སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སོར་རྩེ་ལས་འཁྲུངས་པའི་འཚེམ་དྲུབ་རིག་གནས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-30 15:03:00 རྩོམ་ཁུངས། ཨ་མདོ་སྨྱན་གསར། ཀློག་གྲངས།
     འཚོ་བའི་གཏིང་ལ་ཟུག་པའི་དམངས་ཁྲོད་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་གཟི་དཔལ་གྱིས་སྔར་ལས་མང་པོའི་དོ་ཁུར་བྱེད་པའི་མིག་དབང་ཡུན་གྱིས་བཀུག་ཡོད། རྫོགས་ལྡན་སྟོན་ཟླའི་ཟླ་དཀྱིལ་ལ། གསར་འགོད་པ་མཚོ་ངོགས་བོད་མཁར་རྐང་ཚ་རྫོང་དུ་སོང་སྟེ། གནས་དེའི་གཟུགས་འདས་ཤུལ་བཞག་རིག་གནས་དང་དེའི་རྒྱུན་འཛིན་པ་དང་ཉེ་བར་བཅར་ནས། དུས་རབས་ཀྱིས་བཞག་ཅིང་ལོ་ཟླའི་གཙང་ངོགས་ནས་བསྐྱུར་བའི་ལོ་རྒྱུས་རིག་གནས་ཀྱི་དན་རྟགས་ལ་རྒྱུས་ལོན་བྱས་པ་དང་། བབ་ཆགས་དང་བརྟན་ཚུགས་ཀྱི་ཁོ་ཚོའི་སྙིང་སྟོབས་ལ་ཉམས་སུ་མྱངས།
     ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ངོ་མཚར་རྨད་དུ་བྱུང་བའི་ཤུལ་བཞག་རིག་གནས་དག་ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོའི་ཁྲོད་རིག་གནས་རྒྱུན་མཐུད་དང་གོང་འཕེལ་ཇི་ལྟར་གཏོང་དགོས་པ་དེ་ད་ལྟའི་དུས་རབས་ཀྱིས་ང་ཚོར་སྤྲད་པའི་ཡིད་ཀྱི་དོགས་སློང་ཞིག་དང་སྐབས་ཀྱི་ཞིབ་འཇུག་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། རྐང་ཚ་རྫོང་ནི་བོད་རིགས་གཙོ་བྱས་པའི་མི་རིགས་མང་བའི་ས་ཁུལ་ཞིག་ཡིན་པའི་ངོས་ནས་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱིས་ཡོངས་སུ་གཏམས་ཡོད་ལ། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་དང་ལོ་རྒྱུས་ཀྱི་ཐོན་ཁུངས་ཧ་ཅང་འཛོམས་པོ་ཡོད་དེ། རྐང་ཚ་དགོན་གྱི་རྣམ་ཐར་དང་། བོད་རིགས་ཀྱི་ཆང་གཞས། སྣམ་བུའི་འཚེམ་དྲུབ། རྐང་ཚ་ཚོ་བའི་གཉེན་སྒྲིག་གོམས་སྲོལ། ནུབ་མཚོའི་ལབ་བསྟོད། རྡུང་ལེན་སོགས་ལོ་རྒྱུས་ཡུན་རིང་ལྡན་ཞིང་འཚོ་བའི་གཏིང་ལ་ཟུག་པའི་ཤུལ་བཞག་རིག་གནས་མང་པོ་ཞིག་གིས་ས་གཞི་འདིར་ཕྲ་རྒྱན་བཏབ་ཡོད།
     རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཞང་རྐང་ཚ་གོང་མ་སྡེ་བའི་སྐྱེས་མ་མགོན་མོ་སྐྱིད་ནི་ཆུང་དུས་ནས་རྨོ་བོ་ལགས་ཀྱི་ཤུགས་རྐྱེན་འོག་འཚེམ་དྲུབ་ལ་དགའ་བར་མ་ཟད། ལོ་ངོ་བཅུ་ཕྲག་གི་རིང་ཁོ་མོ་ཡབ་མེས་ནས་བརྒྱུད་པའི་ཐང་ག་དང་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་སོགས་སྲོལ་རྒྱུན་འཚེམ་དྲུབ་རྒྱུད་འཛིན་བྱས་ཤིང་། ད་དུང་གསར་གཏོད་རྣམ་པའི་བརྩམས་ཆོས་གསར་པ་མང་པོ་འཚོལ་ཞིབ་དང་གསར་རྩོམ་བྱས་ཡོད། གསར་འགོད་པ་མགོན་མོ་སྐྱིད་ཀྱི་བཟོ་རྩལ་ཁང་དུ་སྐྱོད་སྐབས། ཁོ་མོས་ཇུས་འགོད་དང་འཚེམ་དྲུབ་བྱས་པའི་ཚོན་མདོག་མངོན་གསལ་དོད་པ་དང་བཟོ་རྩལ་ལ་མི་རིགས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་ལག་ཤེས་བཟོ་རྩལ་གྱི་བརྩམས་ཆོས་དག་གྱང་ངོས་སུ་བཀལ་ཡོད་པ་མཐོང་སྐབས་ཁོང་གི་ངོ་མཚར་བའི་སྒྱུ་རྩལ་གྱི་བསམ་བཀོད་དང་ཞིབ་ཆ་དོད་པའི་བཟོ་རྩལ་གྱིས་ཡིད་དབང་རབ་ཏུ་འཕྲོག་སོང་། ཞིབ་ཚགས་ངང་བལྟས་ཚེ། འཚེམ་དྲུབ་ཐོན་རྫས་གཞན་དང་མི་འདྲ་ས་ནི་ཁོ་མོའི་འཚེམ་དྲུབ་ཐོན་རྫས་དེ་ལུག་བལ་གྱི་ཐོན་རྫས་སྟེང་བཟོས་པ་རེད། གསར་འགོད་པ་ཡ་མཚན་དང་དོགས་སྣང་གིས་ཁེངས་པ་མཐོང་དུས། མགོན་མོ་སྐྱིད་ཀྱིས“སྣམ་བུ་ནི་ལག་པས་བཟོས་པའི་བལ་འཐག་ཐོན་རྫས་ཤིག་ཡིན་པ་དང་མལ་གདན་དང་གྱོན་ཆས་སོགས་བཟོ་ཆོག་པ་རེད། སྣམ་བུའི་འཚེམ་དྲུབ་ནི་རས་རྒྱུའི་ཁྱད་ཆོས་ཀྱི་དབང་གིས་ཐད་ཀར་རས་ཀྱི་སྟེང་དུ་རི་མོ་གཙག་མི་ཐུབ། རི་མོ་གཙག་སྐབས་ཐོག་མར་ཤོག་བུ་དཀར་པོའི་ཐོག་རང་གིས་འཚེམ་དྲུབ་ཀྱི་རི་མོ་འབྲི་དགོས་པ་དང་། དེ་ནས་རི་མོ་ཡག་པོ་དེ་དྲས་རྗེས་སྣམ་བུའི་ཐོག་སྦྱར་ནས་འཚེམ་དྲུབ་བྱེད་དགོས། འཚེམ་དྲུབ་ཀྱི་བརྒྱུད་རིམ་ཁྲོད་ཐེངས་གཅིག་གིས་འཚེམ་དྲུབ་བྱས་ཚར་དགོས། དེ་མིན་བརྩམས་ཆོས་ཀྱི་མཛེས་དཔྱོད་ལ་ཤུགས་རྐྱེན་ཐེབས་སྲིད། སྣམ་བུའི་འཚེམ་དྲུབ་ཚུན30ཡས་མས་ཀྱི་བརྩམས་ཆོས་ཤིག་ལེགས་གྲུབ་བྱ་དགོས་ན། རི་མོ་འབྲི་བ་ནས་ཐོན་རྫས་གྲུབ་པའི་བར་ཕལ་ཆེར་ཟླ་ངོ་གཅིག་ཡས་མས་ཀྱི་དུས་ཚོད་དགོས་པས། དུས་ཡུན་རིང་པོ་དང་དཀའ་བ་ཆེན་པོ་སྤྱད་དགོས”ཟེར།
     མགོན་མོ་སྐྱིད་ནི་ཆུང་དུས་ནས་རྐང་ཚའི་རྩྭ་ཐང་ཆེན་མོ་རུ་འཚོ་བ་བསྐྱལ་བ་དང་ལོ་བདུན་བརྒྱད་ལ་སླེབས་སྐབས་རྨོ་བོའི་གམ་ནས་འཚེམ་དྲུབ་བསླབས་པ་རེད། དེ་དུས། རྩྭ་ཐང་དུ་སུ་ཚང་གིས་མནའ་མ་ལེན་པ་དང་བུ་མོ་བག་མར་སྟེར་བ་གང་ཡིན་ཡང་ལག་ཤེས་འཚེམ་དྲུབ་ནི་མེད་དུ་མི་རུང་བའི་རྫོངས་སྐལ་ཞིག་ཡིན། སྔོན་ཆད་རྩྭ་ཐང་སྟེང་གི་བུ་མོ་ཚང་མས་འཚེམ་དྲུབ་ཤེས་ན་ཡང་སྣམ་བུའི་འཚེམ་དྲུབ་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན། རྗེས་སུ། མགོན་མོ་སྐྱིད་ཀྱིས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་རྫོང་མཁར་དུ་ཡོང་སྟེ་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཤིང་། གཙོ་བོ་རང་གིས་འཚེམ་དྲུབ་བྱས་པའི་རྒྱ་གྲམ་འཚེམ་དྲུབ་དང་། མི་གཞན་ལ་རྒྱན་གོས་ཀྱི་མཐའ་རྒྱན། མཛེས་བཟོ་བྱས་པའི་རྒྱ་གྲམ་འཚེམ་དྲུབ་སོགས་ཚོང་གཉེར་བྱས། 2008ལོར། སྟེས་དབང་གི་གོ་སྐབས་ཤིག་གིས་རྫོང་དུ་སྣམ་བུའི་འཚེམ་དྲུབ་གསོ་སྦྱོང་འཛིན་གྲྭ་གཉེར་རྒྱུ་ཡིན་པ་ཤེས་རྗེས། མགོན་མོ་སྐྱིད་ཀྱིས་མིང་ཐོ་བཀོད་ཅིང་། མ་གཞི་ནས་རྨང་གཞི་བརྟན་པོ་ཡོད་པའི་ཁོ་མོས་འདིའི་ཐད་སློབ་སྦྱོང་བྱ་རྒྱུ་ནི་དེ་འདྲའི་དཀའ་ལས་མྱངས་དགོས་པ་ཞིག་ག་ལ་ཡིན། མགོན་མོ་སྐྱིད་ཀྱིས་ཆེད་ལས་གསོ་སྦྱོང་བྱས་པ་བརྒྱུད་སྣམ་བུའི་འཚེམ་དྲུབ་ཀྱི་སྲོལ་རྒྱུན་བརྗོད་གཞིའི་ནང་དོན་ལ་གོ་བ་ཟབ་མོ་བླངས་པར་མ་ཟད། ཁབ་མིག་ལེན་སྟངས་ཀྱང་སྔར་ལས་བྱང་ཆ་ལྡན་པར་གྱུར།
     མི་རིགས་ཀྱི་ཡིན་ན་འཛམ་གླིང་གི་ཡིན་པས། མགོན་མོ་སྐྱིད་ནི་རྐང་ཚའི་སྣམ་བུའི་འཚེམ་དྲུབ་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་ལག་རྩལ་ལ་སེར་སྣ་སྤུ་ཙམ་ཡང་མེད་པར་སྣམ་བུ་འཚེམ་དྲུབ་ཀྱི་ལག་རྩལ་དེ་རྒྱུན་འཛིན་བྱས་ནས་མི་སྔར་ལས་མང་བོ་ཞིག་གིས་སྣམ་བུ་འཚེམ་དྲུབ་ཀྱི་ལག་རྩལ་ཤེས་ཆེད། 2013ལོར་རྐང་ཚ་རྫོང་དུ་བཟོ་རྩལ་ཁང་བཙུགས་པ་མ་ཟད། ད་དུང་ཁོང་ཚོར་སློབ་ཁྲིད་ཀྱང་བྱས། “ངས་མི་སྔར་ལས་མང་བ་ཞིག་ལ་སྣམ་བུ་འཚེམ་དྲུབ་དང་སྣམ་བུ་འཚེམ་དྲུབ་ཀྱི་ལག་རྩལ་འཁྲིད་རྒྱུ་ཡིན” ཞེས་མགོན་མོ་སྐྱིད་ཀྱིས་བཤད།
     ཕྱིའི་ཁོར་ཡུག་གི་གནོན་ཤུགས་འོག་རིག་གནས་ཀྱི་འཐབ་ས་བརྟན་སྲུང་དང་ལག་རྩལ་རྒྱུན་འཛིན་ལ་གཞོལ་མཁན་ནི་མགོན་མོ་སྐྱིད་གཅིག་པུ་གཏན་ནས་མ་ཡིན་པར། བོད་རིགས་ཀྱི་གཉེན་སྒྲིག་གོམས་སྲོལ་གྱི་རྒྱུན་འཛིན་པ་རྐང་ཚ་རྫོང་མཚོ་འཁྱིལ་ཞང་ཡག་མོ་སྡེ་བའི་ལོ58ལ་སླེབས་པའི་རྒན་པོ་ནོར་དཔལ་རྒྱལ་གྱིས་ཕ་ཡུལ་དུ་གནའ་བོའི་གོམས་སྲོལ་དེ་ཁྱབ་གདལ་དང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། རྐང་ཚ་རྫོང་ནི་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་པ་དང་། གཙོ་བོ་བོད་རིགས་ཡིན་ལ། བོད་རིགས་ཀྱི་གཉེན་སྒྲིག་གོམས་སྲོལ་གྱི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན། གནའ་སྔ་མོའི་དུས་སུ། བོད་རིགས་ཀྱི་མེས་པོ་རྣམས་ཀྱིས་གཉེན་སྒྲིག་གི་སྒྲིག་སྲོལ་ངེས་ཅན་ལྟར་ཁྱིམ་ཚང་སྒྲིག་འཛུགས་བྱེད་པ་དང་མི་རིགས་འདུས་སྡོད་བྱས་ཤིང་། འབྲེལ་ཡོད་ཀྱི་གུས་སྲོལ་གོམས་གཤིས་ཆ་ཚང་ཞིག་ཆགས་ཡོད། རྐང་ཚའི་བོད་རིགས་ཀྱི་བརྩེ་དུང་གི་གཉེན་སྒྲིག་འདུ་ཤེས་དང་། གནའ་བོའི་ངོ་མཚར་གྱི་ཆོ་ག རིག་གནས་ཀྱི་ཉམས་འགྱུར་བཅས་ལྡན་ཡོད། “དུས་རབས་ཀྱི་འཕེལ་རྒྱས་དང་མི་རིགས་སོ་སོའི་རིག་གནས་མཉམ་འདྲེས་བྱུང་བ་དང་བསྟུན་ནས་ད་སྐབས་སྡེ་བའི་ན་གཞོན་ཚོས་གཉེན་སྟོན་བྱེད་སྐབས་གཞི་རྒྱུ་གཞན་པ་མང་པོ་འདྲེས་ཡོད་པ་དང་། གཞོན་ནུ་མང་པོ་ཞིག་དར་སྲོལ་ལ་དགའ་བ་དང་། གྱོན་ཆས་དང་། རྒྱན་ཆ། གུས་ལུགས་སོགས་ཀྱི་ཐད་ཞིབ་ཕྲའི་སྣང་ཚུལ་མང་བོ་བསྡུས་ཡོད། ད་སྐབས་སྲོལ་རྒྱུན་གྱི་གཉེན་སྒྲིག་གོམས་སྲོལ་ཤེས་མཁན་མང་པོ་མེད་པ་དང་ལྷག་པར་དུ་ན་གཞོན་དེ་ལས་ཀྱང་ཉུང་ངུ་ལས་མེད།” ཅེས་བཤད།
     རྒན་པོ་ནོར་དཔལ་རྒྱལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་འདི་ཉིད་རྒྱུན་འཛིན་བྱེད་པའི་ཆེད་དུ་ཐོག་མཐའ་བར་གསུམ་དུ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་ལ། གསར་འགོད་པ་ནོར་དཔལ་རྒྱལ་གྱི་ཁྱིམ་དུ་སོང་ནས་དཔེ་དེབ300ལྷག་ཙམ་ཉར་ཚགས་བྱས་ཡོད་པའི་དཔེ་ཁང་དེ་མཐོང་བ་ན་ཁོ་ལ་མྱོང་ཚོར་ཟབ་མོ་ཞིག་ཐོབ། ནོར་དཔལ་རྒྱལ་ནི་རྐང་ཚ་ནས་འཚར་ལོངས་བྱུང་བའི་འབྲོག་པ་ཞིག་ཡིན་པ་དང་མི་རབས་ནས་མི་རབས་བར་རྩྭ་ཐང་དང་ཁ་བྲལ་མྱོང་མེད། འོན་ཀྱང་ཁོ་རང་ཆུང་དུས་ནས་དཔེ་ཆར་ལྟ་རྒྱུ་དང་ཞིབ་འཇུག་བྱེད་རྒྱུར་ཧ་ཅང་དགའ་ཞིང་། ལོ་རྒྱུས་དང་རྩོམ་རིག་ཐད་ཀྱི་དཔེ་དེབ་ལ་ཞིབ་འཇུག་བྱ་རྒྱུར་དེ་བས་ཀྱང་དགའ། ཁོས“ལོ་ན་གཞོན་དུས་མཐའ་འཁོར་གྱི་ཁྱིམ་མཚེས་སུ་ཚང་ལ་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་བྱེད་སྐབས་ཚང་མས་ངའི་གྱོས་པོ་གདན་ཞུ་བྱེད་ལ། ངས་ཀྱང་གྱོས་པོ་དང་མཉམ་དུ་རོགས་རམ་བྱས་ནས་ཡུན་རིང་འགོར་བས་སྲོལ་རྒྱུན་གྱི་གུས་ལུགས་ཁ་ཤས་ལ་རྒྱུས་ལོན་མང་པོ་བྱས། ད་ལྟ། ངས་ཀྱང་འབྲེལ་ཡོད་ཀྱི་རྒྱུ་ཆ་འགའ་བཙལ་ཏེ་རྐང་ཚའི་དམངས་སྲོལ་སྐོར་གྱི་དཔེ་ཆ་ཞིག་འབྲི་བཞིན་ཡོད་པས། མི་སྔར་ལས་མང་བོ་ཞིག་གིས་རྐང་ཚའི་ཡུལ་གྱི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་བྱས་ཏེ་མུ་མཐུད་དུ་སྲོལ་རྒྱུན་རིག་གནས་འདི་ཉིད་རྒྱུན་འཛིན་བྱ་དགོས་པར”བཤད།
     རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་རྒྱུན་འཛིན་ནི་མུ་མཐའ་མེད་པའི་ལམ་ཞིག་ཡིན། རྐང་ཚ་རྫོང་རིག་གནས་ཁང་གི་མགོ་གཙོ་ཐུགས་རྗེ་ཡིས་ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་སྔར་ཡོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་སྣ་ཚོགས་རེ་ཞུ་བྱས་པའི་རྨང་གཞིའི་ཐོག་སྔོག་འདོན་དང་འཚོལ་བསྡུ་གཏིང་ཟབ་བྱས་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཡིག་ཚགས་འཐུས་སྒོ་ཚང་དུ་བཏང་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྣམ་གྲངས55དང་། རྒྱུན་འཛིན་པ9 དངོས་པོ62བཅས་ཡོངས་ཁྱབ་ངང་ཞིབ་བཤེར་ཐོ་འགོད་བྱས་ཡོད། རྫོང་ཡོངས་སུ་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རྣམ་གྲངས3དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ3ཡོད་ལ། དེ་དང་ཆབས་ཅིག་སྲིད་གཞུང་གི་རྒྱབ་སྐྱོར་དང་ཁྲིད་སྟོན་འོག་དམངས་ཁྲོད་ཀྱི་མི་སྣ་མང་པོ་ཞིག་ཀྱང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ནང་ཞུགས་ཡོད་ཅེས་བཤད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...