སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བག་མ་སྐྱེལ་དུས་ཀྱི་བསང་མཆོད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-14 9:48:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཕྱི་ཉིན་ཐོ་རེངས་གསུམ་པའི་སྐར་ཆེན་ཤར་དུས་ཕ་རྒན་མལ་ལས་ཡར་བཞེངས་ཏེ་ཞལ་ངོ་གཙང་མར་བཀྲུས་རྗེས་བསང་ཁྲི་ལས་མེ་སྒྲོན་ནས། བ་ལུ། ནས་བརྔོས་མ། ཤུག་པ། སྤ་མ། ཨ་ག་རུ། གུར་ཀུམ། སྤང་སྤོས། མཁན་པ། ཐོད་དཀར་སོགས་ཚང་མ་སྦགས་བསྲེས་བྱས་པའི་བསང་རྫས་ཀྱིས་ལྷ་བསང་སྔོན་མོ་ཕུད་དེ་བདུད་རྩི་ཆང་ཕུད་ཀྱིས་ཆབ་ཆུ་རྒྱག་ཞོར་བསང་འབོད་གཏོང་བཞིན་འདུག
     བསང་གཅིག---གཉིས---གསུམ---བཞི---ལྔ---དྲུག---བདུན---བརྒྱད---དགུ---བཅུ་ཐམ་པ། བཅུ་ཡི་ནང་ན་ཆད་པ་མེད་ཆད་པ་ཡོད་ན་དེ་རིང་ཡིན།
     བརྒྱ་གཅིག-བརྒྱ་གཉིས-བརྒྱ་གསུམ-བརྒྱ་བཞི-བརྒྱ་ལྔ-བརྒྱ་དྲུག-བརྒྱ་བདུན-བརྒྱ་བརྒྱད-བརྒྱ་དགུ-བརྒྱ་ཐམ་པ། བརྒྱ་ཡི་ནང་ན་ཆད་པ་མེད་ཆད་པ་ཡོད་ན་དེ་རིང་ཡིན།
     སྟོང་གཅིག--སྟོང་གཉིས--སྟོང་ཐམ་པ། སྟོང་གི་ནང་ན་ཆད་པ་མེད་ཆད་པ་ཡོད་ན་དེ་རིང་ཡིན།
     ཁྲི་གཅིག--ཁྲི་གཉིས--ཁྲི་གསུམ--ཁྲི་ཐམ་པ། ཁྲི་ཡི་ནང་ན་ཆད་པ་མེད་ཆད་པ་ཡོད་ན་དེ་རིང་ཡིན།
              ཐུགས་རྗེའི་བདག་ཉིད་རྩ་རྒྱུད་བླ་མ་དང་། །
              ཡི་དམ་ལྷ་ཚོགས་སྐྱབས་གནས་དཀོན་མཆོག་གསུམ། །
              དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །
              སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ། མཆོད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བསླུ་བ་མེད་པའི་གཏན་གྱི་སྐྱབས་གནས། །
              བླ་མ་དཀོན་མཆོག་རིན་ཆེན་རྣམ་གསུམ། །
              བསྟན་པའི་བདག་པོ་ཤཱཀྱའི་རྒྱལ་བོ། །
              བསྐལ་བ་བཟང་བོའི་སངས་རྒྱས་སྟོང་རྩ། །
              དགྲ་བཅོམ་བསྟན་པའི་གཏད་རབས་བདུན་དང་། །
              འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས། །
     ཟུང་འཇུག་སྐུ་བརྙེས་གྲུབ་ཆེན་བརྒྱད་ཅུ་སོགས་རྒྱ་གར་འཕགས་པའི་ཡུལ་གྱི་པཎ་གྲུབ་རིམ་བྱོན་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ། 
              ཨེ།  བོད་ཡུལ་སྲིན་པོ་མུན་པའི་གླིང་འདིར། །
              དམ་པའི་ཆོས་ཀྱི་དཀར་ལམ་བཏོད་པའི། །
              ཆོས་རྒྱལ་ལོ་པཎ་གོང་མ་རིམ་བྱོན། །
              མཁན་སློབ་ཆོས་གསུམ་ཇོ་འབྲོམ་ཡབ་སྲས། །
              ཁྱད་པར་གངས་ཅན་ཤིང་རྟའི་སྲོལ་འབྱེད། །
              འཇམ་མགོན་རྒྱལ་བ་བློ་བཟང་གྲགས་པ། །
              ཡབ་སྲས་འཁོར་སློབ་དག་པ་རྣམ་བརྒྱད། །
              རྒྱལ་ཚབ་འཇམ་དབྱངས་གཙང་བ་བདུན་བརྒྱུད། །
              འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ། །
              སྐྱབས་མགོན་རྒྱལ་བའི་དབང་བོ་རིམ་བྱོན། །
              སྣང་བ་མཐའ་ཡས་ངུར་སྨྲིག་རྣམ་རོལ། །
              ཀུན་གཟིགས་པཎ་ཆེན་འཁྲུངས་རབས་རིམ་བྱོན། །
              ཀུན་མཁྱེན་བླ་མ་བཞད་པའི་རྡོ་རྗེ། །
              འཁྲུངས་རབས་གསེར་རིའི་འཕྲེང་བསྟར་བརྒྱུས་པ། །
     འགྲོ་མགོན་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ལ་སོགས་པ་མདོ་སྔགས་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ།
              ཨེ། ཚེ་གཅིག་ལུས་གཅིག་ཉིད་ལ། །
              སྐུ་བཞིའི་རྒྱལ་ས་སྟེར་བའི། །
              བྱིན་རླབས་ཅན་གྱི་ཡི་དམ། །
              ཕ་རྒྱུད་གསང་བ་འདུས་པ། །
              མ་རྒྱུད་འཁོར་ལོ་བདེ་མཆོག །
              དཔལ་ཆེན་རྡོ་རྗེ་འཇིགས་བྱེད། །
              སངས་རྒྱས་དུས་ཀྱི་འཁོར་ལོ། །
              ཁྲོ་རྒྱལ་གསང་བདག་འཁོར་ཆེན། །
              དཔལ་ཆེན་རྟ་མཆོག་རོལ་བ། །ལ་སོགས་པ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ།
              ཨེ། ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད། །
              ཙན་དན་ནགས་ཚལ་འཁྲིགས་པའི་ཀློང་ནས། །
              མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག ། 
              གསང་ཡུམ་མ་ཅིག་དཔལ་ལྡན་ལྷ་མོ། །
              འཕྲིན་ལས་མྱུར་སྒྲུབ་གནོད་སྦྱིན་རྣམ་བཞི། ། གཙང་རིས་དཔལ་མགོན་བདུན་ཅུའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། 
              ཨེ། ལྷོ་ཕྱོགས་རིམ་པ་བདུན་གྱི་འོག་རོལ། །
              འཇིགས་རུང་ལྕགས་མཁར་སྒོ་མེད་ནང་ནས། །
              ཆོས་ཀྱི་རྒྱལ་བོ་ཕྱི་ནང་གསང་གསུམ། །
              མ་མོ་ནག་མོ་ཙ་མུཎྚི་སོགས། །
              ཕོ་བརྒྱད་མོ་བརྒྱད་གཤིན་རྗེ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། །
              ཨཻ་གནས་མཆོག་ཧ་ཧ་རྒོད་པའི་དུར་ཁྲོད། །
              དར་ལུང་གཉན་པོ་ཁེའུ་བྲག་རྫོང་། །
              ས་སྐྱའི་སྤྲུལ་བའི་གཙུག་ལག་ཁང་སོགས། །
              རང་བཞིན་དག་པ་ཆོས་ཀྱི་དབྱིངས་ནས། །
              ཀླུ་སྒྲུབ་ཞབས་ཀྱི་ལྟ་བའི་སྲུང་མ། །
              དཔལ་མགོན་སྟོབས་འཕྲོག་མ་ཧཱ་ཀཱ་ལ། །
              ཧེ་རུ་ཀ་དཔལ་བྲམ་ཟེའི་གཟུགས་ཅན། །
              ཟག་མེད་དགྱེས་བསྐྱེད་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ།
              ཨཻ་བྱང་ཤར་མུ་ལེ་དུང་གི་ཁྲག་མཚོར། །
              བསེ་མཁར་སྨུག་པོའི་གཞལ་ཡས་ཁང་ནས། །
              རིགས་དང་རྒྱུད་ལ་འགོ་བའི་སྲུང་མ། །
              མ་གཅིག་དཔལ་ལྡན་དམག་ཟོར་རྒྱལ་མོ། །
              སྣ་ཁྲིད་ཆུ་སྲིན་སེངྒེའི་གདོང་ཅན། །
              དུས་བཞིའི་ལས་སྒྲུབ་རྒྱལ་མོ་རྣམ་བཞི། །
              མོ་རྒྱུད་སྲུང་མའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། 
              ཨཻ་བྱང་ཤར་མ་རུ་ཙྱེ་ཡཻ་དུར་ཁྲོད། །
              བྲག་དམར་མཆོང་ལྡིང་ཕོ་བྲང་སོགས་ནས། །
              གནོད་སྦྱིན་ཆེན་པོ་དྲེགས་པ་ལྕམ་སྲིང་། །
              སྲིང་མོ་སྲིད་པའི་ལྷ་མོ་གདོང་དམར། །
              བཀའ་ཉན་ལས་མཁན་སྲོག་བདག་དམར་པོ། །
              འཁོར་ཚོགས་བཤན་པའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། །
              ཨཻ་རྒྱལ་ཀུན་གསང་གསུམ་བདག་པོའི་ཞིང་ཁམས། །
              བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་ནས། །
              ཚུལ་ཁྲིམས་བསླབ་གསུམ་དག་པའི་སྲུང་མ། །
              རྒྱལ་བོ་ཆེན་པོ་རྣམ་མང་ཐོས་སྲས། །
              ཐུགས་སྤྲུལ་གནོད་སྦྱིན་རྟ་བདག་བརྒྱད་སོགས། །
              གྲངས་མེད་ནོར་ལྷའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། 
              ཨཻ་འོག་མིན་བདེ་ཆེན་ཆོས་ཀྱི་ཞིང་ཁམས། །
              རི་བོ་མ་ལ་ཡ་ཡི་སྐྱེད་ཚལ། །
              ནུབ་ཕྱོགས་ཕ་ཝང་ལུང་བའི་སྐུ་མཁར། །
              གར་བཞུགས་སྡེ་བརྒྱད་དྲེགས་པའི་གནས་ནས། །
              འཛམ་གླིང་གནམ་ས་ཕྱེད་ཀྱི་བདག་པོ། །
              སྐྱེས་མཆོག་དམ་ཅན་རྡོ་རྗེ་ལེགས་པ། །
              དངོས་གྲུབ་མཆོག་སྩོལ་དམ་ཅན་ནོར་ལྷ། །
              ཐེའུ་རང་སྟོང་དཔོན་མགར་བ་ནག་པོ། །
              ཐུགས་ཀྱི་དགྱེས་སྡེ་བསྟན་མ་བཅུ་གཉིས། །
              ལས་བཞི་མྱུར་སྒྲུབ་རུ་འདྲེན་སྡེ་བཞི། །
              ལྷ་ཀླུ་བཙན་བདུད་མ་མོའི་དཔུང་ཚོགས། །
              དགེ་བསྙེན་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། 
              ཨཻ་སངས་རྒྱས་རྣམ་པར་གཟིགས་པའི་སྤྱན་སྔར། །
              སེམས་བསྐྱེད་ནས་བཟུང་ས་བཅུ་བགྲོད་ཀྱང་། །
              ཐུབ་བསྟན་ཆོས་འཁོར་སྐྱོང་བའི་སླད་དུ། །
              འབྲོག་གནས་ཚུལ་བཟུང་རྨ་རྒྱལ་སྦོམ་ར། །
              ཕྱོགས་བཞི་སྐྱོང་བའི་གཉན་ཆེན་སྡེ་བཞི། །
              བསྟན་སྐྱོང་རྨ་རིགས་སུམ་བརྒྱ་དྲུག་ཅུ། །
              རྨ་འཁོར་སྟོང་དང་ལྔ་བརྒྱའི་ཚོགས་དང་། །
              བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། །
              སྟོང་གསུམ་འཇིག་རྟེན་ཡུད་ཀྱིས་བགྲོད་པའི། །
              རྫུ་འཕྲུལ་ཤུགས་ལྡན་དྲེའུ་དཀར་སྟེང་ན། །
              འཕྲིན་ལས་མྱུར་མགྱོགས་ཀུན་གྱི་སྡེ་དཔོན། །
              འཇམ་དཔལ་ནག་པོའི་ཐུགས་ཀྱི་སྤྲུལ་བ། །
              བུན་ཁྲང་གསེར་ཞལ་ཡུལ་ལྷ་གཉན་པོ། །
              བཀར་ཉན་ལས་བྱེད་བཤན་པ་ཙི་ཐུང་། །
              སྡིག་ཅན་སྲོག་ལེན་བཤན་པ་རྭ་མགོ  །
              ཀླུ་བཙན་མ་མོའི་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། 
              ཧོ་སྟོབས་ལྡན་དགྲ་ལྷ་ཡོངས་ཀྱི་སྡེ་དཔོན། །
              འཕྲིན་ལས་མྱུར་མགྱོགས་བྲག་དཀར་མཆེད་གསུམ། །
              མང་ཡུལ་གསེར་ལྗོངས་རིང་མོའི་གོང་བ། །
              མཁའ་འགྲོ་སྒོས་ཀྱི་ལྷ་མོ་སྤུན་གསུམ། །
              བླ་རི་ཁེ་རབ་དཔག་ཆེན་གཙོ་བས། །
              དཀར་ཕྱོགས་སྐྱོང་བའི་མཐོན་པོ་བཅུ་གསུམ། །
              བན་བོན་དཔོན་གྱི་བླ་གནས་ས་འཛིན། །
              ཨ་མྱེས་གླང་ཆེན་འགྱིངས་རི་མཐོན་པོ། །
              ཁྱུང་མགོན་ཡར་སེང་ཐུགས་ཀྱི་སྲས་བོ། །
              གནས་བསྲུང་ཁྱུང་ཐོད་འཕགས་པ་ཀླུ་སྒྲུབ། །
              སྤྱན་རས་གཟིགས་དབང་ཐུགས་ཀྱི་སྤྲུལ་བ། །
              ལྷོ་ནུབ་སྲིན་པོའི་སྒོ་བསྲུང་ཚུལ་འཛིན། །
              བཀའ་གདམས་དགེ་ལྡན་བསྟན་སྲུང་ཆེན་པོ། །
              དགེ་བསྙེན་ཕྱིང་དཀར་སྤྲུལ་བ་ཡང་སྤྲུལ། །
              དངོས་གྲུབ་མཆོག་སྩོལ་དགྲ་ལྷའི་རྒྱལ་པོ། །
              མཐུ་ལྡན་བཙོར་ལུང་དམག་དཔོན་མཐོན་པོ། །
              དགོས་འདོད་ཡིད་བཞིན་སྩོལ་བའི་དགྲ་ལྷ། །
              འཕྲིན་ལས་མྱུར་མགྱོགས་གཡུ་རྒོད་གཉན་པོ། །
              དཀར་ཕྱོགས་སྐྱོང་བ་ཀུན་གྱི་སྡེ་དཔོན། །
              ལྷ་དཔོན་ཆུ་བཟང་རྫ་རི་དཀར་པོ། །
              ནག་ཕྱོགས་བདུད་སྡེ་རྩད་ནས་འཇོམས་པའི། །
              ལྷ་གཉན་བཙན་པོ་ཁུ་ལུང་གཡག་སྙིང་། །
              འདོད་རྒུའི་འབྱོར་བ་ཅི་དགར་སྩོལ་བའི། །
              གཏེར་བདག་བཅུད་པར་རྫ་རྒན་མཐོན་པོ། །
              གནས་གསུམ་ཊཱ་ཀི་བྱེ་བའི་རོལ་གར། །
              མང་རའི་མཁའ་འགྲོ་དཔལ་མོ་བརྒྱ་རྩ། །སོགས་མང་སྟོད་སྨད་ཀྱི་དཀར་ཕྱོགས་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་གཞི་བདག་རྣམས་ལ་འབུལ་ལོ། །མཆོད་དོ། །དགྱེས་བཞིན་བཞེས་སུ་གསོལ།
              ཧོ། བསླུ་མེད་མཆོག་གསུམ་འདུས་པའི་བདག་ཉིད། །
              དྲིན་ཅན་རྩ་བ་བརྒྱུད་པའི་བླ་མ། །
              རྒྱུད་སྡེ་རྣམ་བཞིའི་ཡི་དམ་ལྷ་ཚོགས། །
              མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་དང་། །
              ཡུལ་ཁམས་སྐྱོང་བའི་གཞི་བདག་གནས་བདག །
              མཐུ་ལྡན་དཀར་ཕྱོགས་སྐྱོང་བ་རྣམས་ལ། །
              ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་པའི། །
              ཟག་མེད་བདུད་རྩིའི་བསང་རྫས་འདི་རྣམས། །
              ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲོས་ནས། །
              མཆོད་ཡུལ་རྣམས་ལ་འཕྲིན་ལས་བཅོལ་རྒྱུ། །
              ཨཻ། སངས་རྒྱས་བསྟན་པའི་དབུ་འཕང་དགུང་ལ་བསྟོད་ཅིག །
              བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བསྲིངས་ཤིག །
              དགོན་གནས་དགེ་འདུན་སྡེ་རྣམས་ཕྱོགས་མཐར་ཁྱབ་ཅིག།
              རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་འཕེལ་བར་མཛོད་ཅིག །
              ནག་ཕྱོགས་བདུད་སྡེ་དཔུང་ཚོགས་འཇོམས་པར་མཛོད་ཅིག །
              མཐའ་དམག་མཐའ་འདྲེའི་འཇིགས་པ་ཞི་བར་མཛོད་ཅིག །
              བསམ་སྦྱོར་ངན་པའི་གདུག་རྩུབ་དྲུངས་ནས་ཕྱུངས་ཤིག །
              འཐབ་རྩོད་འཁྲུག་སློང་གྱོད་སྣ་དགྲ་ལ་སྒྱུར་ཅིག །
              ཉིན་གསུམ་མཐོ་བའི་སྒང་ནས་སོ་བ་མཛོད་ཅིག །
              མཚན་གསུམ་དམའ་སའི་གཞུང་ནས་མེལ་ཚེ་མཛོད་ཅིག །
              སྒོ་ཟོག་ཕྱུགས་ནོར་རིགས་ལ་གོད་ཁ་མ་གཏོང་། །
              ཕ་མ་ཉེ་དུ་ཚང་མར་ན་ཚ་མ་གཏོང་། །
              སྐྱིད་ཀྱི་ཉི་མ་རྟག་ཏུ་ཤར་བར་མཛོད་ཅིག །
              སྡུག་གི་མུན་པ་གཏིང་ནས་སེལ་བར་མཛོད་ཅིག །
              ཆོས་སྲིད་གཡང་གི་མཚོ་མོ་འཁྱིལ་བར་མཛོད་ཅིག །
              བླ་ཚེ་སྲོག་གི་རི་རྒྱལ་བརྟན་པར་མཛོད་ཅིག །
              ཕྱོགས་བཅུར་སྙན་པའི་གཡས་འཁྱིལ་དུང་དཀར་བུས་ཤིག །
              ས་གསུམ་གྲགས་པའི་དར་ཆེན་སྲིད་རྩེར་སྒྲེངས་ཤིག །
              བསམ་པའི་དོན་འགྲུབ་འདོད་པའི་རེ་བ་སྐོངས་ཤིག །
              བཅོལ་འཕྲིན་མ་ལུས་མྱུར་དུ་འགྲུབ་པར་མཛོད་མཛོད། །
              བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་ཚོགས་ཀྱི། །
              གཙང་མ་ཕུད་ཀྱི་བསང་མཆོད་འདི་བཞེས་ལ། །
              རྣལ་འབྱོར་བདག་ཅག་བསམ་དོན་འགྲུབ་པ་དང་། །
              སངས་རྒྱས་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད།
     བསང་འབོད་ནི་སྡེ་བ་རེ་རེས་འབོད་ཚུལ་མི་གཅིག་ཀྱང་འདི་ནི་འབྲི་མཁན་གྱི་སྡེ་བའི་འབོད་ཚུལ་ལྟར་གཞིར་བཟུང་ནས་བྲིས་པ་ཡིན། ཉིན་དེ་གའི་རིང་གི་བདེ་སྡུག་ཐམས་ཅད་ཡུལ་ལྷ་གཞི་བདག་ལ་སྐྱབས་བཅོལ་བ་ཡིན་པར་ངེས།  བསང་མཆོད་བྱེད་པ་ནི་རང་གིས་ བསྟེན་པའི་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་གྲོགས་སུ་འཛིན་པའམ་འཕྲིན་ལས་སྩོལ་བར་སྐྱབས་བཅོལ་བ་ཡིན། དཔེར་ན། དཔལ་ལྡན་ལྷ་མོ། དམ་ཆེན་རྡོར་ལེགས། དཔལ་མགོན། ཨ་མྱེས་ཡུལ་ལྷ་སོགས་འབོད་པ་རེད།
     གཉེན་ཚང་གིས་ཀྱང་བག་མ་བསུ་བའི་ནངས་མོ་བསང་མཆོད་རྒྱ་ཆེན་པོ་བྱས་ཏེ་ཉིན་དེ་བདེ་སྡུག་ཐམས་ཅད་ཡུལ་ལྷ་གཞི་བདག་ལ་སྐྱབས་བཅོལ་བ་དང་བགེགས་རིགས་བཟློག་པའི་འཕྲིན་ལས་སྩོལ་བར་འབོད་སྐུལ་གནང་བ་ཡིན། དཔེར་ན། 
              ཀྱེ་རང་བཞིན་རྣམ་དག་ཆོས་དབྱིངས་ཀློང་ཡངས་ནས། །
              རྩ་རྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། ། 
              དཔའ་བོ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོའི་ཚོགས། །
              འཁོར་བཅས་དེ་རིང་མདུན་གྱི་ནམ་མཁར་བྱོན། །
              ལྷུན་པོ་ལྟར་བརྗིད་གངས་རིའི་ཕོ་བྲང་ནས། །
              སྲིད་པའི་ལྷ་གཉན་རྨ་རྒྱལ་སྦོམ་ར་ཆེ། །
              ཡུམ་སྲས་གཉན་ཆེན་སྡེ་བཞིའི་འཁོར་དང་བཅས། །
              མ་ཐོགས་མྱུར་ཤུགས་ཀྱིས་གནས་འདིར་གཤེགས། །
              ཕྱི་བལྟས་གསེར་རི་ལྷུན་པོའི་རྗེས་འགྲོ་ཞིང་། ། 
              རང་སྣང་བཀོད་ལེགས་རིན་ཆེན་གཞལ་ཡས་ནས། །
              རྒྱལ་ཀུན་གསང་འཛིན་སྐྱབས་མཆོག་ལ་མོ་བའི། །
              བླ་རི་དཔག་ཆེན་བདུད་འདུལ་རྡོ་རྗེ་ཞེས། །
              མཐུ་རྩལ་ཐོག་ལྟར་མྱུར་བའི་དམ་ཚིག་ཅན། །
              ཡུམ་སྲས་བཀའ་ཉན་ཕྱི་ནང་འཁོར་གྱི་དཔུང་། ། 
              གནམ་ས་འགེངས་པའི་སྡེ་རྒྱལ་དམག་ཚོགས་བཅས། །
              དེ་རིང་བསངས་ཀྱི་མགྲོན་དུ་སྤྱན་འདྲེན་ནོ། །
              ནོར་བུའི་སྒ་སྲབ་རིན་ཆེན་གྱིས་སྤྲས་པའི། །
              རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་རག་པའི་སྟེང་། ། 
              དར་མདུང་བསམ་འཕེལ་ནོར་གཞོང་ལེགས་བསྣམས་པའི། །
              སྟག་ཤར་དགྲ་ལྷ་འཁོར་བས་སྤྱན་འདྲེན་ནོ། །
              དགེ་བཅུའི་དཔལ་ཡོན་ཆགས་པའི་འབལ་གྱི་གཞུང་། ། 
              མཐའ་དབུས་ཀུན་སྐྱོང་མཐོན་པོ་བཅུ་གསུམ་སོགས། །
              དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་རྣམས། །
              རང་རང་འཁོར་དང་བཅས་པ་ད་ཚུར་སྤྱོན། །
              བྱ་མིང་ཆགས་པའི་བྱ་གཞུང་སྟོད་སྨད་ཀྱི། །
              ཁྱུང་སྨན་ཁྱ་ཆེན་ཁྱུང་ཟོར་ལ་སོགས་པའི། །
              མཐུ་ལྡན་ལྷ་ཀླུ་དཀར་ཕྱོགས་སྐྱོང་བ་ཀུན། །
              མ་ཐོགས་རྫུ་འཕྲུལ་ཤུགས་ཀྱིས་འདིར་གཤེགས་ཤིག །
              བྲག་དཀར་སྒིས་ཡི་ལྷ་མོ་མཆེད་གསུམ་དང་། ། 
              གླང་ཆེན་འགྱིངས་རི་བཙོད་ལུང་དམག་དཔོན་ཆེ། །
              ཆུ་བཟང་རྫ་དཀར་ཀྱེ་ཕུར་རྫ་རྒན་སོགས། །
              སྟོབས་ལྡན་འཇིག་རྟེན་སྐྱོང་བའི་ཐམས་ཅད་དང་། ། 
              མང་ཡུལ་གསེར་ལྗོངས་རིང་མོར་རྟེན་བཅས་པའི། །
              ཕྱིང་དཀར་ཇོ་བོ་ཁྱུང་ཐོད་ཀླུ་སྒྲུབ་བཅས། །
              དཀར་ཕྱོགས་སྐྱོང་བ་སྡེ་བརྒྱད་སྤྲུལ་བའི་དཔུང་། ། 
              བསངས་ཀྱི་མགྲོན་འདིར་གཤེགས་ས་མ་ཛ། །
              ཀྱེ་ཟག་མེད་བདེ་ཆེན་དབྱིངས་རིམ་ལས་འོངས་པའི། །
              ཀུན་བཟང་མཆོད་པའི་ཕྲེང་བ་ཚར་དུ་དངར། །
              དབང་བོ་དྲུག་ལ་བདེ་སྟེར་འདོད་འཇོའི་དཔྱིད། །
              མཆོད་ཡུལ་དབྱིངས་ནས་དགྱེས་པ་བསྐྱེད་ཕྱིར་འབུལ། །
              བདེ་སྟོང་ཏིང་འཛིན་སྒྱུ་མའི་འཕྲུལ་འཁོར་ལས། །
              ཞི་དྲག་ཆུ་གཉིས་ཉེར་སྤྱོད་འདོད་ཡོན་ལྔ། །
              བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །
              སྣ་ཚོགས་མཆོད་སྤྲིན་ནམ་མཁའ་བཀང་སྟེ་འབུལ། །
              སྙན་བརྗིད་སྒྲ་དབྱངས་རོལ་མོ་འབྲུག་བཞིན་ལྡིར། །
              དམ་རྫས་རྒྱན་གྱི་གཏོར་མ་ལྷུན་པོར་སྤུངས། །
              སྨན་རག་གསེར་སྐྱེམས་གང་གའི་རྒྱུན་ལྟར་སྦྲེངས། །
              དམ་ཅན་སྲུང་མ་འཁོར་བཅས་ཚིམ་གྱུར་ཅིག །
              ཁྱད་པར་ཡེ་ཤེས་མེ་དཔུང་འབར་བའི་དབུས། །
              སྨན་སྤོས་ཕྱེ་མར་འབྲུ་བཅུད་མཐའ་ཀླས་པ། །
              བསྲེགས་པའི་དུད་སྤྲིན་ལྷ་ལམ་འགེངས་པ་འདི། །
              མཆོད་ཡུལ་ཀུན་ལ་མཆོད་པའི་སྤྲིན་དུ་སྤྲོས། །
              བདག་ཅག་སྒོ་གསུམ་སྤྱོད་པ་མ་དག་པས། །
              སྐུ་གསུམ་ཐུགས་དང་འགལ་བའི་ཉེས་ཚོགས་དང་། ། 
              དམ་རྫས་བསང་མཆོད་འདི་ཡིས་དག་གྱུར་ཏེ། །
              དགྱེས་པའི་འཛུམ་ཞལ་རྟག་ཏུ་ངོམས་པར་མཛོད། །
              ཐུབ་བསྟན་སྤྱི་དང་བློ་བཟང་རྒྱལ་བའི་བསྟན། །
              དེ་འཛིན་སྐྱེས་བུའི་སྐུ་ཚེ་མཛད་འཕྲིན་དང་། ། 
              དགེ་འདུན་འདུས་ཚོགས་བཤད་སྒྲུབ་བྱ་བ་རྣམས། །
              དབྱར་མཚོའི་དཔལ་ལ་འགྲན་བཞིན་འཕེལ་བར་མཛོད། །
              ཡངས་པའི་རྒྱལ་ཁམས་སྤྱི་དང་བྱེ་བྲག་ཏུ། །
              ལྗོངས་འདིའི་བརྟན་གཡོའི་དངོས་ཀུན་ཁྱོད་ལ་གཏད། །
              དུས་ཀུན་འབྲལ་མེད་མགོན་དང་སྐྱབས་མཛད་ནས། །
              བསྲུང་སྐྱོབས་བྱ་ར་མེལ་ཚེ་མ་གཡེལ་ཞིག ། 
              ནད་རིམས་གདོན་བགེགས་ཕྱུགས་ཀྱི་གོད་ཁ་དང་། ། 
              མཐུ་གཏད་བྱད་ཕུར་དགྲ་རྐུན་ཁ་དམེ་སོགས། །
              མི་མཐུན་རྒུད་པའི་ཉེར་འཚེ་མ་ལུས་པ། །
              མྱུར་བུ་ཞི་ཞིང་བཟློག་པའི་ལས་ཀུན་སྒྲུབས། །
              སྒོས་སུ་ལྗོངས་འདིའི་སྐྱེ་འགྲོ་མ་ལུས་པས། །
              འབད་པའི་སྒྲུབ་པའི་འབྲུ་བཅུད་ལོ་ཏོག་རྣམས། །
              མཐུ་ལྡན་སྲུང་མ་རྣམས་ལ་གཤེར་གཏད་པས། །
              ཉིན་མཚན་དུས་ཀུན་དབྱེར་མེད་བྱ་ར་མཛོད། །
              སད་དང་ཐན་པའི་གནོད་པ་བདོ་བའི་དུས། །
              མཐུན་པའི་ཆར་སྤྲིན་སྟུག་པོས་བར་སྣང་ཁོངས། །
              འཁྱག་བསྡམ་སེར་བའི་གནོད་པ་བྱུང་བའི་ཚེ། །
              འཐོར་རླུང་དྲག་པོས་སེར་བདག་གཞན་དུ་སྐྲོད། །
              བཙའ་འབུ་ཤྭ་འོད་དྲག་པོས་གནོད་པའི་ཚེ། །
              སྣ་ཚོགས་སྒྱུ་འཕྲུལ་ཐབས་ཀྱིས་བཟློག་པར་མཛོད། །
              བསོད་ནམས་ཤར་རིའི་རྩེ་མོར་རབ་ངོམས་པས། །
              བདེ་སྐྱིད་པད་མའི་ཚལ་རབ་རྒྱས་པར་མཛོད། །
              བསླུ་མེད་མཆོག་གསུམ་ཐུགས་རྗེ་བདེན་བྱིན་མཐུས། །
              ཆེར་སྙིགས་རྒུད་པའི་གྲང་རེག་ཉེར་བཅོམ་སྟེ། །
              སྣོད་བཅུད་ལེགས་ཚོགས་ཇི་ལྟར་འཕེལ་བ་ལས། །
              སྡེ་བཞིའི་རླབས་ཕྲེང་སྲིད་རྩེར་གཡོ་བར་ཤོག །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...