སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་དེང་རབས་སྙན་ངག་པ་ལྗང་བུ།
རྩོམ་པ་པོ། རེ་རྐང་གླིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2011-6-10 11:00:00 རྩོམ་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། ཀློག་གྲངས།

        ལྗང་བུ། སྐྱེས་མིང་རྡོ་རྗེ་ཚེ་རིང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་རྫོང་གི་མི། རྫས་འགྱུར་དགེ་རྒན་དང་སྲིད་གཞུང་གི་དྲུང་ཡིག  རྩོམ་རིག་རྩོམ་སྒྲིག  ཆེད་ལས་རྩོམ་པ་པོ་བཅས་ཀྱི་ལས་ཀ་གཉེར་མྱོང་།  ད་ལྟ་ཧྥ་རན་སེ་ཡི་སློབ་གྲྭ་ཆེན་མོ་ག་གེ་མོ་རུ་བོད་ཀྱི་རྩོམ་རིག་སྐོར་གྱི་དཔེ་ཁྲིད་དགེ་རྒན་གནང་མུས་སུ་ཡོད།  བོད་ཡིག་གི་བརྩམས་ཆོས་ལ༼ལྗང་བུའི་རྩོམ་བཏུས-སྙན་ངག་དེབ༽དང་༼ལྗང་བུའི་རྩོམ་བཏུས-ལྷུག་རྩོམ་དེབ༽ ༼གཟི་མིག་དགུ་བ༽བཅས་ཡོད།

        ལྗང་བུ།  སྙན་ངག་པ་འདི་ཉིད་ཀླད་དབང་གི་རིམ་པ་མཐོ་ཞིང་མཐོང་རྒྱ་ཡངས་པའི་བོད་སྔ་མའི་གསར་དར་སྙན་ངག་གི་སྲོལ་འབྱེད་པའི་རིགས་སུ་མཐོང་ཞིང༌། དྲ་ཕབ་རྒྱུར་དགའ་བའི་སེམས་བྱུང་དེས་སྙན་ངག་རང་སྟེང་གི་མཛེས་པ་དེ་ཉིང་བཅུད་ལས་དགོས་མཁོ་ཆེ་ཙམ་དུ་མཐོང་མཁན་ཞིག་ཏུ་འདུག་པས་ན། བོད་ཀྱི་སྙན་ངག་གསར་བའི་ཆུ་མགོ་དེ་ཁ་ཕྱོགས་གཞན་ཞིག་ཏུ་འཁྲིད་པའི་དགེ་མཚན་གྱིས་སྤྲས་ཡོད་ཅིང༌། རང་གི་གཞུང་ལུགས་ལྟ་བུ་ཞིག་ལྟོས་བཅས་ཀྱིས་གྲུབ་ཡོད་པའི་བོད་ཀྱི་སྙན་ངག་པ་ཐོག་མ་རང་ཡིན་ཞིང༌། གཏན་ཚིགས་ཀྱི་རང་བཞིན་གཏོར་བའི་སྙན་ཚིག་གི་རིག་པ་ཡ་མཚན་པ་དེས་མི་རྣམས་ལ་བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་ཞིག་གསར་དུ་འདོན་སྤྲོད་ཐུབ་ཡོད་མོད། ཁོ་བོ་ལྟར་ན་སྙན་ངག་པ་འདིའི་འགྱུར་བཟོའི་དོད་ཀྱི་འཕེལ་ཚུལ་དེ་ཡིས། མཐར་ཐུག་གི་ཉེན་ཁའང་ཆེས་ཆེན་པོ་བཟོ་མཁན་གྱི་སྙན་ངག་པ་ཞིག་ཏུ་མི་འགྱུར་བའི་ངེས་པའང་མེད་སྙམ། །

         ནོར་བུ།
         ལྗང་བུ།
གཙང་བོ་ནི་བཞུར་ལམ་ཙམ་ལས་མི་སྣང་ན་ཡང
གྲུ་ཤན་རྟ་མགོ་མ་དེ་མདུན་ཕྱོགས་སུ་ནུར་གྱིན་འདུག
རྟོག་བཏགས་ཀྱི་བར་ཐག་དེ་སྨུག་པའི་ཁྲོད་ན་གཡོ་འགུལ་བྱེད
ང་ཚོ་དམིགས་ས་རུ་སླེབས་ཀྱིན་ཡོད་པ་འདྲ ནོར་བུ
ས་རྩི་དམར་པོ་གྱོན་པའི་རྡོ་ཁང་གི་ཐོག་ཁ་རུ
དར་ལྕོག་རྙིང་ཧྲུལ་ཁ་ཤས་ཀྱིས་གཡབ་གཡུག་རྒྱག
རྒྱབ་ལྗོངས་ནི་སྤྲིན་པ་ཁེར་རྒྱུ་ཞིག་དང་ནམ་མཁའ་སྟོང་བ་ཞིག་ཡིན
ང་ཚོ་གཞི་ནས་སོས་དལ་ངང་མཉམ་འཛོམས་འབྱུང་ལ་ཉེ
འདས་པ་དང་མ་འོངས་པ་དེ རྒྱ་ཅོག་གྲུ་བཞིའི་མཐའ་ལ
ད་ལྟ་བའི་ངོ་བོར་ཐིམ ཅོག་ཙེའི་སྟེང་ལ
གྲུབ་ཀྱིན་པའི་རྒུན་ཆང་བུམ་པ་གང་དང་གླེང་མོལ་གྱི་དགའ་ཚོར་འཁྱིལ
ལག་པ་ཚུར་སྲིངས་ཤིག ངའི་བྲང་ཁར་སྦྱོར་ཅིག ནོར་བུ
ཁྲག་ཐིགས་དང་གད་སྙིགས གཡའ་ཆུ་དང་མེ་སོན་འདྲེས་པའི
བརླན་གཤེར་བུམ་པ་གང་བོ་འདི་ལ དཀྲུག་དཀྲུག་མ་གཏོང་རོགས
འདི་གཡོ་སྐྱོམ་མ་བྱེད་རོགས ཐམས་ཅད་ག་ལེར་གཏིང་དུ་ཐིམ་དུས
དྭངས་གཙང་དང་ཞི་ལྷོད་ཀྱི་རང་མདངས་དེ་མངོན་ཐུབ་པའི་ཆེད་དུ

བུད་མེད་ཚོས འཇིག་རྟེན་འདི་ཐོག་མ་ནས་རྟོག་བཟོ་བྱས་ཚར་འདུག་སྙམ་གྱིན
བརྩེ་དུང་གིས འགྲོ་ལམ་དང་དམིགས་ས་སྔར་ནས་ཇུས་འགོད་བྱས་ཚར་སྙམ་གྱིན
ང་ཚོས བསླུ་བྲིད་ལྡན་ལ་དོན་སྙིང་ལྡན་པའི
བརྗོད་བྱ་གསར་པ་གང་ཞིག་གླེང་འདོད གང་ཞིག་གླེང་རིན་ལྡན ནོར་བུ

ང་ཚོས ཤིང་ཏོག་ཅིག་ལས་སྡུག་བསྔལ་གྱི་པགས་པ་ཐེངས་ཤིག་བཤུས
ནོར་འཁྲུལ་གྱི་པགས་པ་ཐེངས་ཤིག་བཤུས
བདེ་ཟུག་ཀྱང་ཐེངས་ཤིག་བཤུས
སིལ་ཤ་དེ་ལ་གསུང་མགུར་གྱི་ཕབ་རྩི་བརྒྱབ སིལ་ཤ་དེ་ཁོ་ན་བདུད་རྩི་རུ་གྱུར་སོང
ཚི་གུ་དེ་ཁོ་ན་བདེན་པ་ཉིད་དང་ཁ་ཐག་ཉེ་བར་འགྱུར་གྱིན་འདུག

རྒུན་ཆང་བུམ་པ་གང་དེ བྱེད་མེད་ལས་ཚིག་ཅིག་དང་མཉམ་དུ
གས་ཆག་ཏུ་འགྲོ་བཞིན་འདུག དུས་ལ་མ་སླེབས་པར་སྐྱེ་བཞིན་པའི
བུ་ཕྲུག་ཅིག་གི་ལྕེ་རྩེར་འཁྱིལ་སོང ཚོར་བའི་གཏིང་ལ་འཁྱིལ་སོང
བརྩེ་དུང་གི་བྲོ་བ་ཅི་འདྲ་རེད ང་ལ་གསུང་རོགས ནོར་བུ

མིག་ཆུ་ཁ་ཤས་ཐོག་མ་ནས་བཞུར་ས་མི་འདུག
སྣོད་བཅའ་ཁ་ཤས་ནམ་ཡང་མིག་ཆུས་ཁེངས་འདུག
ཚེ་སྲོག་འདི་མ་གཞི་ནས་ཆར་ཐིགས་རྡོག་པོ་ཞིག་དང་འདྲ་བར
དུས་ཚོད་ཀྱི་ཁ་ནང་ལ་ཞུ་བཞིན་འདུག

ནོར་བུ སྙིང་གི་ནོར་བུ མངར་ཁ་ལས་ཕྱིར་ཐོན་ཤོག
ལས་ཀྱི་དབང་གིས གནས་མི་འདྲ་བ་སོ་སོ་ནས་ལམ་ལ་ཆས་ཏེ
ང་ཚོ་དཔུང་བ་མཉམ་གཤིབ་ངང་དོན་དམ་གྱི་ཁྲོད་ནས་མཇལ་འོང
དགུན་ཁ་མ་སླེབས་སྔོན་ལ
ང་ཚོ་སྲབ་ནས་སྲབ་ཏུ་འགྲོ་མུས་ལ
གངས་ཐང་དུ་བཞག་པའི་རྐང་རྗེས་ཀྱི་མགུར་མའང
ལྷགས་རླུང་དམར་པོའི་ཁ་གཏད་ཀྱི་རྐྱེན་གྱིས་མོག་པོར་འགྲོ
ཚངས་དབྱངས་ཀྱི་ནོར་བུ
རྒྱ་མཚོ་ཡི་ནོར་བུ

ནོར་བུ

་ ་ ་ ་ ་ ་
ང་ཚོ་ཇི་ལྟར ཅི་ཙམ་བཞུར་ནའང་རང་ཉིད་ལས་ཐོན་མ་ཐུབ་པ་འདི་ཡང་ཅི

                                ༢༠༠༠ལོའི་ཟླ་༧པའི་ཚེས་༡༢ཉིན་མགར་ཁང་དུ།

          བརྩམས་ཆོས་ངོ་སྤྲོད་མདོར་བསྡུས།   གོང་གསལ་སྙན་ངག་འདི་ལས་འཇིག་རྟེན་གྱི་ངོ་བོ་གཞན་ཞིག་མཐོང་ནས་ཡོད་པའི་སྐྱེས་པ་ཞིག་གིས་རང་གི་ཚོར་ཤེས་ཀྱིས་ཟིན་པའི་སྟེང་གི་བཀོད་པ་དག་ཀླད་རྩའི་སྦུབས་སུ་སྣང་ལ་མ་ངེས་པའི་ཉམས་ཀྱིས་ཚུར་སྣང་བྱས་ཐོག ཚིག་དང་ཚིག་གི་བཅད་བརྡར་དང་མཚོན་བྱ་དང་མཚོན་བྱེད་འདྲེས་མའི་སྒྱུ་རྩལ་དེས་ཀློག་པོ་དག་ལ་སྙན་ངག་ཀློག་པའམ་སེམས་པ་བཞུར་བ་གང་ཡིན་ངོས་འཛིན་དཀའ་བའི་ཚོར་བ་ཞིག་སྤྲོད་ཅིང༌། རང་བློས་ཚད་འཛིན་དུ་མེད་པའི་ཚད་ཐིག་ཅིག་གིས་སྙན་ངག་གི་བླ་གནས་དེ་མཐུན་པོར་མྱོང་འཇུག་བྱ་རུ་འཇུག་ཐུབ་ཡོད་འདུག །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...