སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དིང་གླིང་གི་གསང་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-8 9:58:00 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས།

དིང་གླིང་གི་འདྲ་དབྱིབས།
     བོད་ལྗོངས་ས་མཐོར་གཞས་དང་ཞབས་བྲོའི་རིག་གནས་ཕུན་སུམ་ཚོགས་པོ་ཡོད་སྟབས། གླུ་གར་གྱི་རྒྱ་མཚོ་ཞེས་པའི་མཚན་སྙན་ཐོབ་ཡོད་པ་རེད། གླུ་གར་གྱི་རིག་གནས་ཕུན་སུམ་ཚོགས་པོ་དེ་ལྟར་ཡོད་སྟབས་རོལ་མོའི་བྱེ་བྲག་ཀྱང་བསམ་ཡུལ་ལས་འདས་པ་གསར་གཏོད་བྱས་པ་དག་ལས་རོལ་ཆ་མང་པོ་ཞིག་རང་རེའི་མེས་པོ་ཚོས་བོད་ས་མཐོའི་དམིགས་བསལ་གྱི་ཐོན་ཁུངས་སམ་ལེགས་ཆ་སྤྱད་ཡོད། དིང་གླིང་ནི་དེའི་ནང་གི་དཔེ་མཚོན་དུ་འོས་པ་ཞིག་ཡིན། དིང་གླིང་ལ་དེ་སྔ་སྨྱན་སྦྱོར་ཐོག་རྒོད་གླིང་ཞེས་ཟེར་བར་ཡང་རྒྱུ་མཚན་ངེས་ཅན་ཞིག་ཡོད། དེ་ནི་རྒོད་ཀྱི་དང་རུ་སྟེ་རྒོད་ཀྱི་གཤོག་པའི་རུས་པ་ལས་བཟོས་པ་ཞིག་ཡིན་ཞིང་། སི་ཁྲོན་དང་། བོད་ལྗོངས། ཀན་སུའུ་སོགས་བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ་བ་དང་ལོ་ངོ་1700ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་རེད། དིང་གླིང་གི་སྣེ་གཉིས་འཇོང་དབྱིབས་ཡིན་ལ། མགོ་ཡི་ཁ་ཞེང་ཅུང་ཆེ་བ་དང་མཇུག་གི་ཁ་ཞེང་ཅུང་ཆུང་བ་ཡོད། ནང་ངོས་ཁོག་སྟོང་ཡིན་པ་དང་ལྕེ་མེད་པ་རེད། སྤྱིར་ན་རིང་ཚད་ལ་ལི་སྨི་24ནས་26བར་ཡོད་པ་དང་། ཞེང་ཚད་ལ་ལི་སྨི་15 མཇུག་ཏུ་བུ་ག་གསུམ་བཅས་ཡོད་པ་རེད།
     དིང་གླིང་ནི་དེ་སྔ་འབྲོག་ཁུལ་དང་ཁམས་ཁུལ་དུ་མཐོང་མང་ཞིང་ཁོང་ཚོས་ཕྱུགས་རིགས་འཚོ་ཞོར་དུ་དིང་གླིང་བཏང་ནས་འཚོ་བའི་སྤྲོ་སྣང་ཆེ་རུ་གཏོང་གི་ཡོད། བོད་དུ་ཤིང་རིགས་ཀྱི་གླིང་བུ་དང་། སྨྱུག་མའི་གླིང་བུ། རྫ་གླིང་། རུས་གླིང་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླིང་བུ་དར་ཡོད་ཅིང་། དེའི་ནང་ནས་དིང་གླིང་ནི་ཐོབ་དཀའ་བ་ཞིག་རེད། དེ་ཡང་བྲག་སྟོད་བྱ་རྒྱལ་རྒོད་པོ་ཞེས་པ་ལྟར་བྱ་རྒོད་ནི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4000ཡན་གྱི་བྲག་རི་གཡང་གཟར་ཅན་དུ་ཤི་བ་ལས་ཀླུང་ཐང་དུ་ཤི་སྲོལ་མེད་པ་རེད། དེ་ཡང་ཤོད་སྲོལ་ལ་རྒོད་པོ་འཆི་ཁར་ཉི་མར་ཕྱོགས་ནས་འཕུར་ཏེ་ཚིག་ཤི་ཐེབས་ཀྱི་ཡོད་པས་ས་སྟེང་དུ་རྒོད་རོ་རྙེད་ཁག་པོ་ཡོད། སྐབས་འགར་གནམ་གཤིས་ཧ་ཆང་སྡུག་པའི་གནས་ཚུལ་འོག་གངས་རི་ལས་སྒྲོལ་མ་ཐུབ་པར་འཁྱགས་ཤི་ཐེབས་ན་གཞི་ནས་མི་ཚོར་རྒོད་ཀྱི་གཤོག་སྒྲོ་རག་པའི་གོ་སྐབས་ཐོབ་ཀྱི་ཡོད་པར་གྲགས། དེར་བརྟེན་རྒོད་ཀྱི་དང་རུ་དགོས་ན་བྲག་རི་གཡང་གཟར་ཅན་ལ་འཛེགས་དགོས་པ་དང་། དིང་གླིང་བཟོ་བའི་ལག་རྩལ་བྱང་ཆུབ་པོ་དགོས་པ་མ་ཟད། གླིང་བུ་དེ་རིགས་གཏོང་མཁས་པོ་ཡང་དགོས་ཀྱི་ཡོད། སྤྱི་ལོ་1983ལོར་ལྗོངས་གླུ་གར་ཚོགས་པས་སྔར་བས་ལྷག་པའི་སྒོ་ནས་དམངས་ཁྲོད་ཀྱི་རོལ་ཆ་དང་གླུ་གར་གྱི་ཉིང་བཅུད་བསྡུ་ལེན་བྱེད་ཆེད་ཆོས་ལུགས་ཀྱི་ཆོ་གའི་གདངས་དབྱངས་དང་། ཕོ་བྲང་གི་གླུ་གར། དམངས་ཁྲོད་ཀྱི་ཞབས་གཞས་བཅས་རྒྱུན་འཛིན་བྱེད་པའི་ནང་རོལ་དབྱངས་མཁས་པ་ཚེ་བརྟན་གྱི་གླིང་བུ་གཏོང་རྩལ་ལ་སྐད་གྲགས་ཆེན་པོ་ཆོད་པ་དང་། དེ་རྗེས་ཁོང་དིང་གླིང་གཏོང་མཁན་རྒྱུན་འཛིན་པར་གྱུར་བས་སྟོངས་ལ་ཉེ་བའི་དིང་གླིང་ལ་རེ་བའི་འོད་སྣང་གསར་པ་ཞིག་འཕྲོ་ཐུབ་པ་བྱུང་ཡོད།
     1986ལོར། ཚེ་བརྟན་ལ་སྤུན་མཆེད་ཀྱི་རོགས་རམ་འོག་ནག་ཆུའི་ཤར་རྒྱུད་ཀྱི་སྦྲ་ཆེན་རྫོང་ནས་རྩ་ཆེའི་དང་རུ་རྐང་གསུམ་རག་པ་རེད། འོན་ཀྱང་དིང་གླིང་རྩ་བ་ནས་མཐོང་མྱོང་མེད་པའི་ཁོང་གིས་རང་འགར་དིང་གླིང་བཟོ་མ་ནུས་པ་རེད། 1992ལོར་ཁོང་གིས་མཚོ་སྔོན་གྱི་འབྲོག་ཁུལ་ནས་དིང་གླིང་ཐོག་མར་མཐོང་བས་1996ལོར་གཞི་ནས་ཆེད་ལས་ཀྱི་དོན་སྙིང་ལྡན་པའི་རོལ་ཆ་དཀྲོལ་གཏོང་ནང་དིང་གླིང་དང་པོ་དེ་ཐོན་པ་དང་དུས་དེ་ནས་བཟུང་ཁོང་གིས་དིང་གླིང་གཏོང་གི་ཡོད་པ་རེད། ཚེ་བརྟན་གྱིས་དུས་རྟག་ཏུ་བོད་རིགས་ཀྱི་རོལ་ཆ་གཏོང་མཁན་ཞིག་གི་ངོས་ནས་སྲོལ་རྒྱུན་གྱི་རོལ་ཆ་མྱུར་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་ནི་ཁོང་གི་བླ་ན་མེད་པའི་འགན་ཁྲི་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད། དིང་གླིང་སྐོར་གྱི་གཏམ་བཟང་གཞན་ཞིག་ནི་དིང་གླིང་དེ་བོད་བྱང་ཐང་གི་འབྲོག་པ་ཚོས་ཆེས་སྔ་མོ་ནས་སྤྱོད་པའི་རོལ་ཆ་ཞིག་ཡིན་རུང་ད་ལྟ་ཧ་ཅང་ཉུང་ངུ་ལས་ལྷག་མེད། མིག་སྔར་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པའི་ཨ་མདོའི་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་གཡུ་གུའི་དིང་གླིང་བཟོ་རྩལ་དང་དཀྲོལ་གཏོང་ལ་སྲུང་སྐྱོབ་རང་བཞིན་གྱི་རྒྱུན་འཛིན་བྱ་ཐབས་སྤྱད་ཡོད་པ་དང་མི་སྣ་གསོ་སྐྱོང་ཀྱང་བྱ་རྩིས་ཡོད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...