སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་གླུ་གཞས་སྒྲ་སྦྱོང་སྐོར་གྱི་དབྱངས་ཀྱི་རྣམ་གཞག
རྩོམ་པ་པོ། ཞོལ་ཁང་བསོད་ནམས་དར་རྒྱས། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-19 10:20:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།
     བོད་འདིར་གནའ་སྔ་མོ་ཞིག་ནས་མཁས་དབང་ཡབ་མེས་གོང་མ་རིམ་བྱོན་ནས་ཤེས་བྱ་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་མི་རིགས་རང་ཉིད་ཀྱི་སྐད་ལུགས་དང་། གོམས་གཤིས་དང་མཐུན་པའི་ལུང་རིག་གཞུང་ལུགས་མང་དག་ཅིག་གསར་གཏོད་དང་། དར་སྤེལ་མཛད་པ་ལྟར་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་བཅས་ཡོད་པ་ལས། རིག་གནས་ཆེ་བ་ལྔ་སྟེ་གཞན་དག་ཚིག་ལ་ལོག་པར་རྟོག་པ་ཚར་བཅད་པའི་ཕྱིར་སྒྲ་རིག་པ་དང་། དོན་ལ་ལོག་པར་རྟོག་པ་ཚར་བཅད་པའི་ཕྱིར་གཏན་ཚིགས་རིག་པ། སྤྱིར་འདོད་དགུ་མཐའ་དག་དོན་དུ་གཉེར་བ་རྗེས་སུ་འཛིན་བྱེད་བཟོ་རིག་པ། བྱེ་བྲག་ནད་མེད་པ་དོན་དུ་གཉེར་བ་རྗེས་སུ་འཛིན་བྱེད་གསོ་བ་རིག་པ། བདག་ཉིད་ལམ་ཟབ་རྒྱས་ཀུན་ཤེས་ནས་ཉམས་སུ་བླངས་པའི་ཕྱིར་ནང་དོན་རིག་པ་བཅས་ཡིན། ད་ལམ་ངས་འདིར་སྐབས་སུ་བབས་པའི་གླེང་བར་འདོད་པ་ནི། ས་སྐྱ་ཨ་མྱེས་ཞབས་ཀྱིས་མཛད་པའི་རིག་པའི་གནས་ལྔ་ལས་བཟོ་རིག་པའི་བྱེ་བྲག་རོལ་མོའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་འཇམ་དབྱངས་བླ་མ་དགྱེས་པའི་སྙན་པའི་སྒྲ་དབྱངས་བློ་གསལ་ཡིད་འཕྲོག་འཕྲིན་ལས་ཡོངས་ཁྱབ་ཅེས་བྱ་བ་ལས། འཇམ་དཔལ་དབྱངས་ཉིད་ངུར་སྨྲིག་བླ་གོས་ཅན། །གནས་ལྔ་རིག་པ་པཎ་ཆེན་བླ་མ་ཡི། །གསུང་རབ་རྒྱ་མཚོའི་ནང་ནས་བཟོ་རིག་གི། ། རྣམ་གཞག་སྟོན་པ་རོལ་མོའི་བསྟན་བཅོས་ཡིན། ། ཅེས་གསུངས་པ་ལྟར། རིག་རྩལ་དང་། སྒྱུ་རྩལ་ལ་སོགས་པ་མཐའ་དག་གི་གནས་ལྔ་རིག་པའི་ནང་ནས་བཟོ་རིག་པའི་ཁོངས་སུ་བཞག་ཡོད་པ་མ་ཟད། དེ་ཡང་གཞིའམ། གཙོ་བོ་ལུས་སུ་གྱུར་པ་ནི་བཟོ་རིག་པ་ཉིད་ཡིན་ཏེ། ཐོས་བསམ་བྱ་བའི་ཡུལ་མཐའ་དག་བཟོ་རིག་པའི་ཁོངས་སུ་མ་འདུས་པ་མེད་པ་དེ་ལྟར་ཡང་། བར་སྐབས་མི་འགའ་ཞིག་གིས་བོད་ཀྱི་རིག་གནས་ཆེན་པོ་ལྔའི་ཁོངས་སུ་རིག་རྩལ་སྐོར་ལ་གསལ་བ་མི་འདུག་ཅེས་རིག་གནས་གླེང་མོལ་ཚོགས་རའི་ཁྲོད་དུའང་གསུང་མཁན་ཡོད་པ་རང་ཉིད་ནས་ཀྱང་གོ་ཐོས་བྱུང་། དེ་ནི“མ་མཐོང་ཕྱིར་ན་མེད་པ་མིན”ཟེར་བ་ལྟར། རང་ཉིད་ནས་མཐོང་རྒྱ་ཞན་པའམ། ཡང་ན་ཞེ་ལྷོད་དུ་གྱུར་པ་གང་ཡིན་ལ་མ་ལྟོས་པར་རང་གིས་མ་མཐོང་ན་དེ་འཕྲལ་མེད་པར་ཚིག་ཐག་བཅད་དེ་བཤད་ན། མི་ཚོས་མཛུབ་སྟོན་དང་འབྲེལ་ཁ་གཏད་དུ་ལངས་ངེས་ཡིན་སྟབས་རང་གིས་རང་ལ་ཚོད་དཔག་ཡང་དག་པ་ཞིག་བྱེད་དགོས་ངེས་རེད་སྙམ། དེ་བཞིན་རིག་གནས་ཆུང་བ་ལྔ་ལས་སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས་པ་དང་། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་ཞེས་སོགས་ལས་ཟློས་གར་མིང་གསལ་དུ་ཡོད་པ་བཅས་ཡིན། སྐད་རིགས་ལ་མི་རྨོངས་ཞེས་པ་ནི། སྐད་རིགས་ཆེན་པོ་བཞི་སྟེ།   ལེགས་སྦྱར་སྐད་དང་། ཡུལ་མི་རང་བཞིན་པའི་སྐད། ཟུར་ཆག་གི་སྐད། ཕལ་སྐད་བཅས་ལ་ཟེར། དེ་དག་ནི་གཏམ་རྒྱུད་ཀྱི་ཟློས་གར་ཞིག་བརྩམས་པའམ། ཡང་ན་རྒྱལ་རབས་ཀྱི་ལོ་རྒྱུས་ཟློས་གར་ཞིག་འཁྲབ་སྟོན་བྱེད་སྐབས་སྐད་རིགས་དེ་དག་དགོས་པ་ཤིན་ཏུ་ཆེ་བ་ཡིན།  དེ་བཞིན་སྒྲ་པ་ཤེས་རབ་རྒྱལ་མཚན་གྱིས་བཟོ་ནི་ལུས་དང་ངག་དང་ཡིད་བཟོའོ། །ཞེས་དང་།  དེ་བཞིན་ས་སྐྱ་ཨ་མྱེས་ཞབས་ཀྱིས་ལུས་ངག་གཙོ་བོར་བྱེད་དང་མི་བྱེད་ལས། །ལུས་ངག་ཡིད་ཀྱི་བཟོ་ཞེས་གསུམ་དུ་དབྱེ། །ཞེས་གསུངས་པ་ལྟར། སྤྱིར་ཡིད་ཀྱི་རྟོགས་ནས་ལུས་ལ་འཇུག་པར་ཁྱད་མེད་ཀྱང་། ཡིད་དང་འབྲེལ་བའི་ལུས་ཀྱི་གཡོ་བ་དང་། ངག་གི་བརྗོད་པ་གཙོ་བོར་གྱུར་པའི་ལུས་བཟོ་ངག་བཟོ་གཉིས་དང་། ལུས་ངག་དང་མ་འབྲེལ་བར་ཡིད་ཀྱི་བསམ་པ་ཙམ་གྱིས་དབང་དུ་བྱས་པ་ཡིད་བཟོ་ཞེས་ཟེར། དེ་བཞིན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན(1182-1251) གྱིས་མཛད་པའི་རོལ་མོའི་བསྟན་བཅོས་དང་། སློབ་དཔོན་ཙནྡྲ་གོ་མི་གཉིས་སོ་སོ་ནས་བརྩམས་པའི་དབྱངས་ཀྱི་བསྟན་བཅོས་བློ་གསལ་མགུལ་རྒྱན་ལ་སོགས་པ་ནས་བཏུས་ཏེ་དབྱངས་ཀྱི་རྣམ་གཞག་དང་། ཚིག་གི་རྣམ་གཞག དབྱངས་དང་ཚིག་སྦྱོར་བའི་ཚུལ་སྟོན་པ་བཅས་གསལ་བ་ལས། ད་ལམ་འཆད་པ་སྐབས་སུ་བབས་པ་ནི་དབྱངས་ཀྱི་རྣམ་གཞག་ངག་བཟོ་རིག་པ་སྟེ་བོད་ཀྱི་གླུ་གཞས་སྒྲ་སྦྱོང་སྐོར་ནས་གླེང་བར་འདོད་པ་ནི་གཞུང་དོན་དངོས་བཤད་པ་ལ་གསུམ་སྟེ“རོལ་མོའི་དབྱེ་བ་སྤྱི་རུ་བསྟན། །ལྷན་སྐྱེས་རོལ་མོའི་བྱེ་བྲག་བཤད། །བརྟགས་ཏེ་ཉམས་སུ་ལེན་ཚུལ་བཤད”ཅེས་གསལ་བ་ལྟར། རོལ་མོའི་དབྱེ་བ་སྤྱི་རུ་བསྟན་པ་ན། སྐབས་འདིར་བཤད་པར་བྱ་བའི་རོལ་མོ་གཉིས་སུ་འདོད་དེ། དེ་ལ་རང་ཉིད་ཀྱི་ལུས་དང་ལྷན་ཅིག་སྐྱེས་ཀྱི་རོལ་མོ་དང་། པི་ལྦང་ལ་སོགས་པ་རྐྱེན་གཞན་ལས་བྱུང་བའི་རོལ་མོ་གཉིས་སུ་ཡོད་པ་དང་། གཉིས་པོ་དེ་དག་ཀྱང་རྣམ་པ་ཐ་དད་པར་ལྷན་སྐྱེས་རོལ་མོའི་འབྱུང་ཁུངས་ཀྱི་གནས་ཀྱི་སྒོ་ནས་བཤད་ན་མགྲིན་པ་དང་། སྣ་དང་། སྤྱི་བོ་དང་།རྐན་དང་། ལྕེ་དང་། སོ་དང་། མཆུ་དང་། ཁོག་པ་སྟེ་སྒྲའི་སྐྱེ་གནས་བརྒྱད་ལས་བྱུང་བ་དང་། དེ་བཞིན་སིད་སྒྲ་དང་། སེ་གོལ་གཏོགས་པ། རྐང་ལག་རྡེབ་རྡབ་ལ་སོགས་པ་རྒྱན་གྱི་རྣམ་པ་བཅས་ཡིན་པ་དེ་དག་ལ་ལྷན་ཅིག་སྐྱེས་པའི་རོལ་མོ་ཟེར་བ་ཡིན། གཞན་ཡང་རྐྱེན་གཞན་ལས་བྱུང་བའི་རོལ་མོ་དང་བཅས་ཐ་དད་པའི་དབྱེ་བས་ཞིབ་ཏུ་ཕྱེ་ན་དཔག་ཏུ་མེད་པ་བཤད་ཡོད་ཀྱང་། ཡིག་རྫོབ་ཀྱི་རྒྱུར་བསམ་ནས་བྲིས་མེད། གོང་གསལ་རིག་ལམ་བཤད་ལུགས་དེ་དག་ལོ་ངོ་བརྒྱ་ཕྲག་འགའི་གོང་རོལ་དུ་ཡིན་སྟབས་ལོ་རྒྱུས་ཐོག་བེད་སྤྱོད་བཏང་ཡོད།   རྐྱང་ཡིན་པ་ནི་ད་ཡོད་བོད་མི་རིགས་ཀྱི་དམངས་གཞས་གཏོང་སྲོལ་ལ་ཞིབ་གཤེར་བྱས་ན་རིག་པའི་གཞུང་ལུགས་དེ་དག་གི་ཁྱད་ཆོས་དང་ཧ་ཅང་མཐུན་པོ་ཡོད་པ་རེད། ཡིན་ནའི་རང་རེའི་དྲན་ཐོག་འདིར་རིག་གཞུང་དེ་དག་བེད་སྤྱོད་བཏང་མེད་པར་མི་རིགས་གཞན་གྱི་སྒྲའི་སྐྱེ་གནས་གཞིར་བཟུང་སྐད་སྦྱོང་བྱས་ཏེ་བོད་ཀྱི་གླུ་གཞས་བཏང་བ་ཡིན་ཙང་མི་ཉུང་བ་ཞིག་བོད་གཞས་ཀྱི་ཁྱད་ཆོས་དང་མཐུན་པའི་བྲོ་བ་མེད་པ་དེར་མི་ཚོས་བློ་བདེ་པོ་མི་བྱེད་པ་རེད། དེར་བརྟེན་རང་ངོས་ནས་གཞན་གྱིས་དཔྱད་གཞི་གནང་རིན་ཆོག་པ་ཡོད་མེད་ལ་མ་ལྟོས་པར་སློབ་གྲྭར་ནང་ཁུལ་ཚོད་ལྟའི་ཆེད་དུ་སྐད་སྦྱོང་སློབ་ཚན་བོད་རིགས་ཀྱི་སྐད་གཤིས་སྒྲའི་སྐྱེ་གནས་ཀྱི་ཁྱད་ཆོས་མཐུན་ཐབས་བྱས་ཏེ་སྒྲ་སྦྱོང་སྐོར་གྱི་དབྱངས་ཀྱི་རྣམ་གཞག་རགས་ཙམ་བརྗོད་པར་འདོད། དེ་ཡང། རྟ་དབྱངས་སྐད་ཤུགས་དང་གྲེ་བསྒྱུར་སྦྱོང་བའི་གནས་གང་འདྲ་ཞིག་བཙལ་ཏེ་སྦྱོང་དགོས་སམ་ཞེ་ན། ས་པཎ་གྱིས། གང་དུ་བསླབ་པར་བྱ་བའི་གནས། །གཙང་ཞིང་དབེན་པའི་ས་ཕྱོགས་སམ། །སྐད་ལ་བགོས་འབྱིན་ཡིད་དང་མཐུན། །དེ་འདྲ་དེ་དག་བཙལ་ཏེ་བརྩམས། །ཞེས་གསུངས་ཡོད་པས། གང་དུ་བསླབ་པར་བྱ་བའི་གནས་ནི། སྤྱིར་ས་ཕྱོགས་གཙང་ཞིང་དབེན་ལ་ཁྱད་པར་ཡིད་དང་མཐུན་པ་དང་། སྐད་ལ་བོགས་འབྱིན་ནུས་པའི་ས་བདམས་དགོས་པ་ནི་གལ་ཆེའོ།  
     ལེ་ཚན་དང་པོ། དབྱངས་ཀྱི་རྩ་བའི་རྨང་གཞིའི་རྣམ་གཞག་ལ་བརྒྱུད་རིམ་གསུམ་ཡོད་པ་ལས། དང་པོ་ང་རོའི་རྩ་བ་གསུམ་དང་། གཉིས་པ་དབྱངས་ཀྱི་རྣམ་གཞག་ལྔ། གསུམ་པ་སྒྲའི་སྐྱེ་གནས་བརྒྱད་བཅས་ཡོད་པ་དང་། དེ་ཡང་ང་རོའི་རྩ་བ་གསུམ་སྟེ“ཧཱ”“ཨཱ”“ལཱ”བཅས་ཡིན་པ་དེ་གསུམ་སྒྲ་དྲག་ཞན་རན་པ་གསུམ་ཡིན།  
     (༡)སྐད་སྦྱོང་སྐབས་ཐོག་མར་དབུགས་ལམ་བཤར་སྦྱང་བྱ་རྒྱུ་དེ་གླུ་དབྱངས་འདྲེན་པ་དང། འགྱུར་ཁུགས་ལྡེངས་བཅས་ལ་སྲོག་ལྟ་བུ་ཡིན། དེར་བརྟེན་དབུགས་ལམ་ནི་ལྟེ་བ་ལས་ཕོ་བ་དང་། མགྲིན་པ་བརྒྱུད། ཁ་སྒོ་བར་དབུགས་ཕྱིར་དབྱུངས་འགྲོ་བའི་བར་དེར་ཟེར།   ཁ་སྒོ་ནས་དབུགས་ཕྱིར་དབྱུངས་འགྲོ་བའི་བསམ་ཚོད་མདའ་ཚད་གང་ཙམ་བར་ཟིན་དགོས།    དབུགས་ལམ་སྦྱོང་བའི་སྲོག་གཟུགས་ཀྱི་ཡི་གེ་སྟེ། “ཧཱ”ཡིན། དེའི་རྒྱུ་མཚན་ནི་སྤྱིར་བོད་ཀྱི་ཡི་གེ་མཐའ་དག་ལ་སྒྲའི་སྐྱེ་གནས་དང་། བྱེད་པ། རྩོལ་བ་བཅས་ཡོད་པ་དེ་ལྟར་ཡང་། ཧ་ཡིག་ནི་དྲོ་བའི་ཡི་གེ་ལྔ་སྟེ“ཞ་ཟ་ཤ་ས་ཧ”ལས་མཇུག་ཤོས་དེ་ཡིན་པ་དང་། སྐྱེ་གནས་ཁོག་པ་ཡིན་ལ་སྒྲ་རན་པ། སྒྲ་དེ་འདོན་སྐབས་ལྟེ་བ་ནས་ཕོ་བ་དང་། མགྲིན་པ་བརྒྱུད་ཁ་སྒོ་ནས་མ་ཐོན་བར་དབུགས་ལྷུགས་པོར་གློད་ནས་ཁོན་ཁོན་ཐོགས་ཐོགས་མེད་པར་ཕྱིར་དབྱུངས་དགོས་པ་ཞིག་ཡིན་པ་དང་། ཧ་ཡིག་དེར་གསལ་བྱེད་གཞན་དང་མི་འདྲ་བའི་ཁྱད་པར་གཙོ་ཆེ་བ་ནི་དབྱངས་ཨ་སོགས་མ་ཞུགས་ནའང་སྒྲ་གདངས་ཐོན་ཐུབ་པ་དང་། དབྱངས་དངོས་བཞིན་དུ་སྒྲ་གསལ་པོ་ཐོན་རྒྱུ་མེད་པའི་གསལ་བྱེད་དམིགས་བསལ་ཅན་ཞིག་ཡིན། དེར་བརྟེན་སྐད་སྦྱོང་སྐབས་ལྟེ་བ་ནས་ཤུགས་སྐྱེས་ཏེ། ཧཱ་ཧཱ་ཧཱ་་་་ཞེས་ཕྱུངས་ནས་ཐབས་ཤེས་གོང་ལྟར་ཁོག་པ་དབུགས་ཀྱིས་རྒྱོངས་ས་དང་། སྐད་ཤུགས་ཡོད་པའི་ཐོག་ནས་སྐད་ཀྱི་རུས་མ་ཆག་ས།   སྒྲ་ཟུར་ལེགས་པར་ཕྱིན་པ་བཅས་སོ།  
     (༢)ང་རོའི་རྩ་བ་ཨ་ཡིག་ཡིན། “ཨ”ཞེས་པའི་སྒྲའི་སྐྱེ་གནས་མགྲིན་པ་དང་། སྒྲ་རྩོལ་དྲག་པ། ཨ་ཡིག་འདོན་སྐབས་མགྲིན་པ་བཙུམ་པ་ལྟར་བྱས་ཏེ་སྟོད་ལ་ཤུགས་སྐྱེས་ཏེ།“ཨ། ཨ། ཨ”......ཞེས་འབོད་པ་ཡིན། དེའི་རྒྱུ་མཚན་ནི། གླུ་དབྱངས་གང་ཞིག་གཏོང་དགོས་རུང་། མགྲིན་ཁུགས་བདེ་མིན་དེ་མགྲིན་པ་ཡི་སྦྱོང་བརྡར་རང་ལ་ཐུག་ཡོད་པས། ཨ།ཞེས་པ་དེ་མགྲིན་པའི་སྐྱེ་གནས་ཐོག་མགྲིན་པ་མ་ཕྱེ་བར་བརྗོད་པའི་ཕྱིར་བཙུམ་པའི་རྩོལ་བ་ཅན་ཡིན་རུང་། དབུགས་རྔུབ་གཏོང་བར་ལ་སྡང་བཙུམ་ཡང་ཡང་བྱེད་དགོས་པས་མགྲིན་པའི་སྦྱོང་བརྡར་ལ་ནུས་པ་ཐོན་ངེས་ཡིན། དེར་བརྟེན། ཨ། ཞེས་འབོད་སྐབས་ཡིག་འབྲུ་རེར་མིག་འཛུམ་གཅིག་གི་ཡུན་ཚད་དགོས་པ་སོགས་རྩ་བར་བཟུང་བའི་སྐད་ཚུལ་དག་པོ་ཞིག་འདོན་དགོས་པ་ཤིན་ཏུ་གལ་ཆེ།  
     (༣)ང་རོའི་རྩ་བ་འ་ཡིག་ཡིན། “འ”ཞེས་པའི་སྒྲའི་སྐྱེ་གནས་མགྲིན་པ་དང་། སྒྲ་རྩོལ་ཞན་པ། འ་ཡིག་འདོན་སྐབས་མགྲིན་པ་ལྷོད་པ་ལྟར་བྱས་ཏེ་སྨད་ལ་ཤུགས་སྐྱེས་ཏེ། འ།འ། འ། .....ཞེས་འབོད་པ་ཡིན། རྒྱུ་མཚན་གོང་བཞིན་ཐོག་འ་ཡིག་མགྲིན་པ་ཕྱེ་བའི་རྩོལ་བ་ཅན་ཡིན་པ་དང་། སྒྲ་སྨད་ལ་གློད་པ་ལྟར་བྱེད་དགོས་པ་སོགས་རྩ་བར་བཟུངས་ཏེ་མིག་འཛུམ་གཅིག་གི་ཡུན་ཚད་དགོས་པ་ཡིན། གོང་གསལ་གྱི་སྒྲ་གསུམ་པོ་དེ་དག་སྐད་སྦྱོང་གི་རྨང་གཞི་ལྟ་བུ་ཡིན་པས་དེ་གསུམ་ཚད་དུ་ལོངས་མིན་ནི་རྩ་བའི་ཆ་ནས་སྐད་ཀྱི་མདུན་ལམ་ཡོད་མེད་ཚོད་དཔག་བྱེད་ཐུབ།  
     ལེ་ཚན་གཉིས་པ། དབྱངས་ཀྱི་རྣམ་གཞག་ལྔ་ཞེས་པ་དེ་ཡིན། དེ་ཡང་རོལ་མོའི་བསྟན་བཅོས་ལས་“དེ་ལ་ལྷན་ཅིག་སྐྱེས་པ་ཡིས། །ང་རོ་རྣམ་པ་བཞི་ཡིན་ཏེ། །འདྲེན་པ་དང་ནི་བཀུག་པ་དང་། ། བསྒྱུར་བ་དང་ནི་ལྡེངས་ཉིད་དོ། །”ཞེས་བཤད་དེ། འདྲེན་པ་དང་།བཀུག་པ། བསྒྱུར་བ། ལྡེང་བ་བཅས་ཡོད་ཐོག་བཞི་པོ་དེ་དག་འདྲེན་པའི་དབྱེ་ཚུལ་ཐ་དད་པས་རེ་རེ་ལའང་ཐ་དད་འགྱུར་བའི་དབྱེ་ཚུལ་ཀྱང་བཤད་ཡོད་པ་རེད། འདིར་བཤད་པར་བྱ་བ་ནི་རྣམ་གཞག་ལྔ་སྟེ་འདྲེན་པ་ལ་ལྔ་ཡོད་པ་དེ་ཡིན། དེ་ཡང་། “དྲང་པོ་བསྒྲེང་དང་བཀུག་པ་དང་། །སྟོད་དང་སྨད་པའི་ང་རོས་དྲངས”ཞེས་གསུངས་ཡོད་པས “ཨ”ཞེས་དྲང་པོའི་ང་རོ་དང“ཨེ”ཞེས་བསྒྲེང་བའི་ང་རོ། “ཨི”ཞེས་བཀུག་པའི་ང་རོ། “ཨོ”ཞེས་སྨད་པའི་ང་རོ།  
     (༡)“ཨུ”ཞེས་བསྟོད་པའི་ང་རོས་དྲངས་པ་རྣམས་སོ། དེ་ལ་ཡང་། རིང་དང་།ཐུང་གཉིས་ཡོད་པས། “ཨ”ཞེས་ཐུང་བའི་ང་རོ་ཡིན་པས་ཁ་གདང་ཚད་འབྲིང་ཙམ་ལ། ལྕེ་རྩ་ཅུང་བཏེགས། མགྲིན་གདང་གཡོ་བཞིན། དབུགས་རང་བཞིན་དུ་གློད་དེ་མིག་འཛུམ་གཅིག་གི་ཡུན་ལ་སྒྲ་གདངས་ཐོན“ཨཱ”རིང་བ་ནི་ཁ་གདངས་ཚད་ཆེ་ཙམ་ལ། མིག་འཛུམ་གཉིས་ཀྱི་ཡུན་ལས་སྒྲ་དེ་མགྲིན་པ་ལས་ཡོང་བ་ཡིན། དེ་ལ་དྲང་པོའི་ང་རོ་ཟེར།
     (༢)“ཨེ”ཞེས་བསྒྲེང་བའི་ང་རོ་ཡིན། སྒྲའི་ཡུན་ཚད་ཐུང་བ་གོང་བཞིན་ཐོག་སྐྱེ་གནས་མགྲིན་པ་དང་། རྐན་གཉིས་ཡིན། “ཨེ”སྒྲ་ཡུན་རིང་བ་ཡིན་པ་དང་། སྒྲའི་གཞུང་ལུགས་ལྟར་ན་དབྱངས་གསུམ་མཚམས་སྦྱོར་བྱས་པའི་ཡི་གེ་ཞིག་སྟེ། (ཨ་དང་ཨཱ་ལ་ཨི་དང་ཨཱི་སྦྱར་བའི་ཨཻ་བྱུང)དམིགས་བསལ་གྱི་དབྱངས་ཞིག་ཡིན་པས་དེ་ལ་དབྱངས་གསུམ་སྦྱར་ཟེར།   དམིགས་བསལ་བྱེད་པའི་རྒྱུ་མཚན་ནི་མཆོད་དབྱངས་དང་གླུ་དབྱངས་གང་སར་དབྱངས་རིང་དགོས་པ་ཆེ། དེའི་སྐྱེ་གནས་ཨེ་དང་མཚུངས། སྒྲའི་འདོན་ཚུལ་ནི། ཨ་ཨི་མྱུར་དུ་བཀླག་པ་དང་འདྲ།  
     (༣)“ཨི”ཞེས་བཀུག་པའི་ང་རོ་ཡིན། སྒྲའི་ཡུན་ཚད་ཐུང་བ་སྟེ་མིག་འཛུམ་གཅིག་དང་། སྐྱེ་གནས་རྐན་ཡིན། སྒྲ་དེ་འདོན་སྐབས་ལྕེ་རྩ་ཅུང་བཏེགས་དགོས་པ་དང་། “ཨཱི”ཞེས་རིང་བ་སྟེ་མིག་འཛུམ་གཉིས་ཀྱི་ཡུན་ཡིན།  
     (༤)“ཨོ”ཞེས་པ་སྨད་པའི་ང་རོ་དང་། སྒྲའི་ཡུན་ཚད་གོང་བཞིན“ཨོ”ཞེས་རིང་བ་ནི་གོང་གསལ་ཨེ་ཡི་སྒྲ་གཞུང་ལྟར་དབྱངས་གསུམ་མཚམས་སྦྱོར་བྱས་པའི་ཡི་གེ་ཞིག་སྟེ། (ཨ་དང་ཨཱ་ལ་ཨུ་དང་། ཨཱུ་སྦྱར་བ་ཨོ་བྱུང)དེ་ཡང་དམིགས་བསལ་གྱི་དབྱངས་གསུམ་མཚམས་སྦྱར་ཞེས་འབོད། དེའི་སྐྱེ་གནས་མགྲིན་པ་དང་། མཆུ་གཉིས་ཡིན།  
     (༥)“ཨུ”ཞེས་བསྟོད་པའི་ང་རོ་ཡིན། ཡུན་ཚད་གོང་བཞིན་ཐོག སྐྱེ་གནས་མཆུ་ཡིན“ཨུ”ཞེས་སྒྲ་རིང་བ་ཡིན། དེ་གཉིས་འདོན་སྐབས་རིང་ཐུང་་གི་ཁྱད་པར་ཐོག་ལྕེ་རྩ་ཅུང་བཏེགས་པ་དང་། མཆུ་རུབ་ཅུང་མི་འཕྲད་པར་དབུགས་རང་བཞིན་དུ་གློད་པ་བཅས་བྱེད་དགོས། གོང་གསལ་དབྱངས་ཀྱི་རྣམ་གཞག་དེ་དག་གླུ་གཞས་དངོས་སུ་གཏོང་བའི་སྐབས་སུ་གལ་གནད་ཆེ་བ་ཡིན་པ་ནི་འདྲེན་པའི་ཚུལ་དུ་བཤད་མ་དགོས་པའི་ཐོག་འགྱུར་གཏོང་བའི་བར་ལ་དབྱངས་ཀྱི་བསྒྱུར་བའི་རང་བཞིན་ནི་མི་རིགས་ཀྱི་སྐད་གཤིས་ཀྱི་དྲོ་བ་འདོན་ཐུབ་པའི་ནུས་པ་དེ་ཇ་དང་། ཚ་ཡི་འབྲེལ་བ་ལྟར་ཡིན།  
     ལེ་ཚན་གསུམ་པ། སྒྲའི་སྐྱེ་གནས་བརྒྱད་ཅེས་པ་དེ་ཡིན། དེའི་གནས་ནི་མགྲིན་པ་དང་། སྣ་དང་། སྤྱི་བོ་དང་། རྐན་དང་། སོ་དང་། མཆུ་དང་། ཁོག་པ་བཅས་ཡིན། དེ་ཡང་ཡིག་འབྲུ་སོ་སོར་གཞིགས་པས་གནས་དང་བྱེད་པ། རྩོལ་བ་བཅས་ཡོད་པ་ལས། སྒྲའམ་སྐད་ཟེར་བའི་རྒྱུའམ་འབྱུང་ཁུངས་དེ། དྲིལ་བུར་དཔེ་སྦྱར་ན། དྲིལ་བུའི་ཁོག་པ་སྟེ།“གནས”ཡིན་པ་དང་། དྲིལ་བུའི་ལྕེ་སྟེ། “བྱེད”པ་ཡིན་ཞིང་། སྐད་སྒྲོགས་པར་བྱེད་པའི“རྩོལ”བ་ནི་རླུང་ངམ། ཡང་ན་ལག་པས་སྒུལ་དགོས་པ་དེ་ཡིན། དེར་བརྟེན་རང་རེས། ཨ།  ཞེས་འབོད་པར་འདོད་ན། བརྗོད་འདོད་ཀྱི་སྒྲ་དེ་རྣམ་པར་རྟོག་པའམ་སེམས་ལ་འཆར་རྗེས་སྐུལ་བར་བྱེད་པའི་རྩ་བའི་རྒྱུ་རླུང་ཡིན་པ་དང་། ཨ། ཞེས་པའི་སྒྲའི་གནས་ས་མགྲིན་པ་དང་།མགྲིན་པ་དེ་ལྕེ་ཕྲུག་གམ། ལྕེ་རྩས་བསྡམས་ཙམ་བས་པ་སྟེ་མགྲིན་པ་དང་། ལྕེ་རྩ་ཅུང་ཟད་ཕྲད་ཙམ་བྱས་པ་དེ་རྩོལ་བ་ཡིན། ཁྱོན་ཡོངས་ནས་བཤད་ན། ལྕེ་དང་། རྐན་གཉིས་བྱེད་པ་གཙོ་བོ་ཡིན་ལ། དེ་དག་གནས་རྣམས་སུ་ཕྲད་པའི་དབང་གིས་བྱེད་པ་རྣམ་པ་དྲུག་སྟེ་ཕྲད་པ་དང་། ཅུང་ཟད་ཕྲད་པ་དང་། བཙུམ་པ་དང་། ཕྱེ་བ་དང་། དོག་པ་དང་། ཡངས་པ་བཅས་སོ། དེ་ལྟར་ཡིན་སྟབས་རང་རེས་སྐད་སྦྱོང་སྐབས་ལ་ཡིག་འབྲུ་སོ་སོར་གནས་དང་བྱེད་པ་རྩོལ་བ་བཅས་རེ་ཡོད་པ་དེ་དག་ལེགས་པར་ཕྱིན་པ་སྟེ་སྒྲ་དག་གསལ་གསུམ་དགོས་པ་ནི་གནས་ཀྱི་དམ་པ་ཡིན། དེ་དག་གླུ་གཞས་དང་སྦྱར་བའི་དབྱངས་གཟུགས(ཕིའུ་ཙེ)དངོས་སུ་འགོད་སྐབས་དབྱངས་གཟུགས་ཀྱི་སྒྲ་དྲག་ཞན་རན་གསུམ་སྦྱར་རྒྱུ་ནི་དངོས་གསལ་དོད་པོ་ཡོད་པ་སྟེ་དབྱངས་ཀྱི་དགོས་མཁོ་ཆེ་གྲས་ཡིན། དེར་བརྟེན་རང་རེའི་བོད་ཡིག་གི་སྒྲ་ལའང་གོང་ཞུས་བཞིན་དྲག་ཞན་རན་གསུམ་ཡོད་པ་དེ་དག་གཞས་ཚིག་གི་ཡི་གེའི་སྒྲ་དྲག་ཞན་དང་།རྟ་དབྱངས་ཀྱི་སྒྲ་དྲག་ཞན་མཉམ་དུ་འཕེལ་བའི་ངེས་པ་མེད་སྟབས་སྒྲ་ཟློས་ཪྙོག་གཞིར་བསམ་ནས་འདིར་རྒྱས་བཤད་བྱས་མེད་ལ་དགོས་པའང་མེད། གཤམ་དུ་སྐྱེ་གནས་བརྒྱད་ཞུ་རྒྱུར།  
     (༡)མགྲིན་པ་ལས་སྐྱེས་པའི་སྒྲ་སྦྱོང་ཡིག་འབྲུ་བདུན་ཏེ། ཀ་ཁ་ག་ང་འ་ཧ་ཨ་བཅས་ཡིན། སྐད་སྦྱོང་སྐབས་ཐོག་མའི་སྒྲ་གཅིག་གིས་མཚོན་པར་བྱས་ཏེ། ཀཱ། ཀཱ། ཀཱ....ཞེས་འབོད་དགོས་པ་ཡིན། དེ་ཀློག་སྐབས་ལྕེའི་རྩ་བས་མགྲིན་པ་བསྡམས་ནས་དབུགས་ལྷོད་པོར་གློད་དེ་གློ་བུར་དུ་ཐོན་པའི་སྒྲ་གདངས་ཞིག་ཡིན་པ་དང་དབུགས་དྲག་ཆེ་བ་སྣ་ནས་འདོན་པར་བྱེད་དོ། སྒྲ་ཤུགས་ཆེ་བས་ཕོ་སྒྲ་ཡིན།  
     (༢)རྐན་ལས་སྐྱེས་པའི་སྒྲ་སྦྱོང་། དེར་ཡིག་འབྲུ་བཅུ་གཉིས་ཏེ། ཅ་ཆ་ཇ་ཉ། ཙ་ཚ་ཛ་ཞ། ཡ་ཤ། ཨི་ཨེ་བཅས་ཡིན། དེ་དག་ལས་སྐད་སྦྱོང་སྐབས་གོང་བཞིན་སྒྲ་གཅིག་གིས་མཚོན་པར་བྱས་ཏེ། ཆཱ། ཆཱ། ཆཱ...ཞེས་འབོད་དགོས། སྒྲ་དེ་ཀློག་སྐབས་ལྕེའི་དབུས་དེ་རྐན་ལ་འཐབ་པ་ལས་སྒྲ་སྐྱེས་ནུས་པ་དང་། སྒྲ་ཤུགས་རན་པས་མ་ནིང་གི་སྒྲ་ཡིན།  
     (༣)ལྕེ་རྩ་དང་། སོ་ལས་སྐྱེས་པའི་སྒྲ་སྦྱོང་། དེར་ཡིག་འབྲུ་བདུན་ཏེ། ཏ་ཐ་ད་ན། ཟ་ལ་ས་བཅས་ཡིན། དེ་དག་སྐད་སྦྱོང་སྐབས་སྒྲ་གཅིག་གིས་མཚོན་པར་བྱས་ཏེ། དཱ། དཱ།དཱ....ཞེས་འབོད་དགོས། དེ་ཀློག་སྐབས་ཡས་སོར་ལྕེ་རྩེ་བཀར་ནས་སྒྲ་ཐོན་པ་བྱེད་དགོས།  སྒྲ་ཤུགས་ཞན་པས་མོ་སྒྲ་ཡིན།  
     (༤)ལྕེ་མཆུ་གཉིས་ལས་སྐྱེས་པའི་སྒྲ་སྦྱོང་། དེར་ཡིག་འབྲུ་བཞི་སྟེ། ང་ཉ་ན་མ་བཅས་ཡིན། སྐད་སྦྱོང་སྐབས་སྒྲ་མཇུག་ཤོས་དེས་མཚོན་པར་བྱས་ཏེ། མཱ། མཱ། མཱ...ཞེས་འབོད་དགོས། ཀློག་སྐབས་སྐྱེ་གནས་ལྕེ་མཆུ་ཙམ་མ་ཟད་སྣ་དང་བཅས་པ་ཡིན། སྒྲ་ཤུགས་ཞན་པ་ཤིན་ཏུ་མོ་ཡིན།  
     (༥)སྤྱི་བོ་ལས་སྐྱེས་པའི་སྒྲ་སྦྱོང་། དེར་ཐལ་ཀོང་གི་སྒྲ་ཡང་ཟེར། སྤྱི་བོ་ལས་སྐྱེས་པའི་ཡིག་འབྲུ་གཅིག་ལས་མེད་པ་དེ་ནི། ར་ཡིག་ཡིན། སྐྱེ་གནས་བརྒྱད་ཀྱི་ནང་ནས་སྤྱི་བོ་ཞེས་པ་ཞིག་ཡོད་པ་དེ་ནི་མི་རྣམས་ཀྱི་མགོ་ཐོག་གི་སྤྱི་བོ་མ་ཡིན་པར་བརྡ་རྙིང་གི་ནང་རྩེ་མོའི་དོན་ཡིན་ཏེ་ལྕེའི་རྩེ་མོའམ། སྤྱི་བོ་ལ་གོ་དགོས་པར་ལྟར་ཡིན། སྐྱེ་གནས་ལྕེའི་རྩེ་མོ་རྐན་ལ་རེག་ཙམ་བྱས་ནས། རཱ། རཱ། རཱ་་་་་་ཞེས་འབོད་དགོས་པ་ཡིན། སྒྲ་ཤུགས་ཆེས་ཞན་པ། མོ་གཤམ་ཡིན།  
     སྒྲའི་སྐྱེ་གནས་སྐོར་ལ་སྔ་འཕྲོས་ཞུ་རྒྱུ་དེ་ཙམ་ཡིན། དེ་ཡང་། ཀོ་ཨར་ཅིས། “ཁྱོད་ཀྱིས་རྩོམ་འབྲི་བ་ནི་སུའི་དོན་དུ་ཡིན་པ་དང་། ཡུལ་གང་ལ་དམིགས་པ་ཡིན་པའི་གནད་དོན་དེར་བསམ་བློ་ཞིབ་མོ་ཞིག་གཏོང་དགོས”གསུངས་པ་ལྟར་ངའི་དམིགས་ཡུལ་ནི་རིག་རྩལ་སློབ་གསོའི་བྱ་གཞག་ཁོ་ནར་དམིགས་པ་ཞིག་ཡིན། དེ་ཡང་ད་ལྟ་ལས་དོན་དེ་འགོ་ཚུགས་པ་ཙམ་ཡིན་ཁར་རང་ཉིད་རིག་རྩལ་ཤེས་ཚད་དམན་པ་དང་། རྟོགས་བརྗོད་གཉིས་ཀ་ཞན་པར་བརྟེན་དེ་ལྟར་རྒྱས་བཤད་དང་། གསར་གཏོད། དཔེ་སྦྱོར་སོགས་ཀྱི་ཤེས་བྱ་ཤིན་ཏུ་དམན་པས་གནའ་བོའི་གཏམ་དཔེར། “ཁ་བ་མགོ་ཐོག་ཏུ་བབས་ན་སྦར་མགོས་མི་དཀྲུག་ཐབས་མེད”ཟེར་བ་ལྟར། བོད་འདིར་རིག་རྩལ་སྐོར་གྱི་ལུང་རིག་མང་ལ་རང་རྐྱ་འཕེར་བ་ཡོད་བཞིན་དུ་བར་སྐབས་བེད་སྤྱོད་མི་བྱེད་པར་ཉམས་དམས་བརླག་ཉེར་ཐུག་པར་བརྟེན་བློས་མ་བཟོད་དེ་ལྷག་པའི་བསམ་པ་ཁུར་དུ་བླངས་ཏེ་དེང་དུས་ཀྱི་ཐབས་ཤེས་ལ་བརྟེན་ནས་གསར་གཏོད་ཁུངས་བསྒྲིགས་བྱས་ཏེ་སློབ་གྲྭར་བོད་ཀྱི་རིག་རྩལ་གླུ་གཞས་ཀྱི་སྐད་སྦྱོང་མི་རིགས་རང་ཉིད་ཀྱི་སྐད་སྒྲ་དང་མཐུན་པ་བྱས་ཏེ། མཉམ་སྡེབས་ཐོག་ཚོད་བལྟའི་སློབ་ཚན་ཁྲིད་བཞིན་ཡོད་པ་དང་། བོད་ཀྱི་གླུ་གཞས་མཁས་པ་རྣམ་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཚན་པའི་དགེ་རྒན་རྣམ་པས་རིན་ཆེན་མུ་ཏིག་བསྟར་ལ་བརྒྱུས་འདྲའི་སློབ་སྟོན་བཟང་པོ་སྤྱི་སྩོལ་ཡོང་བའི་རེ་འདུན་ཆེས་ཆེར་ཞུ་བཞིན་ཡོད། མཇུག་ཏུ་སྨོན་ཚིག དཔྱིད་ཀྱི་དཔལ་ཡོན་ལང་ཚོ་དར་བ་བཞིན། །ཁ་མདོག་རྣམ་བཀྲའི་མེ་ཏོག་བརྒྱ་ཕྲག་དག །དུས་གཅིག་བཞད་པ་ལྟ་བུའི་ཁ་རི་པའི། །རིག་རྩལ་དབྱར་མཚོ་རྒྱས་ལྟར་གོང་འཕེལ་ཤོག

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...