སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྟོད་མངའ་རིས་ཁུལ་གྱི་གཉེན་སྲོལ།
རྩོམ་པ་པོ། ཚེ་ནོར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-9 11:42:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།
     སྟོད་མངའ་རིས་ཞེས་པའི་ཡུལ་གྲུ་དེར་གནའ་བོའི་དུས་སུ་དཔལ་ཡོན་ཤིན་ཏུ་དར་རྒྱས་ཆེ་བའི་དབང་གིས་དེང་སྐབས་གནའ་ཤུལ་གྱི་རིགས་མཇལ་རྒྱུ་མང་བའི་ཁར། ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་ས་བབ་ཀྱི་དབངགིས་ཡུལ་གྲུ་གཞན་དང་འགྲོ་འོང་བྱ་རྒྱུ་ཉུང་བར་བརྟེན་དེ་གའི་གཉེན་སྒྲིག་གི་ཡུལ་སྲོལ་ཡང་བོད་ཀྱི་ས་ཆ་གཞན་དང་མི་འདྲ་བ་ཞིག་ཡོད། དར་བབ་ཕོ་གཞོན་མོ་གཞོན་དགའ་རོགས་སྒྲིག་པའི་དུས།
     གནའ་སྔ་མོའི་རིག་གནས་ཀྱི་ཤུལ་རྗེས་མཆིས་ཀྱང་དེ་ཁུལ་གྱི་མི་རྣམས་ནི་ཪྙིང་ཞེན་གཏན་ནས་མ་ཡིན་པར་རང་མོས་ཀྱི་གཉེན་སྡེབ་ལ་དང་དོད་བྱེད་ཅིང་སྟོན་བསྡུའི་སྐབས་སུ་དགའ་རོགས་སྒྲིག་གིན་གདའ། དེ་དུས་ཕོ་གཞོན་མོ་གཞོན་དག་གིས་ཞིང་ག་སྲུང་བར་ཁ་གཡར་ནས་ཕལ་ཆེ་བྱས་འོང་ཞིང་དུ་ཉལ་ནས་སྡོད་ཀྱི་ཡོད། གཞོན་པ་འགའ་རེས་ཡིད་ལ་འཐད་པའི་སྙིང་གྲོགས་འཚོལ་ཕྱིར་རྟ་བཞོན་ནས་གྲོང་ཚོ་རེ་རེ་བཞིན་དུ་བསྐོར་ནས་བུ་མོ་ཐུག་པ་དང་གཏམ་གླེང་བྱེད་པའམ་གླུ་ལེན་པ་དང་། ཡིད་ལ་འཐད་པ་ན་སྙིང་གཏམ་གླེང་བར་བྱེད། གཞོན་པ་འགའ་རེས་ཉིན་མོ་སྣང་བ་བཏང་ནས་མཚན་མོ་ཞྭ་ལྷམ་དང་གོས་གསར་རྐྱང་བརྗེས་ཐོག་གློག་བཞུ་འཁྱེར་ནས་ཉིན་མོ་སྣང་བ་གཏོང་ཡུལ་ག་ལ་བར་ཤར་རེར་འགྲོ། འགའ་ཞིག་གིས་ཡིད་ལ་འཐད་པའི་སྙིང་གྲོགས་འཚོལ་མ་ཐུབ་བར་དུ་མཚན་མོ་མང་པོ་གཉིད་ཀྱང་མ་ཉལ་པར་འཚོལ་བར་འགྲོ་གིན་ཡོད། གཞོན་ནུ་མ་ཚོ་ནི་གསུམ་རེ་བཞི་རེ་བསྡེབས་ནས་སྟོན་ཀའི་ཟླ་བཀྲག་གི་འོད་དང་བསྟུན་ཏེ་ཀླུང་ཐང་དུ་རྒྱུ་ཞིང་། བློ་ལ་བབ་པའི་གཞོན་པ་དང་ཐུག་ན་ལྷན་དུ་འགྲོགས་ཏེ་གཏན་འདུན་གྱི་སྙིང་གཏམ་གླེང་འགོ་འཛུགས།
     རྒྱུན་རིང་སྒོ་རྩར་ལངས་ནས་མནའ་མ་སློང་པའི་དུས།གཉེན་སྡེབ་ལ་འཚམ་པའི་ཕོ་གཞོན་མོ་གཞོན་ཚོ་བརྩེ་གདུང་གི་མདུད་པ་དམ་པོར་བཅིངས་པའི་དུས་སུ་བག་སློང་གི་དུས་ལ་བབས་པ་རེད།སྤུ་ཧྲེང་རྫོང་ཁུལ་གྱི་བག་མ་སློང་སྲོལ་ནི་ལྷག་པར་དམིགས་བསལ་ཆེ་བ་ཞིག་རེད། མག་པ་བྱེད་འདོད་པའི་ཕོ་གཞོན་ཡང་ན་དེའི་ཕ་མ་དང་གཉེན་ཉེ་ཡིས་ཞྭ་གོས་ཆ་འགྲིག་གི་གཟབ་མཆོར་སྤྲས་ཐོག་ལག་ཏུ་ཆང་དང་ཁ་བཏགས་ཐོགས་ཏེ་ཡིད་ཀྱི་མདའ་མོ་འཕེན་ཡུལ་ཁྱིམ་གྱི་སྒོ་རྩར་ཞོགས་པ་སྔ་པོ་ནས་སྒུག་སྡོད་པ་ཡིན། བུ་མོའི་ཁྱིམ་མི་ཕྱིར་འཐོན་ནས་ཕར་འགྲོ་ཚུར་འགྲོ་བྱེད་སྐབས་ཞྭ་མོ་ཕུད་དེ་གུས་སྲོལ་དང་བཅས་ཏེ་ཁམས་འདྲི་ཞུ་དགོས་པ་དང་། དེ་ནས་སྒོ་རྩ་དང་མི་རིང་བའི་ས་ནས་བུ་མོའི་ཁྱིམ་མི་ཕར་འགྲོ་ཚུར་འོང་བྱེད་རེ་བཞིན་ལ་གུས་སྲོལ་བསྟན་དགོས། ཟས་བཟའ་རན་སྐབས་གཞོན་པར་རང་གི་ཁྱིམ་ནས་ཟས་སྐྱེལ་མཁན་ཡོང་བ་དང་། མི་བརྗེས་དགོས་བྱུང་ན་མ་སོང་གོང་ལ་བུ་མོའི་ཁྱིམ་ལ་སྐད་ཤུགས་ཆེན་པོའི་ཐོག་ནས་བརྡ་སྦྱོར་བ་དགོས། དེ་ལྟར་ཉིན་མང་པོ་ལངས་མཐར་བུ་མོའི་ཁྱིམ་མི་དེ་མུར་སྡོད་མི་ཚུགས་པར་བུ་མོ་སུ་མནའ་མར་ལེན་མིན་འདྲི་དགོས་ཐུག་གི་ཡོད། སྤྱིར་ན་སྒོ་རྩར་སྒུག་པའི་ཕོ་གཞོན་ལ། དོན་སྨིན་མནའ་མའི་འབྲས་བུ་མེད་པ་དཀོན། མཚམས་རེ་བུ་མོ་ཆེ་བ་ཨ་ནེ་ཡིན། བུ་མོ་གཞན་པ་ཆུང་ཆུང་ཡིན་ཞེས་ཁ་སྐྱེངས་རུང་བའི་གཏམ་ཡང་གོ་ཐོས་ཡོང་གི་ཡོད། གལ་ཏེ་གཞོན་པས་སྦི་གསང་མ་བས་པར་བུ་མོའི་སྒོ་རྩར་འགྲོ་རྩིས་བས་ན། དེ་དོན་བུ་མོའི་ཁྱིམ་ནས་གོ་ན་ཞོགས་པ་སྔ་པོ་ནས་རང་ཁྱིམ་གྱི་སྒོ་བཀག་ནས་སྒོ་རྩར་མི་གཏོང་ལ་སྒོ་ཐོད་དུ་ཡས་སྒྲོན་རྒྱག་ཏུའང་མི་འཇུག་པ་དང་། ཡང་ན་བུ་མོ་མནའ་མར་སྟེར་ཟིན་ལུགས་སོགས་པའི་ཁ་གཡར་བྱེད་པས། དེ་ལྟར་ན་ནི་བ་ཐབས་གཞན་པ་མེད། གཞན་ཡང་གཞོན་པ་མགར་བའམ་ཡང་ན་ཤན་པ་དང་། སྟོབས་ལྡན་ཡིན་པའམ་ཡང་ན་བསེ་དྲི་ཡོད་མཁན་ཡིན་ཚེ་གཞོན་ནུ་མས་རྣམ་རྟོག་བས་ཏེ་གཏན་གྱི་འདུན་མར་མི་བསྟེན་པའང་ཡོང་སྲིད།གཉེན་སྟོན་མགྲོན་པོ་དགའ་མགུ་ཡོང་བའི་ཕྱིར། བག་བསུའི་མག་པར་དྲི་བ་ཁག་པོ་འདོན།
     གཉེན་སྟོན་གྱི་ཉིན་དང་པོར་རང་ཁྱིམ་དུ་བླ་སྤྲུལ་སོགས་པ་གདན་དྲངས་ནས་ཞབས་བརྟན་བྱེད་དགོས་པ་དང་། གཉེན་སྟོན་གྱི་གོ་རིམ་ཐམས་ཅད་བླ་སྤྲུལ་ལམ་དགེ་འདུན་གྱིས་བཀོད་སྒྲིག་གནང་གི་ཡོད། སྤྱིར་ན་བག་མ་བསུ་མཁན་ནི་མག་པའི་ཁྱིམ་མིའམ་ཁྱིམ་རྒྱུད་དེའི་ཕོ་གཞོན་མོ་གཞོན་ནམ་གཞོན་པའི་གྲོགས་པོས་བྱེད་ཅིང་མི་གྲངས་བཅུ་གྲངས་ནས་བརྒྱ་གྲངས་ཙམ་ཡོད། བག་མ་བསུ་བར་མ་ཐོན་གོང་ལ་དགེ་འདུན་གྱིས་ཐོན་མི་ཚང་མའི་ཞྭ་ཐོག་ཏུ་བག་བསུ་མཚོན་བྱེད་རས་བསེ་དཀར་པོ་ལྷེབ་ཙམ་རེ་སྦྱོར་ཞིང་། སྤྱོད་ཡོན་བཟང་ལ་སྙན་གྲགས་ཆེ་བའི་མི་༥ཡིས་གཉེན་སྟོན་གྱི་མཛད་སྒོ་སྒྲུབ་འགན་འཁུར་བ་དང་། དེའི་ནང་གླུ་ཤགས་རྒྱག་རེས་བྱེད་སྐབས་ཀྱི་བཀོད་པ་གཏོང་མཁན་ཞིག་ཀྱང་ཡོད།
     དེ་ཉིན་བག་མའི་ཁྱིམ་གྱིས་ཁང་པ་སྟོང་པ་ཁོ་ན་ཙམ་གྲ་སྒྲིག་བས་པས་ཆོག་ཅིང་། མག་པའི་ཁྱིམ་ནས་ཞོགས་པ་སྔ་པོ་ནས་ཇ་སྐོལ་མཁན་དང་། ཟས་བཟོ་མཁན་གཏོང་དགོས་པ་དང་། བཟའ་བཏུང་ཚང་མ་མག་པའི་ཁྱིམ་ནས་སྒྲིག་གཤོམ་བ་དགོས།
     མག་པའི་ཁྱིམ་མི་བག་མའི་སྒོ་རྩར་འབྱོར་བ་ན་སྐྱེས་པ་ཕོ་མོ་སོ་སོར་གྲལ་སྟར་བསྒྲིགས་ནས་སྡོད་དགོས་པ་དང་། རུ་སྟར་གྱི་མདུན་དུ་རྡོ་སྤུངས་ཁག་དགུ་རིམ་པར་བརྩིགས་ནས་ཤགས་ཐོབ་རེ་བཞིན་ཐེངས་རེ་བཤིག་སྲོལ་ཡོད། ཕྱོགས་གཉིས་གླུ་ཤགས་རྒྱག་རེས་བྱས་ནས་སྐབས་རེ་ཐོབ་ཤོར་ཁག་པོ་ཡོང་གིན་ཡོད། དྲི་བ་འདོན་པའང་འགག་སྒོ་ལྟ་བུ་ཡིན་ཞིང་། ལན་ཐེབས་རེ་བཞིན་འགག་སྒོ་རེ་བགྲོད་ཐུབ་པར་བརྩིས་ནས་དེ་ལྟར་ལན་གསུམ་འདེབས་ཐུབ་ན་མ་གཏོགས་བག་མའི་ཁྱིམ་དུ་མི་གཏོང་། དེང་སྐབས་དྲི་བ་དྲི་ལན་འདིར་དེ་ཙམ་ནན་པོ་མི་བྱེད་པ་དང་། དྲི་བ་ཁག་པོ་མི་འདོན་ལ་དྲི་བར་ལན་འདེབས་མི་ཐུབ་ཀྱང་དྲི་བ་གཞན་བླངས་ཆོག་པས། དྲི་བར་ལན་འདེབས་མི་ཐུབ་ན་ཚང་མ་བཞད་གད་ཤོར་ངེས་དང་རང་ཉིད་ངོ་ཚ་ཡོང་རྒྱུ་ཙམ་ལས་གང་ལྟར་བག་མ་བསུ་ཐུབ།
     གཉེན་སྟོན་དུ་ཡོང་མཁན་གྱིས་ཁ་བཏགས་དང་། མཆོད་ཆང་། རྟེན་རྫས་སོགས་པ་འཁྱེར་ནས་ཡོང་བ་དང་། རྟེན་འབྲེལ་དང་བདེ་འབྱུང་གི་གསོལ་བ་སྨོན་ལམ་ཡང་འདེབས། རྟེན་འབྲེལ་གྱི་མཛད་སྒོ་ངོ་མ་འགྲུབ་པའི་རྗེས་མི་ཁག་གཅིག་གིས་གླུ་ཤགས་རྒྱག་རེས་བྱེད་འགོ་འཛུགས། སྐྱེས་པ་སྦྲུ་ཁག་གཅིག་དང་བུད་མེད་ཚོ་ཁག་གཅིག་བས་ཏེ་སོ་སོར་འཐུས་ཚབ་རེ་བདམས་ཐོག་གླུ་ཤགས་རྒྱག་རེས་བྱེད་འགོ་འཛུགས། གླུའི་ནང་དོན་ནི་ཁྱབ་རྒྱ་ཆེ་ཞིང་། གུས་སྲོལ་དང་། ཐོན་སྐྱེད་བཟོ་རྩལ། འཚོ་བའི་ཤེས་བ། བརྩེ་དགའ་སོགས་པ་མང། གླུ་ཤགས་ལ་ཚང་མས་སྣང་འཇོག་བྱེད་ལ། གླུ་ཤགས་རྒྱག་མཁན་ཕྱོགས་གཉིས་པོས་ཀྱང་གཟབ་གཟབ་བྱེད་པས་གླུ་ཤགས་རྒྱག་རེས་ངར་པོ་ཐུག་ན། ཉིན་མཚན་གཅིག་རེ་གཉིས་རེ་ཙམ་འགོར་གྱིན་ཡོད། མཚན་མོ་སྒོར་གཞས་རྒྱག་པ་དང་། རམ་སྐྱོར་བྱེད་མཁན་ཡོད་མིན་ལ་མ་བལྟོས་པར་ཚང་མས་གླུ་ལེན་ཞིང་ལྷན་དུ་ལག་གདང་སྦྲེལ་ནས་འཁྲུག་ཆ་དོད་པའི་སྒོར་གཞས་བརྒྱབ་ནས་དགའ་སྤྲོའི་རྣམ་པས་ཁེངས། དེ་དུས་སྦྱིན་བདག་གིས་སྒོར་གཞས་ཁོ་ནར་མགོ་འཁོར་ནས་མ་བསྡད་པར་མགྲོན་པོ་ཚོར་ཇ་ཆང་འདྲེན་དགོས། རྟེན་འབྲེལ་མཇུག་སྒྲིལ་ནས་ལོག་ཁར་ཆང་ཕོར་དངུལ་ཤན་ཆེན་པོ་གང་འཐུང་དགོས་པ་དང་དངུལ་ཤན་མ་དེའི་ནང་སྦི་རག་ཤེལ་དམ་དོ་ཙམ་ཤོང་གི་ཡོད། ཆང་འཐུང་སྐབས་དཀོན་མཆོག་གསུམ་ལ་མཆོད་པ་སོགས་པའི་ལུགས་སྲོལ་སྲུང་དགོས་པ་དང་། རང་ཉིད་ལ་གླུ་ལེན་མཁན་བྱུང་ན་གླུ་མ་རྫོགས་གོང་ནས་འཐུང་མི་རུང་། བཏུང་ན་ཉེས་ཆད་ཀྱི་ཚུལ་དུ་ཡང་བསྐྱར་འཐུང་དུ་འཇུག
     བག་མ་གཏོང་ལེན་ནམ་མག་པར་འགུག་གཏོང་གང་ཞིག་བས་ཀྱང་གཉེན་ཉེ་དང་གྲོང་མི་ཡོངས་རྫོགས་མགྲོན་དུ་འབོད་དེ་ཉིན་བཞི་ལྔ་ཙམ་གླུ་དང་གར་གྱི་རྒྱུན་མི་གཅོད་དོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...