ཁྲ་མོའི་སྒོ་མོ་འབྱེད་ས། སྐྲ་ལན་བུ་ཁྲ་མོའི་གཡས་ཟུར་ནས། གཡུ་དང་བྱེ་རུའི་ཆར་པ་བབས། ལག་གསེར་གདུབ་ཁྲ་མོའི་གཞི་ཟུར་ནས། དཀར་དང་འོ་མའི་ཆར་པ་བབས། རྐང་ལྷམ་ཆུང་ཁྲ་མོའི་གཡས་ཟུར་ནས། ཕྱུགས་བེའུ་ལུག་གཉིས་ཀྱི་གཏེར་ཁ་བོ། ཕ་རྒྱུད་དེ་སྒ་ནས་ཆད། མ་རྒྱུད་དེ་གདོང་ནས་ཆད། བུ་རྒྱུད་དེ་འབྲུ་ནས་ཆད། བོད་སྒ་འབྲུ་གདོང་གསུམ་འཛོམས་པའི་མི་འདི། མི་ཚེ་ཆུ་ལས་རིང་། མི་སྲོག་བྲག་ལས་སྲ། མི་རྒྱུད་དར་ལས་འཇམ། འཛོམ་ནས་འཕོ་འགྱུར་མེད་པའི་བཀྲ་ཤིས་ཤོག། བྲག་རི་རིན་ཆེན་སྤུངས་པའི་གཡོན་ཟུར། ཆུ་བོ་གསེར་ལྡན་ཁྲ་མོའི་གཡས་ཟུར། རྒྱབ་རི་ལ་ཉི་མ་ཤར་འདྲ། མདུན་རི་ལ་ཟླ་བ་ཚེས་འདྲ། མཁར་མི་འགྱུར་དངུལ་དཀར་གྲུ་བཞིའི་ནང་། ཐབ་ཆེན་གཡུང་དྲུང་གཡས་འཁྱིལ་ལ། ཐབ་ལྷ་མེ་ལྷ་རང་འཁོར་ཤོག། མ་སྲུ་མོ་སྨན་གནས་ར་གསུམ། ཟས་ནོར་ལོངས་སྤྱོད་འཛོམ་པར་ཤོག། འཛོམས་ནས་དར་གུད་མེད་པར་ཤོག། ཕུ་སྤང་དཀར་མེ་ཏོག་ཡར་སྐྱེས་ཀྱི་ར་བ་ལ། སྟེང་ལྷ་ཆེན་ཚངས་པ་གདོང་བཞི་མན་ཆད། འོག་ཀླུ་རྒྱལ་གཙུག་ན་དགའ་བོ་ཡན་ཆད། བར་གཉན་ཆེན་ཨ་བོ་གེ་འཛོ་ཚུན་ཆད། ཕྱི་གསེར་རིའི་རི་བདུན། ནང་རོལ་པའི་མཚོ་བདུན། དེར་གནས་ཀྱི་ལྷ་སྲིན་སྡེ་བརྒྱད། དེ་རིང་རུ་ང་དང་ཕྲག་དོག་མི་མཛད་པའི་ཉི་མ་ལ། ས་སྐྱིད་རི་ཆེན་གདོང་རྒྱུད་ནས། ང་མི་ཆུང་བསམ་པའི་དོན་འགྲུབ་ཡིན། ཚིག་གཅིག་བཟླས་ན་ཁ་དགེ། ཚིག་གཉིས་བཟླས་ན་བཀྲ་ཤིས། ཚིག་གསུམ་བཟླས་ན་དོན་འགྲུབ། ཁས་ཅི་བཟླས་ལ་བཀྲ་ཤིས། ལག་གར་བཞག་ལ་གཡང་ཆགས། རྡོག་གར་རྫིས་ལ་རྩྭ་སྐྱེ། ངས་ལག་ལ་བཟུང་བའི་རྒྱ་དར་དཀར་པོ་ཡུག་དགུ་འདི། བྱུང་བ་ནག་པོ་རྒྱ་ནས་བྱུང་། བཀལ་བ་སྨུག་ཆུང་དྲེལ་ལ་བཀལ། སླེབས་པ་དབུ་ནག་བོད་ལ་སླེབས། དར་བ་སྤུར་རྒྱ་བོད་ལ་དར། ལྷ་བླ་མ་བཟང་པོའི་མཇལ་དར། གོང་དཔོན་ལུ་བཟང་པོའི་ཁྲིམས་དར། མ་སྲུ་མོ་བཟང་པོའི་གནས་དར། བུ་དཔའ་བོ་བཟང་པོའི་དཔའ་དར། རྟ་ཅང་ཤེས་མགྱོགས་པའི་མགྱོགས་དར། མ་བྱས་དར་རྩི་ཧྲུག་པོ་ཡོད། དར་དཀར་པོ་ཉིན་མོ་བདེ་ལེགས་འདི། དར་སྟོད་ཚེ་ལྷ་རྣམ་གསུམ་བཞུགས། ཚེ་དང་བསོད་ནམས་འཕེལ་བའི་རྟེན་འབྲེལ་ཡིན། དར་སྐེད་ཛཾ་ལྷ་རིགས་ལྔ་བཞུགས། རྒྱུ་ནོར་ལོངས་སྤྱོད་འཛོམས་པའི་རྟེན་འབྲེལ་ཡིན། དར་མཐར་དཔའ་བོ་མཁའ་འགྲོ་བཞུགས། བར་ཆད་བདུད་ལས་རྒྱལ་བའི་རྟེན་འབྲེལ་ཡོད། མཐའ་ནས་རྒྱ་ནག་ལྕགས་རིས་བསྐོར། ལྕགས་ཀྱི་སྲོག་རྩ་འགྲུབ་པའི་རྟེན་འབྲེལ་ཡིན། ཆོས་སྲིད་ལ་འཕོ་འགྱུར་མེད་པའི་རྟེན་འབྲེལ་ཡོད། ཕྱི་མི་འགྱུར་བཀྲ་ཤིས་རྟགས་བརྒྱད་ཡོད། ནང་མི་འགྱུར་དགོས་འདོད་ནོར་བུ་ཡོད། ཚེ་མི་ཉམས་རྡོ་རྗེའི་མདུད་པ་ཡོད། གཡང་མི་ཉམས་ཕྱུགས་ཀྱི་ར་བ་ཡོད། དར་དཀར་པོ་ཉིན་མོ་བདེ་ལེགས་འདི། ཡར་གཡུག་ཨ་སྔོན་གནམ་ལ་གཡུགས། གནམ་ཨ་སྔོན་འདི་ལ་ཁ་རྒྱ་ཆེ། གཙང་ཉི་ཟླ་འདི་ལ་གཟི་མདངས་ཆེ། སྤྲིན་སྐར་ཚོགས་འདི་ལ་གྲངས་ཀ་མང་། ཕར་གཡུག་དཀར་ཡག་གངས་ལ་གཡུགས། གངས་དཀར་ཡག་འདི་ལ་དཀར་ཤས་ཆེ། སེང་དཀར་མོ་འདི་ལ་གཡུ་རལ་རྒྱས། འབྲོང་བྲེ་སེ་འདི་ལ་སྨུག་ཤས་ཆེ། མགོ་རྭ་ཅོ་འདི་ལ་རྣོ་ཤས་ཆེ། མར་གཡུག་དོང་མོ་ས་ལ་གཡུགས། དོག་མོ་ས་ལ་ཁ་རྒྱ་ཆེ། ཆར་ཆུ་བོ་འདི་ལས་སྣ་ཐག་རིང་། ཞིང་ཆུ་མ་འདི་ཡི་ཁ་ཞིང་ཆེ། ནས་ཨ་འབྲུ་འདི་ཡི་འཕེལ་སྟོབས་ཆེ། ཆོས་སངས་རྒྱས་བསྟན་པ་ཕྱོགས་མཐར་དར། རྒྱབ་རི་རྡོ་རྗེའི་བྲག་དཀར་ལ། སེང་དཀར་མོ་གངས་ལ་འགྱིང་འདྲ་ཡོད། རྒྱལ་པོ་གདན་ལ་བཞུགས་འདྲ་ཡོད། གཡས་རི་དར་དཀར་འཕྱར་འདྲ་ཡོད། ལུག་གཡང་དཀར་རྫ་ལ་འཁོར་ས། དཀར་འོ་མའི་རྒྱ་མཚོ་འཁྱིལ་ས། གཡོན་རི་དར་སྨུག་འཕྱར་འདྲ་ཡོད། འབྲི་ཨ་ཟི་རྫ་ལ་འཁོར་ས། ཕྱོགས་བེའུ་ལུག་གི་གཏེར་ས་རྡོལ་ས། མདུན་རི་སྤང་ལྗང་མེ་ཏོག་ར་བ་ལ། ལྷ་བླ་མ་ལ་མཎྜལ་འབུལ་ས། མ་མཁའ་འགྲོས་བྲོ་གར་འཁྲབ་ས། ཡར་སྐྱེས་རྩྭ་ལ་སྨན་སྣ་འཛོམས་ས། མ་འབབ་ཆུ་ལ་བདུད་རྩི་འཁྱིལ་ས། ས་གཞི་པདྨ་ཁ་ཕྱེས་ལ། ཨ་འབྲུ་ནས་ཀྱི་གཏེར་ཁ་བོ་ས། སྟོད་རྒྱ་གར་རྒྱལ་པོའི་ཆོས་གཡང་གཅིག།སྨད་རྒྱ་ནག་རྒྱལ་པོའི་ཁྲིམས་གཡང་གཉིས། བར་སྤུར་རྒྱལ་བོད་ཀྱི་འབྲུ་གཡང་གསུམ། གླིང་གེ་སར་རྒྱལ་པོའི་དམག་གཡང་བཞི། བྱང་སྟག་གཟིག་རྒྱལ་པོའི་ནོར་གཡང་ལྔ། ཀླུ་དགའ་བོ་འཇོག་པོའི་ནོར་གཡང་དྲུག། འཇིག་རྟེན་སྲིད་པ་ལ་ཅི་སྲིད་དེ། དེ་རིང་ཁྲ་མོའི་གནས་ལ་འཛོམས། འཛོམས་ནས་འཕོ་འགྱུར་མེད་པར་ཤོག། ཚེ་སྲོག་བྲག་ལས་སྲ་བར་ཤོག། བདེ་སྐྱིད་ལྷ་དང་མཉམ་པར་ཤོག། ལོངས་སྤྱོད་ཀླུ་དང་མཉམ་པར་ཤོག། གང་འདོད་ལྷུན་གྱིས་འགྲུབ་པར་ཤོག།སྨོན་པས་ས་གཞི་ཁྱབ་པར་ཤོག། ཆོས་སངས་རྒྱས་ཀྱི་བསྟན་པ་དར་བར་ཤོག། ཕུ་ནས་བཀྲ་ཤིས་གཡང་འཁོར་ལོ། མདའ་ནས་བཀྲ་ཤིས་འབྲུ་འཁོར་ལོ། དགེ་ཞིང་མི་ཚེ་རིང་བར་ཤོག བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག།ཉིན་མོ་བདེ་ལེགས་མཚན་བདེ་ལེགས། ཉིན་མོའི་གུང་ཡང་བདེ་ལེགས་ཤིང་། ཉིན་མཚན་རྟག་ཏུ་བདེ་ལེགས་པ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག།བདག་ཅག་དཔོན་གཡོག་མི་ནོར་འཁོར་འབངས་ཆབ་སྲིད་དང་བཅས་པ་ཐམས་ཅད་འགལ་རྐྱེན་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པ་དང་བདེ་ལེགས་ཀྱི་དཔལ་དམ་པ་ཐོབ་པ་གཅིག་ཏུ་གྱུར་ཅིག།ཡེ་དྷཱརྨ་སོགས་རྟེན་འབྲེལ་སྙིང་པོ་ལན་ཁ་ཡར་བརྗོད་ཅིང་། དར་དཀར་ཁྱིམ་ཕུག་གི་ཀ་བ་ལྟ་བུ་ལ་བསྒྲོན་འབུལ་བྱའོ། ། ཞེས་སྔ་རབས་རྒན་པོའི་ངག་རྒྱུན་གཞིར་བཟུངས་ཏེ་རབ་བརྟན་པ་དགེ་ལེགས་ཕུན་ཚོགས་ཀྱིས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། དགེའོ། ། ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...