སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ཁང་བ་དང་དེའི་གྲུབ་ཆ་སྐོར།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-11 11:14:00 རྩོམ་ཁུངས། རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཕྲིན་སྟེགས། ཀློག་གྲངས།

 


     བོད་ཀྱི་ཁང་བ་དག་ནི་ས་རྡོ་ཤིང་གསུམ་གྱིས་གྲུབ་པ་ཤ་སྟག་ཡིན། གྱང་རྡུང་བའི་ཐོག་མར་གྱང་གི་རྨང་གཞི་བརྟན་པོ་ཞིག་འཛུགས་དགོས་ལ། ཁང་བ་རྒྱག་ཡུལ་གྱི་ས་དཔྱད་དང་ས་ཆོག སྐར་འཛིན་སོགས་སྔོན་དུ་སོང་ནས་ཁང་བ་ཆེ་ཆུང་ཇི་ལྟར་འདོད་པའི་ས་ཐིག་ལེགས་པར་བཏབ་པ་ནས་རྨང་གཞི་སོགས་བཏིང་ནས་གྱང་བརྡུང་བ་སོགས་བྱེད་པ་ཡིན་མོད། ཁང་བའི་སྐོར་གྱི་རིག་གནས་མང་པོ་ཞིག་ཀྱང་ཉམས་རྒུད་དུ་འགྲོ་བཞིན་ཡོད་པས་ན། གཤམ་ནས་ཁང་བའི་སྐོར་གྱི་ཤེས་བྱ་རེ་འགའ་པར་རིས་ལམ་ནས་སྟོན་པར་བྱ།
     བོད་ཁང་གི་ཕྱི་ཁོག་གཙོ་བོ་རྡོ་རྩིག་དང་གྱང་གཉིས་ཏེ། གྱང་རྡུང་བའི་ཐོག་མར་གྱང་གི་རྨང་གཞི་བརྟན་པོ་ཞིག་འཛུགས་དགོས་ཤིང་། གལ་ཏེ་རྨང་གཞི་བརྟན་པོ་ཞིག་མེད་ན། གྱང་གི་སྤུས་ཀ་སོགས་ལ་ཅི་ཙམ་གཟབ་ཀྱང་མཐར་ཐུག་གི་བརྟན་རླིང་ཞིག་མི་འོང་།
༡ རྨང་།
     ཐོག་མར་རྨང་འདིང་བ་ནི། བོད་ལུགས་ཀྱི་ཁང་བའི་རྨང་འདིང་སྟངས་ལ། ཁང་བ་རྒྱག་ཡུལ་གྱི་ས་དཔྱད་དང་། ས་ཆོག  སྐར་འཛིན་སྔོན་དུ་སོང་ནས། ཁང་བ་ཆེ་ཆུང་ཇི་ལྟར་འདོད་པའི་ས་ཐིག་ལེགས་པར་བཏབ་པའི་སྟེང་ནས་རྨང་བྲུད་པར། ས་འོག་གི་ས་མིན་རྡོ་མིན་རྡོ་ཐལ་གྱི་བྲག་རྡོ་ལྟ་བུ་ལ་ཐུག་པ་དང་། རྨང་ས་རྙེད་ཟེར་ནས་རྩིག་རྨང་དེའི་ཐོག་ཏུ་འཇོག་ལ། ས་སྟེང་ནས་རྨང་སའི་བར་ཟབ་ཚད་ཅི་ཙམ་བརྐོ་དགོས་པ་ནི་གནས་སོ་སོའི་ས་དཔུང་མཐུག་སྲབ་མི་འདྲ་བས། གཅིག་ཏུ་ངེས་པ་མེད་ལ། མདོར་ན་རྨང་ས་ལ་མ་ཐུག་བར་དུ་བརྐོ། རྩིག་རྨང་འཇམ་པོར་བརྐོས་པའི་སྟེང་རྨང་བརྩིག་དགོས་ཏེ། རྩིག་སྟངས་ལ། རྨང་དེ་ནི་ཁང་རྩེག་དུ་མའི་རྐང་ཡིན་པས་བརྟན་པོ་དང་སྲ་མོ་ཡིན་དགོས་ཕྱིར། རྡོ་རྩིག་གཞན་གྱི་རྩིག་པ་དང་འདྲ་བའི་བརྩིགས་ངོས་འཇམ་པོ་དང་བལྟ་ས་མཛེས་པོ་དེ་གཙོ་བོ་མིན་ལ། གནད་འགག་ནི་རྡོ་རྒྱུ་སྲ་རླིང་སྟེང་། རྡོ་མཐུད་དང་། རྡོ་གཟེབ། རྡོ་རྩབ་རྒྱག་སྟངས་ལ་གཟབ་སྟེ་ས་སྟེང་གི་ཡན་དུ་འདོམ་ཕྱེད་ཙམ་བརྩིག་དགོས་ཤིང་། ས་སྟེང་དུ་བརྩིགས་པ་དེ་ནི་གྱང་ལ་ཆུས་མི་གནོད་པའི་ཆེད་དུ་ཡིན་ལ། མིག་གིས་མཐོང་ས་ཡང་ཡིན་པས། ཕྱི་རྩིག་སོགས་ཀྱི་ངོས་འཇམ་ཞིང་མཛེས་པར་བརྩིག་གོ ། །
༢ སྟ་གོན།
     དེའི་སྟེང་གྱང་བརྡུང་དགོས་ཏེ། གྱང་སའི་རྒྱུ་བྱེ་ས་དང་ས་ནག་མ་ཡིན་པ། རྡོ་ཉུང་ཞིང་འབྱར་རྩི་ལྡན་པའི་ས་སྐྱ་དང་ས་དམར་གཉིས་གང་རུང་ལ་ཆུ་བརྒྱབ་ནས། རླན་ཚད་གྱང་ས་ལག་པས་བཅད་ན། འཆིང་བུར་འདུག་ཐུབ་ཙམ་ཚད་དུ་བྱས་ཏེ་ཉིན་ཤས་སྦངས་ནས་བངས་ངེས་བྱེད། གྱང་ས་སྦོང་ཚོད་ཟིན་པ་གལ་ཆེ་སྟེ། བངས་ཆེ་ན་གྱང་ཞིག་ཉེན་དང་མ་བངས་ན་འཐོར་ཉེར། སྐམ་རློན་ཆ་མི་སྙོམ་ན་རེ་འགའ་སྲ་ཞིང་རེ་འགའ་སྙི་བས་གྱང་ངོས་གྲོག་ཚང་ལྟ་བུ་འབྱུང་ཉེན་ཡོད།
     གྱང་བརྡུང་སྣོད་ཀྱི་གྱང་གཞོང་ནི། ཐང་ཤིང་རིང་ལ་དྲ་བའི་སྡོང་བོ་དེ་མཐུག་ཚད་སོར་དོ་ཙམ་རེའི་ཤིང་ལེབ་དྲས་པ་དེ་གློ་སྦྱར་བྱས་པ་སྟེ། ཞེང་ལ་འདོམ་ཕྱེད་དང་། རིང་ཚད་འདོམ་དྲུག་བདུན་ཡན། མདོར་ན་གྱང་གཞོང་གི་ཤིང་ལེབ་མཐུག་ལ་རྒྱ་ཆེ་ཞིང་རིང་བ་གལ་ཆེ་སྟེ། ཐུང་ན་གྱང་ལ་ཕྲེད་དུ་མཐུད་མཚམས་མང་བ་དང་། རྒྱ་ཆུང་ན་སྲིད་དུ་སྤར་མཚམས་མང་བ། གྱང་གཞོང་མཐུག་པོ་རང་ཤེད་ཐུབ་པ་མ་ཡིན་ན་གྱང་ལ་སྲབ་མཐུག་དང་གཤོང་འབུར་ཤོར་ཉེན་དང་། གྱང་གཞོང་སྤར་གྲངས་མང་ན་གྱང་དཔོན་གྱིས་ཚོད་འཛིན་དཀའ་བ་སོགས་ཏེ། མདོར་ན། གྱང་གཞོང་ནི་གྱང་གི་པར་ཀོང་ལྟ་བུ་ཡིན་པས་གྱང་གཞོང་ལེགས་པ་གལ་ཆེ།
     གྱང་ཐོ་ནི་རྒྱུ་སྟག་པ་ཤིང་ལས་བྱས་ཤིང་ཕྱོགས་གཅིག་རིལ་བོ་དྲང་བཅད་དང་། ཕྱོགས་གཞན་གྱི་སྣེ་གཅིག་ལེབ་ལེབ་དྲང་བོར་བཅད་པ། འགོ་འདབ་གཉིས་བར་ལག་པས་འཛིན་བདེ་ཅན་རིམ་གྱིས་ཕྲ་ཞིང་གཞོལ་བ། རིང་ཐུང་འདོམ་གང་དང་ཁྲུ་གང་ཙམ་པ་དེ་ཡིན།
     གྱང་མདུང་ནི། གྱང་རྡུང་སྐབས་གྱང་གཞོང་འཛིན་བྱེད་ཀྱི་ཤིང་རྒྱུག་རིང་ཐུང་འདོམ་བཞི་ཡས་མས་སྦོམ་ཕྲ་མཐོ་དོས་འཁྱིད་པ་དུ་མ།
     གྱང་ཐག་ནི། གྱང་མདུང་བཅིངས་ནས་གྱང་གཞོང་འཛིན་བྱེད་ཀྱི་ཐག་པ་སྟེ། འབྲེང་བ་རྒྱུ་བཟང་མང་ཙམ་ལ། སྔོན་མེས་པོའི་སྐབས་ཐག་འབྲེང་གི་ཆ་རྐྱེན་མེད་མཁན་གྱིས། ཤིང་གླང་མ་ཡལ་གའི་གླང་ཐག་བསྒྲིལ་ནས་གྱང་གཞོང་སྤར་མཚམས་ནས་ཕྲེད་དུ་བཏང་སྟེ་གྱང་མདུན་འཛིན་ཡས་བྱས་པ་དེ། ཁང་བའི་གྱང་ངོས་སུ་ཡུན་དུ་ལུས་པའི་སྟེང་བྱེའུ་ཡིས་ཚང་བཅའ་བ་མང་བོ་མཐོང་དུ་ཡོད་དོ། །
༣ མཉམ་འཇོག་བྱ་ཡུལ།
     གོང་གི་སྟ་གོན་ཐམས་ཅད་འགྲུབ་ནས་གྱང་རྡུང་བར། གྱང་དཔོན་གྱི་བཀོད་པ་ལ་བརྟེན་ནས་བྱ་ལ། གྱང་གི་རྒྱ་ཆེ་ཆུང་དང་། གཅུན་ཚད། མཐུད་སྟངས། བཟོ་བཅོས་ཐམས་ཅད་གྱང་དཔོན་གྱི་ངག་བཀོད་ལྟར་བྱ་ལ། གྱང་དཔོན་གྱིས་ཚད་མི་འཕྱུག་པ་ནི་གནམ་ཐིག་དང་། ཐིག་སྐུད། ཉམས་མྱོང་བཅས་ཀྱིས་བྱ། ཚོམས་ཆེན་སོགས་ཀྱི་གྱང་རྒྱ་ཆེན་པོའི་རིགས་ལ་གྱང་དཔོན་བཟང་བོ་གལ་ཆེ་སྟེ། ཐིག་ལེན་དང་བཟོ་བཀོད་ལ་མ་མཁས་ན། གྱང་གི་དབུས་འབུར་ལ་ཟུར་གཅུན་པ་དང་། དབུས་ཀྱོང་ཞིང་ཟུར་ཕྱི་ཕྱོགས་སུ་ཤོར་བ་དང་། གཅིན་ཚོད་མ་ཟིན་པས་མཐོ་སར་རྒྱ་ཆུང་བ་སོགས་ཏེ། ཚབས་ཆེ་ལ་གྱང་རྡིབ་པའི་ཉེན་ཁའང་ཡོད་དོ། །
     གྱང་གཞོང་བཅིང་བར་དམ་ལྷོད་ཀྱི་ཚད་གཅིག་དགོས་ཏེ། དམ་ལྷོད་སོགས་ཀྱི་ཚད་མ་ཟིན་ན་གྱང་ཞེང་ལ་ཆེ་ཆུང་འགྲོ་ཉེན་ཡོད་པས་ཐོག་མཐའ་བར་གསུམ་དུ་གཟབ་ཅིང་། ཤིང་རྩབ་ཀྱིས་བཅོས་ཤིང་གྱང་གཞོང་གི་ནང་གྱང་ས་བླུག་ནས་རིམ་པ་བཞིན་བརྡུང་བ་ལ། ཕལ་ཆེར་སྐྱེས་པ་རྣམས་ལག་ཤེད་ཆེ་བས་རྡུང་མཁན་དང་། བུད་མེད་རྣམས་ཁུར་ཤེད་བཟང་བས་ས་ཁུར་མཁན་ཡིན་ལ། དེ་ལྟར་ས་ཁུར་འོང་བ་ལ། གྱང་གཞོང་ནང་དུ་ས་འགྲེམས་ཞོར་དང་རྡུང་ཞོར་དགོས་ཏེ། གལ་ཏེ་ས་མ་བཀྲམ་ནས་རྡུང་ན་བརྡུངས་མ་ཐུབ་པའི་ས་བོང་ལུས་ཉེན་ཡོད་པའི་གཟབ་ལ། གྱང་ཐོ་རིལ་ཕྱོགས་ཀྱིས་གྱང་སྙིང་དང་། ལེབ་ཕྱོགས་ཀྱིས་གྱང་གཞོང་ནང་ངོས་ཀྱི་གྱང་ངོས་བརྡུངས་ནས་བསྣར་རྡུང་ཐུབ་པ་ནི་གྱང་ལེགས་པའི་འགག་རྩ་ཡིན་ལ། གྱང་གི་ཟུར་བཞི་རྡུང་སྟངས་ལྷག་པར་དུ་བཟང་དགོས་པས། གྱང་རྡུང་མཁས་ཤིང་བཟང་བ་དེར་ཟུར་བཞི་བརྡུང་དུ་འཇུག་པ་ཡིན། དེ་ལྟར་གྱང་གཞོང་གང་རེ་བཞིན་རིམ་པར་སྤར་ནས། ཁང་རྩེག་གཅིག་བརྡུངས་ཚར་བ་དང་ངེས་པར་དུ་མཚམས་འཇོག་དགོས་ཏེ། མུ་མཐུད་དུ་བརྡུང་ན་གྱང་འོག་མ་ལ་རླན་ཡོད་པས་རྡིབ་ཉེན་ཡོད་པས་སོ། །
     གཞན་ཡང་གྱང་རྡུང་བའི་དུས་ཚིགས་ནི། དཔྱིད་ཀ་ཆར་འགོ་མ་ལངས་གོང་དང་། ཡང་ན་སྟོན་ཁའི་ཆར་སྐབས་བརྒལ་རྗེས་བརྡུང་ན། སྐམ་མགྱོགས་ཤིང་། ཆར་ཆུས་འཇིག་པའི་ཉེན་ཁ་མེད། དེ་ལྟར་རྩེག་འོག་མ་རྣམས་སྐམ་ཟིན་པ་དང་། དེ་ནས་གྱང་གི་མཐུད་མཚམས་དང་གོ་འབུར་ལེགས་པར་བསྙམས་པའི་ཐོག་ཞལ་བ་བྱས་ནས་འགྲུབ་བོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...