སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རུ་སྔུན་སྐུ་ཕྲེང་དགུ་བ་བློ་བཟང་ཆོས་འཕེལ་ཆོས་ཀྱི་ཉི་མ་མཆོག་གི་མཛད་རྣམ་མདོར་བསྡུས།
རྩོམ་པ་པོ། མཚོ་སྔོན་པོ་དྲ་བ། རྩོམ་སྒྲིག་པ། Lhamo དུས་ཚོད། 2011-11-3 10:08:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


རུ་སྔུན་སྐུ་ཕྲེང་དགུ་བ་བློ་བཟང་ཆོས་འཕེལ་ཆོས་ཀྱི་ཉི་མ་མཆོག


                   བློ་བཟང་རྒྱལ་བ་གཉིས་པའི་ཆོས་ཚུལ་ཀུན། །
                   འཛིན་ལ་རིག་སྟོབས་འཕེལ་བའི་དཔལ་མངའ་བ།  །
                   འགྲོ་རྣམས་ཆོས་སྲིད་ལུགས་ཀྱི་སྐྱེ་དངོས་བཞིན། །
                   བྱམས་བརྩེ་ཉི་མའི་འོད་ཀྱིས་རྒྱས་པར་མཛོད། །
                   འདི་ན་མགོན་པོ་གང་གི་འཛད་འཕྲིན་ཀུན།  །
                   ཚུར་མཐོང་སྐྱེ་བོ་དམན་པས་ཉེར་བསྡུས་ཏེ།  །
                   དད་ལྡན་གདུལ་བྱ་རྒྱ་མཚོའི་འདོད་རྒུའི་རྩེར།  །
                   ཆ་ཙམ་བཀོད་པའི་ལེགས་བཤད་རི་མོ་བཀྲ།  །
                   རྩེ་གཅིག་མི་ཕྱེད་དད་བརྟན་འགྱུར་མེད་པའི།  །
                   སློབ་བུ་རབ་འབྱམས་སྨྲ་བའི་དབང་ཕྱུག་སོགས།  །
                   འདིར་བརྗོད་བླ་ན་མེད་པའི་རིན་ཆེན་ཚིག  །
                   སྐལ་བཟང་རྣ་བའི་རྒྱན་དུ་ལོངས་ཤིག་ཀྱེ།  །
         དེ་ཡང་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས།  མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང༌།  བསྟན་པའི་སྙིང་བོ་བཤད་སྒྲུབ་རྣམ་གཉིས་དང༌།  ། དམ་པའི་རྣམ་ཐར་སྡོམ་བརྩོན་ཉམས་ལེན་ལ།  ། ཕན་ཚུན་འགྲན་བཞིན་འབད་པ་ལ་ཞེས་དང༌།།  རྗེ་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས།།  མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས།  ། ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན།  ། ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བའི་བཟང༌།  །  བློ་བཟང་རྒྱལ་བའི་བསྟན་པ་ཞེས་གསུངས་པ་ལྟར།  འཆད་རྩོད་རྩོམ་གསུམ་དང༌།  མཁས་བཙུན་བཟང་གསུམ་སོགས་ཀྱི་འོད་སྣང་བར་མེད་འཕྲོ་ཞིང༌། མཛད་འཕྲིན་སྟོང་གི་སྙན་གྲགས་དཀར་བོ་ཕྱོགས་སུ་རྒྱས་པའི་རུ་སྔུན་སྐུ་ཕྲེང་དགུ་བ་བློ་བཟང་ཆོས་འཕེལ་ཆོས་ཀྱི་ཉི་མ་མཆོག་གི་མཛད་རྣམ་མདོར་བསྡུས་ཤིག་འགོད་པ་ལ།  དང་བོ་སྐུའི་སྐྱེ་བ་བཞེས་ཚུལ་དང༌།  གཉིས་པ་ཐོས་པ་བྱས་ཚུལ།  གསུམ་པ་སྤྲུལ་སྐུར་ངེས་འཛིན་གནང་བ་དང༌། འགྲོ་བ་སེམས་ཅན་གྱི་དོན་རླབས་པོ་མཛད་ཚུལ་བཅས་ས་བཅད་གསུམ་གྱི་སྒོ་ནས་གླེང་བསླངས་པར་བྱའོ།  །
དང་པོ་སྐུའི་སྐྱེ་བ་བཞེས་ཚུལ། 
         བོད་ཡུལ་ཆོས་ལྡན་གྱི་ཞིང་ཁམས་ཆེན་པོ་འདིའི་བྱེ་བྲག་ཏུ་གྱུར་པའི་མདོ་སྨད་ས་ཡི་ལྟེ་བ།  མང་ར་གསེར་མོ་ལྗོངས་ཞེས་ས་ལ་དགེ་བཅུ་འཛོམས་ཤིང༌།  བཅུད་རྣམས་གཡང་དུ་འཁྱིལ་བའི་གནས་མཆོག་འདི་རུ།  བོད་རབ་བྱུང་བཅུ་དྲུག་པའི་སྤྱི་ལོ1975ལོའི་ཆུ་སྟོད་ཟླ་བའི་ཚེས་དྲུག་སྟེ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་བཀའ་དང་བོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་ལྷ་ཉིན་ཐོག་མར། ཀླུ་དཔོན་ཚང་གི་རུས་རྒྱུད་འཁྲུལ་མེད་ཡབ་རྟེའུ་ཚང་བཀྲ་ལོ་རྒྱལ་དང༌།  ཡུམ་བོན་བཟའ་སྒྲོལ་ལོ་གཉིས་ཀྱི་སྲས་སུ་མཁས་གྲུབ་གཉིས་ལྡན་གྱི་རྒྱལ་སྲས་དམ་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེ་གཅིག་ཏུ་བསྡུས་པའི་ངོ་བོ།  བསྟན་དང་འགྲོ་བ་ཀུན་གྱི་སྐྱབས་གནས་ཉག་ཅིག་ཏུ་གྱུར་པ། རུ་སྔུན་སྤྲུལ་བའི་སྐུ་བློ་བཟང་ཆོས་འཕེལ་ཆོས་ཀྱི་ཉི་མ་མཆོག་ངོ་མཚར་རྨད་དུ་བྱུང་བའི་ལྟོས་བཟང་སྣ་ཚོགས་དང་བཅས་སྐུ་འཁྲུངས་སོ།  །
         འཁྲུལ་བྲལ་ཉི་མ་གཞོན་ནུའི་དཔལ་མངའ་བའི།  །  རྗེ་བཙུན་བླ་མ་དམ་པའི་ཐུགས་རྗེ་འོད།  ། འཛམ་གླིང་གོ་ལར་འཕྲོས་པའི་གཟི་བྱིན་གྱིས། །  སྐྱེ་རྒུའི་རྨོངས་མུན་མ་ལུས་གཅིག་གྱུར་སེལ། །  མཚན་དཔེའི་ལང་ཚོ་རྒྱས་པའི་མཆོག་གི་སྐུ། །  བསྟན་འགྲོའི་དོན་དུ་བྱོན་པའི་ཚུལ་ལ་སོགས།  །  མ་བཅོས་རི་མོའི་གཟུགས་སུ་ཉེར་ཕབ་པ།  །  བློ་ལྡན་གཟིགས་མོར་དགའ་བའི་གསོས་སུ་ཆེ། ། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིག་བཅད་དོ།  །
གཉིས་པ་ཐོས་པ་རྒྱ་ཆེར་བྱས་ཚུལ། 
         ཁོང་ཉིད་སྐུ་ན་ཕྲ་བའི་དུས་ནས་བཟུང་སྡེ་བའི་སློབ་གྲྭར་འགྲིམས་ཏེ་ཡི་གེ་འབྲི་ཀློག་དང༌། བརྡ་སྤྲོད་པའི་བསྟན་བཅོས་སོགས་ལ་སྦྱངས་པ་མི་དམན་པ་ཞིག་མཛད་པ་མ་ཟད།  ད་དུང་དགེ་རྒན་རྣམས་ཀྱིས་ཀྱང༌བྱིས་པ་འདིས་འཛིན་གྲྭའི་སློབ་བུ་རྣམས་ལ་ཕྱིའི་ཀུན་སྤྱོད་དང༌།  ནང་གི་ཀུན་སློང་སོགས་ཕྱོགས་གང་ཅིའི་ཐད་ནས་སློབ་སྟོན་གང་མང་ཞིག་གནང་ཞེས་བསྔགས་བརྗོད་མཛད་པ་དང༌།  དགུང་ལོ་བཅོ་ལྔའི་སྟེང་ཀླུ་ཚང་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་གི་ཚོགས་གྲྭར་ཞུགས་ཤིང༌།  ཡབ་རྗེ་བླ་མ་དམ་པ་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་མཆོག་གི་མདུན་དུ་རབ་བྱུང་གི་སྡོམ་པ་ཚུལ་བཞིན་དུ་བཞེས་པ་དང༌།  ཁོང་གིས་བློ་བཟང་ཆོས་འཕེལ་ཞེས་མཚན་གསོལ།  དུས་དེ་ནས་བཟུང་སྤྲུལ་སྐུ་མཆོག་གིས་དགོན་པའི་འདོན་རྟ་དབྱངས་གསུམ་དང༌།  དཀྱིལ་འཁོར་རྡུལ་ཚོན་སོགས་ལ་སྦྱངས་པ་མཐར་ཕྱིན་མཛད་ཅིང༌།  ཁྱད་པར་དུ་བསྡུས་གྲྭ་ནས་དབུ་བརྩམས་ཏེ།  བློ་རྟགས་དང༌།  ས་ལམ།  གྲུབ་མཐའ།  དབུ་མ།   ཕར་ཕྱིན།  མཛོད་འདུལ།  སྙན་ངག སྐར་རྩིས་སོགས་ལ་གསན་སྦྱངས་གནད་དུ་སྨིན་པ་མཛད་པ་མ་ཟད།  ཞོར་དུ་བོད་ཡུལ་ཆོལ་ཁ་གསུམ་ན་མིང་དུ་གྲགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་དང༌།  རྗེ་སྐུ་འབུམ་སོགས་སུ་ལོ་རེ་བཞིན་གྲྭ་སྐོར་གནང་སྟེ་གཞུང་ཆེན་བཀའ་པོད་ལྔའི་དོགས་གཅོད་ཡང་དག་བགྱིས་པས་མཁས་པའི་གྲགས་པ་ཕྱོགས་སུ་རྒྱས།
         སྤྱི་ལོ1990ལོའི་ཟླ4བའི་ནང་རྗེ་ཡེ་ཤེས་རྒྱ་མཚོའི་ཞལ་ནས། འགྲེལ་བ་དོན་གསལ་གྱི་ཞལ་ལུང་དང༌། བློ་སྦྱོང་དོན་བདུན་མའི་ཁྲིད་ཁོང་གིས་འགྲེལ་བའི་སྟེང་ནས་གནང༌།  རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང༌། སྟ་གོན་སྔོན་དུ་འགྲོ་བའི་འཇིགས་བྱེད་དཔའ་གཅིག་གི་དབང༌།  མཁའ་སྤྱོད་མའི་དབང༌།   ཐུགས་རྗེ་ཆེན་པོའི་དབང༌།   སྐྱབས་འགྲོ་རྒྱས་པ།  མདོ་གདུགས་སྒྲོལ་གསུམ་བཅས་ཀྱི་ལུང༌།  རིགས་གསུམ་མགོན་པོ།  ཚེ་ལྷ་རྣམ་གསུམ།  ཁྱུང་ཁྲ།  རྟ་མགྲིན་གསང་སྒྲུབ།  ལོ་གྱོན་མ།  འོད་ཟེར་ཅན་མ་བཅས་ཀྱི་གཟུངས་སྔགས་ཟབ་མོའི་ལུང་སོགས་ཐོབ།
         ལོ་འདིའི་ཟླ5བའི་ཚེས15ཉིན་ཁོང་འཇམ་དབྱངས་མཚན་ཅན་གྱི་ཞལ་སྔ་ནས་སྐྱབས་འགྲོ་དང༌། དགའ་ལྡན་ལྷ་བརྒྱ་མ།  དེ་ལྟར་མཁའ་དབྱིངས་མ།  ལྟུང་བཤགས།  སྤྱི་བཤགས།  བླ་མཆོད།  ལམ་གཙོ་རྣམ་གསུམ།  མདོ་གདུགས་སྒྲོལ་གསུམ།   སྒྲོལ་དཀར་བསྟོད་པ།  ལེགས་བྲིས་མ།  སྨོན་ལམ་རྣམ་ལྔ།  བྱམས་པའི་སྐུ་གཟུགས་མ།  གནས་བཅུའི་བསྟོད་པ།  ལམ་རིམ་སྨོན་ལམ།  རྒྱལ་བ་མ་ལུས་པ་བཅས་ཀྱི་ལུང་སོགས་ཐོབ་པ་དང༌།  ལཱ་མོ་ཡོངས་འཛིན་རིན་པོ་ཆེ་ལས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོབ།
         སྤྱི་ལོ1994ལོར་དཔའ་ལུང་ཨ་ཁུ་རིན་པོ་ཆེ་རྗེ་ཡེ་ཤེས་རྒྱ་མཚོ་མཆོག་གི་དྲུང་དུ་ཁོང་ཉིད་ཀྱིས་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་བཞེས་ཤིང༌། ལོ་འདིའི་ཟླ་བ་བཞི་བའི་ནང་རྗེ་དེ་ཉིད་ལས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་དང༌།  བླ་མ་ལྔ་བཅུ་བའི་རྩ་ཁྲིད།  འཕོ་ཁྲིད།  བླ་མ་མཆོད་པའི་ཁྲིད། མགོན་ཆོས་ལྷ་གསུམ་གྱི་རྗེས་གནང༌།  ཨ་ལགས་བླ་ཁོ་རིན་པོ་ཆེས་མཛད་པའི་དུར་བདག་ཡབ་ཡུམ་གྱི་འཕྲིན་བཅོལ་གྱི་ལུང༌།  མི་འཁྲུགས་པ་ལྷ་བཅུ་གསུམ་མའི་དབང༌།   འཇམ་དབྱངས་དཀར་བོ་དང་དམར་སེར།  དབྱངས་ཅན་མ་གསུམ་གྱི་རྗེས་གནང༌།  པཎ་ཆེན་བདེ་ལམ་གྱི་ཁྲིད།  འཇམ་དཔལ་མཚན་བརྗོད།  ཨ་ལགས་རིན་པོ་ཆེས་མཛད་པའི་བདེ་གསང་འཇིགས་གསུམ་གྱི་ཆོག་བསྡུས་ཀྱི་ལུང༌།     སེམས་བསྐྱེད་ཆོ་གའི་ཁྲིད།  ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་དབང་བཅས་ཐོབ།  ལོ་འདིའི་ཟླ་བ་བཅུ་གཉིས་པའི་ནང་ཁོང་ཐམས་ཅད་མཁྱེན་པ་ཆོས་རྗེ་རིན་པོ་ཆེ་མཆོག་ལས།  སྐྱབས་འགྲོ་རྒྱས་པ་དང༌།  དགའ་ལྡན་ལྷ་བརྒྱ་མ།  གུང་ཐང་བསྟན་པའི་སྒྲོན་མེའི་ཡི་དམ་སྒྲུབ་སྐོར་གྱི་ལུང་སོགས་ཐོབ་པ་དང༌། 
རྗེ་སྨོན་ལམ་མཚན་ཅན་ལས།  འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས་ཀྱི་ལུང་དང༌།  རྡོ་རྗེ་གཅོད་པ།  མདོ་སྡུད་པ།  འཇམ་དཔལ་མཚན་བརྗོད།  ཐར་བ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ། ཤེས་བྱའི་མཁའ་དབྱིངས་མ་བཅས་ཀྱི་ལུང་ཐོབ། 
         ཁོང་ཐམས་ཅད་མཁྱེན་པ་ཡོངས་འཛིན་རིན་པོ་ཆེ་ལས།  ཀུན་མཁྱེན་སྐུ་གོང་མའི་གསུང་སྟེང་འཇམ་དབྱངས་དཀར་བོ་དང༌།  དབྱངས་ཅན་མའི་ལས་ཚོགས་ཀྱི་ཁྲིད།  སྒེག་པའི་རྡོ་རྗེས་མཛད་པའི་འཇམ་དབྱངས་དཀར་བོའི་བསྟོད་པ་དོན་ཟབ་མ་དང༌།  ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གསུང་གྲས་ཀྱི་འཇམ་དཀར་སྒྲུབ་ཐབས་ཀྱི་བཀླགས་ལུང་དང༌།  སེང་ལྡེང་ནགས་ཀྱི་སྒྲོལ་མའི་རྗེས་གནང་བཅས་ཐོབ།  པཎྜི་ཏ་རྗེ་དགེ་འདུན་མཚན་ཅན་གྱི་ཞལ་སྔ་ལས།  འཇིགས་བྱེད་དཔའ་ཅིག་གི་དབང་སྟ་གོན་དང་བཅས་པ།  དཔལ་གསང་བ་འདུས་པའི་དབང༌།  འགྲེལ་བ་བཞི་སྦྲགས་ཀྱི་ཞལ་ལུང༌།  ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་ཁྲིད་ཁོང་གི་ཐུགས་ཐོག་ནས་གནང༌།
         ཁོང་རིན་པོ་ཆེ་ལཱ་མོ་ཡོངས་འཛིན་མཆོག་ལས།  གུང་ཐང་སྐྱབས་ཁྲིད།  ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་གྲས་ཀྱི་དགའ་ལྡན་ལྷ་བརྒྱ་མའི་ཁྲིད།  རྒྱལ་དབང་འཇམ་དཔལ་ཞལ་ལུང་གི་ཁྲིད།  མྱ་ངན་མེད་མཆོག་དཔལ་གྱི་མཚན་སྔགས་ཀྱི་ལུང༌།  གསང་བདག་གཏུམ་པོ་ཁྱུང་ལྔའི་གཟུངས་སྔགས་ཀྱི་ལུང༌།  ཨ་ཁུ་ཞང་སྟོན་ཚང་གི་གསུང་གྲས་ཀྱི་རྡོར་སེམས་སྒོམ་བཟླས་བྱེད་ཚུལ་སྙིང་གི་ཐུར་མ་ཞེས་བྱ་བའི་ལུང༌།  སྟ་གོན་སྔོན་དུ་འགྲོ་བའི་འཇིགས་བྱེད་དཔའ་ཅིག་གི་དབང༌།  གསང་བདག་འཁོར་ཆེན་ལྷ་བཅོ་བརྒྱད་མའི་དབང༌།  ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་དབང༌།  དགའ་ལྡན་ལྷ་བརྒྱ་མའི་ལུང༌།  མ་ཎི།  འཁོར་ཆེན་གྱི་གཟུངས།  ཁྱུང་ཁྲ།  གསང་བདག་གཏུམ་པོ་ཁྱུང་ལྔ།  སེང་གདོང་མ།   ཐུགས་རྗེ་ཆེན་པོ་རྣམས་ཀྱི་གཟུངས། འཇམ་དབྱངས་དཀར་བོའི་གཟུངས།     གསང་བདག་ཕྱག་ན་རྡོ་རྗེའི་གཟུངས།  དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་བོ་མ་བཅས་ཀྱི་ལུང་ཐོབ།  དེ་མིན་ཁོང་ཉིད་ཀྱི་ཞལ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་སྟ་གོན་དང་བཅས་པ།  དགེ་སློང་མ་དཔལ་མོ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང༌།   དགའ་ལྡན་ལྷ་བརྒྱ་མའི་ལུང༌།   སྨན་བླ་ལྷ་ང་གཅིག་མའི་དབང༌།   དྲག་པོ་སུམ་སྒྲིལ་གྱི་བཟླས་ལུང་བཅས་ཐོབ། 
         སྤྱི་ལོ1998ལོར་ཀླུ་དཔོན་ཚང་དུ་གཙང་ཨ་ལགས་མ་ཎི་བ་གདན་དྲངས་ཏེ་གདན་ཐོག་ཅིག་ཏུ་སེར་སྐྱ་ཕོ་མོ་མང་བོ་མ་ཎི་དུང་ཕྱུར་གྱི་གཟུངས་ཐག་ལ་འཇུས་ནས་དགེ་སྒྲུབ་ཟབ་མོ་བྱས་སྐབས་མཎྜལ་བཤད་པ་གནང་བས་བཀྲ་ཤིས་པའི་དགེ་མཚན་མང་བོ་བཞད། སྤྱི་ལོ1999ལོའི་ཟླ9བའི་ཚེས15ཉིན་ཀླུ་ཚང་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་ཆེན་མོ་ལེགས་པར་གྲུབ་པའི་ཆོས་སྤྱོད་ཀྱི་རྟེན་འབྲེལ་མཛད་སྒོ་རྒྱ་ཆེར་སྤེལ་སྐབས་དགོན་པའི་བླ་གྲྭ་ཡོངས་ཀྱིས་མིང་གི་ཆ་ནས་རྟེན་འབྲེལ་ལེགས་པོ་འདུག་གསུང་བ་ལྟར།  ཁོང་ཉིད་ཀྱིས་ཆོས་འཁོར་གྱི་ཚོགས་གླེང་མཛད་པས་དགེ་འདུན་པ་ཡོངས་དང༌།  དད་ལྡན་དམངས་ཚོགས་ཀྱི་ཐུགས་འདུན་མཉེས་པའི་མཆོད་པར་གྱུར་པ་དང༌།  དེར་མ་ཟད།  ཨ་ལགས་ཆོས་རྗེ་རིན་པོ་ཆེ་མཆོག་དང་དགོན་གཞུང་ནས་ན་བཟའ་ཁ་ཚང་ཞིག་གི་བྱ་དགའ་གནང༌།  སྤྱི་ལོ2000ལོར་ཀླུ་དཔོན་ཚང་སྡེ་བའི་རྒན་དར་གཞོན་གསུམ་གྱིས་གྲོས་བྱས་ཏེ་སྡེ་བའི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་དང༌།  གསེར་ལྡན་ལ་བཙས་ལེགས་བསྟོད་བྱེད་དགོས་པའི་ཚུལ་སོགས་ཨ་ལགས་སྤོས་མདུད་ཚང་ལ་ཞུས་པ་ན། ཁོང་གི་ཞལ་ནས།  ཁྱོད་ཚོ་ལ་སྐྱོན་མི་འདུག  ཅུང་ཙམ་ཞིག་སྒུག་སྡོད་དང་རྒྱལ་སྲས་ཕྱག་ན་རྡོ་རྗེ་ཕེབས་ལ་ཉེ་བས་ཁྱོད་ཚོ་ལ་མགོན་སྐྱབས་དང༌།  དཔུང་གཉེན་མཛད་པ་ཡིན་ཞེས་བཀྲ་ཤིས་པའི་དགེ་མཚན་མང་བོ་དང་བཅས་ཁོང་ཉིད་ཡུལ་འདིར་འཁྲུངས་ཡོད་པ་ལུང་གིས་བསྟན།   སྤྱི་ལོ2001ལོའི་ཟླ་བ3པའི་ཚེས11ཉིན་ཀླུ་ཚང་དགོན་ཆེན་དུ་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ།  ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག་པ་དང༌།  ངེས་པ་དོན་དང་ལྡན་པའི་དགེ་བཤེས་རབ་འབྱམས་པའི་ཐོབ་ཐང་དཔང་ཡིག་བླངས།  མདོར་ན་ཁོང་ཉིད་ཀྱིས་ཐུན་མོང་དང་ཐུན་མོང་བ་མ་ཡིན་པའི་རིག་པའི་གནས་ཀུན་ལས་སྦྱངས་འབྲས་ཟབ་མོ་བརྙེས་པའི་འབྲས་རྟགས་མངོན་པར་གྲུབ་པ་དང༌།  ལོ་འདིའི་ཟླ་བ་ལྔ་བའི་ནང་རྗེ་ཡོངས་འཛིན་རིན་པོ་ཆེ་ལས།  ཀླུ་ཚང་དགོན་དུ་སློབ་མ་རྗེས་འཛིན་དང༌།  སྟ་གོན་སྔོན་དུ་བཏང་སྟེ་དུས་འཁོར་དབང་ཆེན་ཐོབ།  ལོ་འདིར་མི་རིགས་གཞན་གྱི་སྐད་དང་ཡི་གེ   ཀློག་གླད།  ཚན་རྩལ་སོགས་འབྲེལ་ཡོད་རིག་གནས་བཅས་ལ་གཟིགས་རྟོགས་བླ་མེད་མཛད་དོ།  །
         རིས་མེད་པཎ་གྲུབ་མང་བོ་ལེགས་བསྟེན་ཏེ།  །  ཐོས་པ་གནད་སྨིན་བགྱིས་པའི་འབྲས་རྟགས་སུ།  ། ལྷན་སྐྱེས་ཤེས་རབ་འབར་བའི་རྣམ་དཔྱོད་ཀྱིས།  །  གཞུང་ཆེན་བཀའ་པོད་ལྔ་ཡི་གསང་བ་རྟོགས།  ། འཆད་པ་སྐལ་བཟང་དགྱེས་པའི་པདྨོ་ལས།  ། རྩོད་པ་ལོག་རྟོག་སེལ་བའི་བསུང་ངད་ལྡང༌།  ། རྩོམ་པ་གཞན་སེམས་སྤྲོ་བའི་སྐྱེད་ཚལ་འདིར།  ། དད་ལྡན་བུང་བའི་ཚོགས་རྣམས་ངང་གིས་འཁོར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིག་བཅད་དོ།  །  
གསུམ་པ་སྤྲུལ་སྐུར་ངེས་འཛིན་མཛད་པ་དང༌འགྲོ་བ་སེམས་ཅན་གྱི་དོན་རླབས་པོ་ཆེ་སྒྲུབ་པ།  
         སྤྱི་ལོ2001ལོ་འདིའི་ཟླ10བའི་ཚེས8ཉིན། ཁོང་ཉིད་མཁས་བཙུན་གཉིས་ལྡན་གྱི་བླ་མ་དམ་པ་རྗེ༧ མེར་རྒན་ཆོས་རྗེ་སྐུ་ཕྲེང་དྲུག་པ་འཇམ་དབྱངས་བློ་བཟང་བསྟན་དར་མཆོག་གིས།  རུ་སྔུན་སྐུ་ཕྲེང་བརྒྱད་པ་བློ་བཟང་བསྟན་པ་རྒྱ་མཚོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་བློ་བཟང་ཆོས་འཕེལ་ཆོས་ཀྱི་ཉི་མ་ཞེས་མཚན་གསོལ་བ་དང༌།  ཀླུ་ཚང་དགོན་ཆེན་གྱི་བླ་གྲྭ་ཡོངས་དང༌།  འབངས་མི་རྒན་དར་གཞོན་གསུམ་མང་བོས་མཚན་བྱང་དང་ཁ་བཏགས་ཕུལ་པ་མ་ཟད།  ད་དུང་ཁོང་གིས་ཀྱང་གྲྭ་བ་རྒན་གྲས་རྣམས་ལ་གསེར་ས་ན་ཡོད་ཀྱང༌།  འོད་གནམ་ན་ཡོད།  ཁྱེད་རྣམ་པས་སྤྲུལ་སྐུ་ལ་བདག་སྐྱོང་ལེགས་པོ་བྱེད་དགོས་ཞེས་ཐུགས་སྨོན་དང་བསླབ་བྱ་མང་བོ་གནང༌། 
         སྤྱི་ལོ2002ལོའི་ཟླ2པའི་ནང་ཁོང་རྡོ་རྗེ་འཆང་ཆོས་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་མཆོག་ལས། མངོན་རྟོགས་རྒྱན་དང༌།  བྱིན་རླབས་སྤུངས་ཞུས།  དགའ་ལྡན་ལྷ་བརྒྱ་མའི་ལུང་སོགས་ཐོབ་པ་དང༌།  རྗེ་འདི་བ་ལས་ཐུགས་རྗེ་ཆེན་པོའི་དབང་ལན་གསུམ་ཐོབ།  ལོ་འདིའི་ཟླ་བ་བདུན་པའི་ནང༌།  རྗེ་དགེ་འདུན་མཚན་ཅན་ལས།  བྱང་ཆུབ་ལམ་རིམ་ཆེན་མོའི་ཞལ་ལུང་དང༌།    རྟེན་འབྲེལ་བསྟོད་པ།  ལམ་རིམ་བསྡུས་དོན།  རྟོགས་བརྗོད་མདུན་ལེགས་མ་སོགས་ཀྱི་ལུང་ཐོབ།
         ལོ་དེ་ནས་བཟུང་ཡང་བསྐྱར་ཐུན་མོང་བའི་རིག་གནས་ཁག་ལ་ཞིབ་གཟིགས་མཛད་ཅིང༌།  ཞོར་དུ་བོད་ཀྱི་མཁས་པ་མིང་གྲགས་ཅན་དང༌།  སྙན་ངག་པ།  ཞིབ་འཇུག་པ། རོལ་མོ་བ་སོགས་དང་ལྷན་དུ་ཉམས་མྱོང་བརྗེ་རེས་དང༌།  ལག་ལེན་ཕྱོགས་སྡོམ་བྱས་ཏེ་དཔྱད་རྩོམ་དང་སྙན་རྩོམ་བརྒྱ་ཕྲག་ལྷག་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་དང་ཚགས་པར་སོགས་ཀྱི་སྟེང་དུ་འགྲེམ་སྤེལ་བྱས་པ་དང༌།  ཞིང་ཆེན་དང༌།  ཁུལ་ནང་བསྟན་མཐུན་ཚོགས་ཀྱི་གླེང་སྟེགས་ལ་ཟབ་ཞུགས་བྱས་པ་མ་ཟད༌།   མཚོ་སྔོན་སྙིང་རྗེ་རོགས་སྐྱོར་ཚོགས་པས་གདན་ཞུས་བཞིན།  དམ་པ་འདི་ཉིད་ཟི་ལིང་དུ་ཕེབས་ནས་བླ་མ་དང༌།  བཀའ་རབ་འབྱམས་པའི་དགེ་བའི་བཤེས་གཉེན།  དགེ་རྒན་དང་སྤྱི་ཚོགས་ཀྱི་ལས་དོན་ལ་ཐུགས་ཁུར་ཆེ་བའི་མཁས་པ་མང་བོའི་སྤྱན་སྔར།   སྤྱི་ཚོགས་བདེ་འཇགས་དང༌།  མི་རིགས་མཐུན་སྒྲིལ་གྱི་རྩ་བ།  འཛམ་གླིང་ཞི་བདེ་ཡི་གཞི་མ།  བོད་བརྒྱུད་ནང་བསྟན་གྱི་ཡང་སྙིང༌།  བྱམས་དང་སྙིང་རྗེ་སོགས་ལས་འཕྲོས་པའི་གསུང་བཤད་གལ་ཆེན་གནང༌།  ཁོང་གིས་དབུ་ཁྲིད་དེ་ཚོགས་པ་དེ་ཉིད་ཀྱི་རྒྱུན་ཡུན་རིང་དུ་བསྐྱངས་ཤིང༌།  ལོ་མང་བོའི་བར་དབུལ་ཁྱིམ་དང༌།  རྒན་པ་བདག་མེད།  དྭ་ཕྲུག་སོགས་མང་བོ་ཞིག་ལ་རོགས་སྐྱོར་རྒྱ་ཆེར་མཛད་པས་རྒྱ་ཆེ་བའི་དམངས་ཚོགས་ཀྱིས་དམ་པ་ཁོང་ཉིད་ནི་བྱམས་སྙིང་རྗེ་ལྡན་པ་དང༌།  སྦྱིན་གཏོང་ཆེ་བའི་སྤྲུལ་སྐུ་ཞིག་ཏུ་ངེས་འཛིན་བྱས།
         སྤྱི་ལོ2003ལོར་ཁོང་གིས་གོང་རིམ་དང་འབྲེལ་ཡོད་ལས་ཁུངས་དག་ལ་སྙན་ཞུ་རིམ་པར་ཕུལ་ཏེ་རང་དགོན་པའི་གྲྭ་ཤག150ལྷག་ལ་སྦུག་ཆུ་འཐེན་ནས་བཏུང་ཆུའི་དཀའ་ངལ་སེལ་བར་བྱས།  ལོ་དེར་ཁོང་གིས་རེ་འདུན་དང་སྙན་ཞུ་བྱས་པ་བཞིན་ཁུལ་དང༌།  རྫོང་རིམ་པའི་ནང་བསྟན་མཐུན་ཚོགས་དང༌།  ཆོས་ལུགས་ཅུ་སོགས་འབྲེལ་ཡོད་ལས་ཁུངས་ཁག་དང་ལྷན་དུ་ཀླུ་ཚང་དགོན་ཆེན་དུ་དགོན་པའི་ཤེས་རིག་གི་ལྟེ་གནས་ཞེས་པའི་ཤེས་རིག་དང༌།  རི་མོ་སྣ་ཚོགས།  ལྷ་བྲིས་ཐང་ག་དང༌།  འཇིམ་བཟོའི་སྐུ་བརྙན།  ཐིགས་རྡུལ་ཚོན་སོགས་ཀྱིས་མཚོན་པའི་དགོན་པའི་ཤེས་རིག་སྣ་མང་གི་འགྲན་བསྡུར་བྱེད་དུ་བཅུག་པས།  བོད་ཀྱི་རིག་གནས་སྤྱི་དང༌།  ཁྱད་པར་དུ་དགོན་པའི་སྲོལ་རྒྱུན་རིག་གནས་ལ་ཡར་སྐུལ་གྱི་ནུས་ཤུགས་ཆེན་པོ་ཐོབ།  གཞན་ཡང་ལོ་དེར་ཞིང་ཆེན་དང༌ཁུལ།  རྫོང་རིམ་པའི་ཆོག་མཆན་བཀོད་པ་བརྒྱུད།  ཁོང་གིས་མཚོ་སྔོན་མི་རིགས་སྙིང་རྗེ་རོགས་སྐྱོར་ཚོགས་པ་མང་རྫོང་སྙིང་རྗེ་ཡན་ལག་ཚོགས་པ་ཞེས་པ་ཞིག་རྩ་འཛུགས་བྱས་ཏེ་དམངས་སྒོར20000ཡས་མས་ཀྱིས་དཀའ་ཁག་ཡོད་པའི་སློབ་གྲྭ་ཆེན་མོ་ཁག་ཅིག་ལ་རོགས་སྐྱོར་གནང་བ་མ་ཟད།  གཞན་ད་དུང་སློབ་གྲྭ་ཁག་དང༌།  དྭ་ཕྲུག་ཉམ་ཐག    ལོ་ལོན་བདག་མེད། དབང་བོ་སྐྱོན་ཅན་སོགས་སྤྱི་ཚོགས་སྟེང་གི་འགྲོ་བ་གང་མང་ཞིག་ལ་ཟ་མ་དང༌།   དམངས་སྒོར10000འགའ་གནང་སྦྱིན་མཛད།  དེ་མིན་བྱ་མདོ་ཡུལ་ཚོ་དང༌། མགོ་མང་ཡུལ་ཚོ་སོགས་ཡུལ་ཚོ་ཁག་མང་བོས་གདན་འདྲེན་བྱས་པ་བཞིན་ཕེབས་གནང་མཛད་དེ་ས་གནས་སོ་སོའི་ཡུལ་ཚོའི་འགོ་ཁྲིད་དང༌།  ལས་བྱེད་མི་སྣ།  མཁས་པ་དང་སྡེ་དཔོན་དག་ལ་བྱམས་དང་སྙིང་རྗེའི་སྐོར་གྱི་སློབ་གསོ་དང༌།  མི་རིགས་ལ་ཕན་པའི་སློབ་གསོ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་གཞན་ཕན་གྱི་སློབ་གསོ་གང་མང་གནང་བས་མཁས་པའི་མཚན་སྙན་འབར། 
         ལོ་འདིའི་ཟླ7པའི་ནང་རྗེ་དགེ་འདུན་མཚན་ཅན་ལས།  འདུལ་འཛིན་གྱི་གཞི་གསུམ་ཆོ་གའི་ལུང་དང༌།  དྲང་ངེ་ལེགས་བཤད་སྙིང་བོའི་ཞལ་ལུང་བཅས་ཐོབ།  2003ལོའི་བོད་ཟླ9བར་ལོ་བ་ཞོལ་མ་རུ་ལཱ་ལོ་ཡོངས་འཛིན་རིན་པོ་ཆེ་ལས་དཔལ་དུས་ཀྱི་འཁོར་ལོའི་དབང་དང༌།  གདུགས་དཀར་གྱི་དབང༌།    ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་སོགས་ཐོབ།   ལོ་འདིའི་ཟླ9བའི་ཚེས22ཉིན་ཨ་ཚོགས་དགོན་དུ་སྐུ་འབུམ་དགེ་བཤེས་སྤྲུལ་སྐུ་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ་རུ་ཁོང་ཉིད་ཀྱིས་ཆོས་འཁོར་གྱི་རྟགས་གསལ་བཏང་བས་བཀྲ་ཤིས་པའི་དགེ་མཚན་ཕྱོགས་ཀུན་ཏུ་ཁྱབ། གཞན་ཡང་ལོ་འདིའི་ཟླ12བའི་ནང་རྒན་སྨོན་ལམ་མཚན་ཅན་ལས་རྗེ་ཤེས་རབ་རྒྱ་མཚོའི་གསུང་གྲས་ཀྱི་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང༌།  ལྗགས་བྱིན་རླབས་ཀྱི་བཤད་ཁྲིད་དང༌།  རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་སོགས་ཐོབ།  སྤྱི་ལོ2005ལོའི་ཟླ4བའི་ཚེས21ཉིན་ཁོང་གི་ཐུགས་སྨོན་བཞིན་དུ།   ཁུལ་དང༌།  རྫོང་མི་དམངས་སྲིད་གཞུང་རྒྱུན་ལས་གྲོས་ཚོགས་ཀྱི་ཟིན་བྲིས་གནད་བསྡུས་ལས་ཆོག་མཆན་བཀོད་པ་བརྒྱུད་འབའ་ཚང་དུ༌།  ལས་རིགས་སོ་སོའི་འགོ་ཁྲིད་དང༌།  ཤེས་ལྡན་པ་དག་གི་ཐུགས་ཁུར་དང་རྒྱབ་སྐྱོར།  དད་ལྡན་དམངས་ཚོགས་ཡོངས་ཀྱི་རེ་འདུན་བཞིན་ཁོང་གིས་དཀའ་བ་བརྒྱ་ཕྲག་གིས་སློབ་གྲྭའི་ཁོར་ཡུག་དང༌།  སློབ་སྒྲུབ་མཁོ་ཆས།   སློབ་མའི་ཡོ་བྱད་སོགས་ལ་དམངས་སྒོར400000ལྷག་གི་མ་དངུལ་བཏང་སྟེ།  རྫོང་ཁག་སོ་སོ་དང༌།   ཡུལ་ཚོ། གྲོང་སོ་སོར་ཞབས་ཀྱིས་བཅགས་ནས་སློབ་མའི་གནས་ཚུལ་སོགས་ཕྱོགས་གང་ཅིའི་ཐད་ནས་རྒྱུས་ལོན་བྱས་ཏེ་སློབ་མ31བསྡུ་ལེན་བྱས་པ་དང༌།  དེར་མ་ཟད་དགེ་བཟོ་བ་གསུམ།  བདག་གཉེར་བ།  ཇ་མ་སོགས་སློབ་མཐར་བྱིན་ནས་བྱ་བར་མ་རེག་པར་ཡོད་པ་འགའ་ཡང་བསྡུ་ལེན་བྱས་ནས་དྭ་ཕྲུག་སློབ་གླིང་འཚོག་པའི་ཉེར་སྡོག་བརྩམས།  སྐབས་དེར་སློབ་གྲྭ་སྤྱིའི་འགྲོ་སོང་དམངས་སྒོར150000ཡས་མས་འདུག་ལ།  སྲིད་གཞུང་གིས་ཀྱང་ཞིང་ས་མུའུ200ལྷག་གིས་རྒྱབ་སྐྱོར་བྱས། 
         ལོ་འདིའི་ཟླ5བའི་ཚེས23ཉིན་ཁོང་ཉིད་ཀྱིས་ཀླུ་ཚང་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་དུ་གསེར་གྱི་ཁྲི་ལ་མངའ་གསོལ་བ་དང༌།  ཀླུ་ཚང་དགོན་གཞུང་དང༌།  ཆོས་རྗེ་རིན་པོ་ཆེ་ཚང་སོགས་དེར་བཞུགས་ཀྱི་བླ་མ་དགེ་འདུན་རྣམས་ཀྱིས་སྐུ་གསུང་ཐུགས་རྟེན་སོགས་ཀྱི་མཇལ་དར་ཕུལ་བ་དང༌།   ཁོང་ཉིད་ཀྱི་འཁྲུངས་ཡུལ་ཀླུ་དཔོན་ཚང་སོགས་ལྷ་སྡེ་རྣམས་ཀྱིས་ཁྲི་སྟོན་གྱི་རྣམ་པ་རྒྱས་པར་བཟུང་ཞིང༌།  སྐུ་གསུང་ཐུགས་རྟེན་དང་དངུལ་ནོར་གྱ་ནོམ་པའི་མཇལ་དར་ཕུལ།  དེ་མིན་ཁོང་ཉིད་ཀྱི་མ་ཡུམ་ཡུལ་ནས་ཀྱང་དད་ལྡན་སྐྱེ་བོ་རྣམས་ཀྱིས་མཐོ་ཞིང་ཡངས་པའི་བཞུགས་ཁྲི་རྒྱབ་ཡོལ་དང༌།  འབོལ་གདན།  སྐུ་གསུང་ཐུགས་རྟེན།  དངུལ་ནོར་སོགས་ཀྱི་འབུལ་བ་མཛད་དེ་ཕྱག་དབང་དང་ཞལ་མཇལ་ཞུས།  གཞན་ཡང་རུ་སྔུན་ཁག་གསུམ་དང༌།  མང་འབའ་བྱ་གསུམ།  རྩེ་ཁོག་དང་མགོ་ལོག་རྭ་རྒྱ་དགོན་པ་སོགས་ཀྱི་སྐྱ་སེར་མང་བོ།   ཀན་སུའུ་སོགས་ཀྱི་དགོན་པ་དང༌།  དད་ལྡན་དམངས་ཚོགས་མང་བོས་ཀྱང་སྐུ་གསུང་ཐུགས་རྟེན་སོགས་ཕུལ་ཏེ་ཞལ་མཇལ་བྱས།  དེའི་རྗེས་སྤྲུལ་སྐུ་རིན་པོ་ཆེ་ཕ་ཡུལ་བོན་བརྒྱར་ཞུས་ཏེ་གཞན་ལས་ཁྱད་དུ་འཕགས་པའི་ཆིབས་རྟ་དང༌།  ན་བཟའ།  དངུལ་ནོར་ལ་སོགས་ཀྱི་འབུལ་བ་མཛད་པ་དང༌།  དེ་བཞིན་དུ་ཕྱོགས་སོ་སོས་ཞུས་ཏེ་འབུལ་བ་མཛད་པ་སོགས་ཁོང་ཉིད་ཀྱི་རྣམ་ཐར་རྒྱས་པར་རྩོམ་བཞིན་པའི་ནང་དུ་གསལ།
         ལོ་འདིར་མི་ལོ་བཞི་བཅུར་སོན་པའི་སྐྱེས་པ་ཞིག་ལ་ནད་གཞི་ལྕི་མོ་ཞིག་ཕོག་སྟེ་ལུས་པོ་རུལ་སུངས་སུ་གྱུར་པ་དང༌།  རྐང་ལག་ཡོད་ཚད་ལ་འགུལ་སྤྱོད་ཀྱི་ནུས་པ་ཅུང་ཙམ་ཡང་མེད་ལ།  ད་དུང་རྐང་ལག་ཐམས་ཅད་ལ་སྦོམ་ཕྲ་ཤོར་ནས་འགྲོ་འདུག་མི་ཐུབ་པ་དང༌།  དེར་མ་ཟད།  ཐ་ན་རྩ་ཆུ་དང་ཁ་ལོ་འཁོར་སྤྱོད་ལའང་ནད་གཡོག་པས་ལྟ་རྟོགས་བྱེད་དགོས་པའི་ཚོད་དུ་འདུག  དེ་བས་ཁོ་རང་མཚོ་སྔོན་མི་དམངས་སྨན་ཁང་དང༌།  ཁུལ་དང་རྫོང་གི་སྨན་ཁང༌། ད་དུང་སྒེར་གཉེར་སྨན་ཁང་སོགས་སུ་ཁྱེར་ནས་སྔ་རྗེས་སུ་གློག་གིས་བརྟག་བྱེད་སྣ་ཚོགས་དང༌།  གསོ་རིག་ཆེད་མཁས་པ་མང་བོ་ཞིག་ལ་བསྟན་ཀྱང་ཕན་ཐོག་ཆེར་མ་བྱུང་བ་དང༌།  ཁོའི་ཁྱིམ་ཚང་གི་རྒྱུ་ནོར་དང༌།  གཉེན་ཉེ་སོགས་ཀྱི་རྒྱུ་ནོར་ལའང་གྱོང་གུད་ཆེན་པོ་བྱུང༌།  སྐབས་དེར་སྤྲུལ་སྐུ་མཆོག་གིས་ནད་པ་དེ་ཉིད་དགོན་པར་ཁྲིད་ཡོང་སྟེ་ཁྲུས་དང༌།  བཀའ་བསྒོ་སོགས་བོད་སྨན་ལ་བསྟེན་ནས་མཛད་པས་ཟླ་བ་གསུམ་བཞིའི་རིང་ཁོ་རང་སངས་དྲག་ཏུ་སོང༌། གཞན་ད་དུང་དབང་བོ་ཉམས་དམུས་སུ་གྱུར་པ།  ངག་གི་སྨྲ་བརྗོད་མི་ནུས་པ།  ལུས་ཕུང་རྣག་ཁྲག་གིས་ཟིན་པ།  ཚིག་མཚམས་གཡོ་འགུལ་མི་ཐུབ་པ་སོགས་ཀྱི་ནད་གཞི་ཕོག་པའི་ནད་པ་གང་མང་ཞིག་སྡུག་བསྔལ་ནད་ལས་བསྐྱབས་པ་དང༌།  ལྔ་སྐྱོང་ཁྱིམ་ཚང་དང་ནད་པ་བདག་མེད་ལ་སོགས་པར་དམངས་སྒོར་ཁྲི་ཕྲག་འགས་སྨན་སྦྱིན་མཛད་པས་རྒྱ་ཆེ་བའི་དད་ལྡན་དམངས་ཚོགས་ལ་ཡིད་ཆེས་བརྟན་པོ་ཐོབ།
         སྤྱི་ལོ2006ལོའི་ཟླ6པའི་ཚེས6ཉིན་ཞིང་ཆེན་དང༌ཁུལ།  རྫོང་རིམ་པས་ཆོག་མཆན་བཀོད་པ་བརྒྱུད་བྱམས་བརྩེ་ཤེས་རིག་དྭ་ཕྲུག་སློབ་གླིང་ཞེས་པ་འབའ་ཚང་དུ་གསར་དུ་བཙུགས་པ་དང༌།  ཉིན་དེར་ཞིང་ཆེན་དང༌ཁུལ།  རྫོང་སོགས་ཀྱི་འགོ་ཁྲིད་དང༌།  དགོན་སྡེ་དང༌།  ཕྱོགས་སོ་སོའི་སློབ་གསོ་བ།  ད་དུང་མི་དམངས་མང་ཚོགས་སོགས་མཉམ་དུ་འདུས་ཏེ་མཛད་སྒོའི་དགའ་སྟོན་ལ་རོལ་བ་དང༌།  མཚོ་སྔོན་བོད་སྐད་རྒྱང་སྒྲོག་ལས་ཁུངས་དག་དངོས་སུ་འབྱོར་ནས་ཁོང་ཉིད་དང༌།  འབྲེལ་ཡོད་མི་སྣ་སོགས་བརྙན་ཕབ་དང༌།  བཅར་འདྲི་བྱས་པ་སོགས་ཐད་གཏོང་དང༌།  རྒྱང་སྒྲོག་བྱས་པས་ལས་རིགས་ཁག་གི་འགོ་ཁྲིད་རྣམ་པ་དང༌།  ཕྱི་ནང་ཀུན་གྱི་ཤེས་ལྡན་པ་དག་གིས་དགའ་བསུ་དང་གདེང་འཇོག་ཆེན་པོ་གནང༌།  ཁོང་གིས་ལོ་འདིའི་ནང་སྔ་རྗེས་སུ་དགོན་པ་དང༌།  དད་ལྡན་དམངས་ཚོགས།  ཁྱིམ་ཚང་དབུལ་བོ་མང་བོ་ཞིག་གི་ཁྱིམ་དུ་སོང་ནས་རོགས་སྐྱོར་དང༌། སེམས་གསོ་གང་མང་གནང་སྟེ་འགྲོ་བའི་སྡུག་བསྔལ་ལ་སེམས་ཁུར་ཆེར་བཞེས་གནང༌།  དུས་འདིར་ཁོང་ཉིད་རྫོང་དང༌།  ཡུལ་ཚོ་རིམ་པའི་སློབ་གྲྭ་ཁག་ཏུ་ཕེབས་ཏེ་སློབ་ཡོན་མི་འདང་བའི་སློབ་མ་དང༌།  དབང་བོ་སྐྱོན་ཅན་གྱི་སློབ་མ།  ཕ་མ་དང་གཉེན་ཉེ་མེད་པའི་དྭ་ཕྲུག་སློབ་མ་མང་བོ་ཞིག་ལ་སློབ་ཡོན་དང༌།  གྱོན་པ།  ཟས་རིན་བཅས་ཀྱི་འགྲོ་སོང་མང་བོ་བཏང་ནས་འགྲོ་བ་དེ་དག་འཚོ་བའི་དཀའ་ངལ་ལས་ཐར་བར་བྱེད་པའི་མཐུན་རྐྱེན་སྦྱར།  ཁོང་གིས་གསུངས་རྒྱུར།  མི་ཞིག་ལ་མཚོན་ན་ནམ་ཡང་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་བྱེད་དགོས་པ་མ་ཟད།  ནམ་ཡང་བློ་མི་ཕམ་པར་ངལ་རྩོལ་དང་ཡིད་ཆེས་ཀྱིས་མདུན་དུ་བསྐྱོད་དགོས་པ་དང༌།  ཁྱོད་ཚོའི་མཐའ་འཁོར་ན་ནམ་ཡང་ང་རང་ཉིད་དང༌།  བླ་སྤྲུལ་སོ་སོ།  རྒྱལ་ཁབ་དང༌།  མི་དམངས་དུང་ཕྱུར་མང་བོས་ནམ་ཡང་ཁྱོད་ཚོ་ལ་བལྟས་ཡོད་ཅེས་གདམས་པ་དང༌།  དེ་མིན་ཁོང་གིས་རྒྱུན་དུ་གསུངས་རྒྱུར།  འགྲིག་མཐུན་གྱི་སྒོ་ནས་མང་ཚོགས་ལ་སྐུལ་སློང་དང༌།  དཔལ་འབྱོར་གོང་འཕེལ།  མི་རིགས་མཐུན་སྒྲིལ།  བྱིས་པ་སློབ་གྲྭར་སྐྱེལ་དགོས་པ་སོགས་ཀྱི་སློབ་གསོ་དང༌།  ལམ་སྟོན་གང་མང་གནང་བས་སྔོན་ཆད་འགལ་བར་གྱུར་པའི་སྡེ་བ་དང་ཁྱིམ་ཚང༌།  མི་སྒེར་མང་བོ་ཞིག་རིམ་གྱིས་འགྲིག་མཐུན་བྱུང་བ་ནི་རྗེ་འདིའི་བྱིན་མཐུར་ངེས་ཤིང༌། དེ་ནས་བཟུང་ས་ཕྱོགས་འདིའི་མི་རིགས་མཐུན་སྒྲིལ་དང༌།  སྤྱི་ཚོགས་བདེ་འཇགས་ཀྱི་ཐད་ལ་གྲུབ་འབྲས་མི་དམན་པ་ཞིག་བཞག་དང་འཇོག་བཞིན་མཆིས།  གཞན་ཡང་སུམ་མདོ་དང་མང་ར།  ཐར་ཤུལ་སོགས་ཡུལ་ཚོ་གསུམ་གྱི་སྡེ་བ་མང་བོ་གཙོས།  ཕྱོགས་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་དུད་ཁྱིམ་དང༌།  མི་སྒེར་མང་བོར་སྒོར་ཁྲི་ཕྲག་འགས་རོགས་སྐྱོར་མཛད་པ་མ་ཟད།  གོང་རིམ་ལ་སྙན་ཞུ་ཕུལ་ཏེ་དུད་ཁྱིམ་མང་བོ་ཞིག་གི་འཚོ་བའི་དཀའ་ངལ་སེལ་བར་བྱས་པས་ས་འདིའི་མང་ཚོགས་ཡོངས་ཀྱིས་དམ་པ་ཁོང་གི་མཛད་རྗེས་ལ་བསྔགས་བརྗོད་དང༌།  རྗེས་སུ་ཡི་རང་བྱེད་བཞིན་ཡོད།  ཁོང་ནི་རང་གི་མི་རིགས་དང་མི་དམངས་ལ་དགའ་བ་དང༌།  རང་གི་རྒྱལ་ཁབ་དང་རང་གི་ཕ་ཡུལ་ལའང་དགའ།   ཁོང་ཉིད་ཀྱིས་རྒྱུན་དུ་སྡེ་བ་སོ་སོའི་སྡེ་དཔོན་དང༌།  ཁྱིམ་བདག་སོ་སོར་བྱིས་པ་སློབ་གྲྭར་སྐྱེལ་དགོས་པ་དང༌། མ་འོངས་པར་རང་གི་མི་རིགས་དང་རྒྱལ་ཁབ།  ཡང་ན་རང་གི་ཕ་ཡུལ་ལ་ཕན་པའི་མི་བཟང་དོན་བཟང་གི་མི་སྣ་མང་བོ་སྐྱེད་སྲིང་བྱེད་དགོས་པ་དང༌།  མི་ཞིག་ལ་ཆ་མཚོན་ནས་བཤད་ན་ངེས་པར་དུ་ཡོན་ཏན་སྣ་མང་ལ་སྦྱངས་དགོས་པ་དང༌།  མི་ཞིག་ལ་ཡོན་ཏན་མེད་སོང་ན།  གཤོག་ཡ་མེད་པའི་བྱ་ཞིག་དང་ཀུན་ནས་མཚུངས་པས་ནམ་ཡང་སྤྱི་ཚོགས་དང༌།  དུས་རབས་ཀྱི་རྗེས་མི་ཆོད་པས།  ངེས་པར་དུ་སློབ་སྦྱོང་བཟང་བོ་བྱས་ཏེ་འབྲས་བུ་ཡག་པོ་ཐོབ་དགོས་པ་མ་ཟད།  ཡོན་ཏན་དེ་ཡང་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་རྨང་གཞི་དང་དེའི་སྟེང་དུ་རྒྱལ་ཁབ་གཞན་དང༌།  མི་རིགས་གཞན་གྱི་ཚན་རྩལ་དང་ཤེས་བྱ་ནང་འདྲེན་བྱེད་དགོས་པ་སོགས་རེ་རེ་བཞིན་དཔེར་བཀོད་དེ་ཁ་བརྡ་དང༌།  སློབ་གསོ་གནང་བས་ས་འདིའི་མང་ཚོགས་ཡོངས་ཀྱི་སེམས་ལ་ངེས་ཟིན་ཟབ་མོ་བཞག་ཡོད།
         སྤྱི་ལོ2007ལོའི་ཟླ3པའི་ནང་ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞལ་སྔར་འདུལ་བའི་མཐའ་དཔྱོད་འདུལ་སྡོམ་དང་སྦྲགས་པ།  དབུ་མ་ལུང་རིགས་སྒྲོན་མེ།  ཕར་ཕྱིན་མཐའ་དཔྱོད་མཆན་དང་སྦྲགས་པ།  དྲང་ངེ་ལེགས་བཤད་སྙིང་བོ་མཆན་སྦྲགས་མ།  བློ་རྟགས་ཀྱི་མཐའ་དཔྱོད།  མཛོད་མཐའ་དཔྱོད་མཛོད་བསྡུས་དང་སྦྲགས་པ།     བསེ་བསྡུས་གྲྭ་བཅས་ཀྱི་དཔེ་ཁྲིད་དང༌།  བྱང་ཆུབ་ལམ་རིམ་ཆེན་མོའི་ཞལ་ལུང༌།  ལམ་སྒྲོན་དང་འཇིགས་བྱེད་ཆོ་གའི་ལུང༌།  འཇམ་དབྱངས་གང་བློ་མ་དང༌།  དེ་ཉིད་ཞེ་དགུའི་ཆིངས།  རྗེ་གུང་ཐང་བས་མཛད་པའི་འཇམ་དཀར་བསྟོད་པ་བསྟོད་སྤྲིན་རྒྱ་མཚོ་བཅས་ཀྱི་ལུང་སོགས་ཐོབ།
         གཞན་ཡང་འབའ་ཚང་དུ་ཡོད་པའི་སློབ་གྲྭ་ནས་རྫོང་ཐོག་ཏུ་སྤྱི་ལེ30ལྷག་ཡོད་པས།  འགྲིམ་འགྲུལ་ཀྱང་ཧ་ཅང་སྟབས་བདེ་མིན་པ་དང༌།  སློབ་མ་ཕར་འགྲོ་ཚུར་སྐྱེལ་ལ་སོགས་པར་དཀའ་ཁག་མི་ཉུང་བ་ཞིག་གནས་པ།  རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་དང༌།  འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་རྣམ་པ་ཕེབས་ནས་གཟིགས་ཞིབ་གནང་རྒྱུར་དཀའ་ཚགས་ལྡན་པ།  ས་གནས་དེ་སྔོན་ཆད་བཙོན་ར་བྱས་པ་དང༌།  མིའི་བེམ་པོ་དུར་སྦས་བྱས་པ་མང་དྲགས་པས་ས་དེའི་མི་ལ་རྣམ་རྟོག་བགོས་ཡོད་པ་སོགས་སློབ་མ་ཚོས་གོ་ཐོས་བྱུང་ན།  ཁོ་ཚོའི་སེམས་ཁམས་མི་སྐྱིད་པ་དང༌།  ལུས་ཕུང་བདེ་འཇགས་མི་ཡོང་བའི་ཕྱིར་དང༌།  དེ་མིན་སློབ་གསོ་དང་དཔལ་འབྱོར། འཕྲོད་བསྟན་དང་མཐོང་ཐོས།  འཛུགས་བསྐྲུན་སོགས་ཕྱོགས་མང་བོ་མང་བོ་ཞིག་ལ་དམིགས་ནས་སློབ་གྲྭའི་ས་གནས་བརྗེ་སྤོར་བྱེད་པའི་སྦྱོར་བ་བརྩམས་པ་དང༌།  ལོ་འདིའི་ཟླ6པའི་ཚེས6ཉིན་མང་རྫོང་མཁར་གྱི་རིག་གནས་སྲང་ལམ་དུ་སྤྱིའི་རྒྱ་ཁྱོན་ལ་མུའུ2000ཡོད་པའི་གཞི་ས་དང༌།  ཁང་ལེབ་ཁང་མིག་ཉི་ཤུ་བཅས་ལ་མ་དངུལ་དམངས་སྒོར190000བཏང་ནས་ཉོས་པ་དང༌།  ལོ་འདིའི་ཟླ7པའི་ཚེས8ཉིན་འབའ་ཚང་དུ་ཡོད་པའི་སློབ་ཁང་དང༌།  གཞུང་སྒྲུབ་ཁང་སོགས་ས་གནས་དེའི་སློབ་གྲྭར་སྦྱིན་ཏེ་མང་རྫོང་དུ་དངོས་སུ་གནས་གཞི་སྤར།  སྐབས་དེར་ལས་བཟོ་བ་ལྔ་དང༌།  སློབ་མ་བཞི་བཅུ་བསྡུ་ལེན་བྱས།  ལོ་འདིར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཡོང་སྟེ་གཟའ་འཁོར་གཅིག་ཡས་མས་སུ་ཞག་སྡོད་བྱས་ཏེ་སློབ་གྲྭའི་གནས་ཚུལ་དང༌།  སློབ་མའི་བསམ་ཚུལ་སོགས་ལ་བཅར་འདྲི་བྱས་ཏེ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཆེད་ལས་ལེ་ཚན་ཞིག་བཀོད་སྒྲིག་བྱས་ནས་སློབ་གྲྭ་ཁྱབ་བསྒྲགས་དང༌།   སློབ་གྲྭའི་འདྲ་པར་སྟེང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་རྟགས་མཚན་ཀྱང་བཀོད།
         སྤྱི་ལོ2008ནས2011ལོའི་བར་སློབ་གྲྭའི་ཁོར་ཡུག  སློབ་སྒྲུབ་ཐོག་ཁང་བཞི་བརྩེགས་ཁང་མིག་ཉེར་བརྒྱད་ཅན།  ཁང་ལེབ་ཁང་མིག་ཉི་ཤུ   དེའི་ནང་དཔེ་མཛོད་ཁང་དང༌།  གློག་ཀླད་ཁང༌།  སློབ་སྒྲུབ་ཁང༌།  གཞུང་ལས་ཁང༌།    གསོལ་སྒྲུབ་ཁང༌།  ཉལ་ཁང༌།  ཚོགས་འདུ་ཁང༌།  ཚོང་གཉེར་ཁང་སོགས་གསར་བསྐྲུན་བྱས་པ་དང༌། ལོ་འདིའི་ནང་དམངས་སྒོར་བྱེ་ཆེན་གཉིས་ལྷག་གི་མ་དངུལ་བཏང༌། 
         དེ་མིན2000ལོ་ནས2011ལོའི་བར་འཇར་པན་དང༌།  ཨ་མེ་རི་ཀ  མ་ལེ་ཞི་ཡ།  ཞང་ཀང༌།  ཐེ་ཝན་སོགས་ཕྱི་ཕྱོགས་ཀྱི་ཁེ་ལས་པ་མང་བོ་ཡོང་སྟེ་བྱམས་བརྩེ་ཤེས་རིག་དྭ་ཕྲུག་སློབ་གྲྭར་གཟིགས་སྐྱོང་གནང་བ་དང༌།  དེ་གཞན་རང་རྒྱལ་གྱི་པེ་ཅིན་དང༌།  ཧྲང་ཧེ།  ཧྲིན་ཀྲིན།  ཧང་ཀྲིག  ཞ་མེན།     ཉིན་པོ།  ཅང་སུའུ།  ཞེའུ་ཨན་སོགས་ཀྱི་སྦྱིན་བདག་མང་བོ་ཕེབས་ཏེ་རོགས་སྐྱོར་གང་ལེགས་གནང་བ་མ་ཟད།  རང་རེའི་ཞིང་ཆེན་དང༌ཁུལ། རྫོང་རིམ་པས་ཏང་སྲིད་འགོ་ཁྲིད་རྣམས་ཀྱིས་ཀྱང་སྔ་རྗེས་སུ་རོགས་སྐྱོར་དང༌ཐུགས་ཁུར་རྒྱ་ཆེན་གནང༌། 
         སྤྱི་ལོ2009ལོར་ཁོང་ཉིད་ཀྱིས་རི་ཆུང་རྡོ་རྗེ་བདུད་འདུལ་གྱི་དཔལ་མཁར་བསྐྱར་བསྟོད་བྱེད་པའི་ཉེར་སྡོག་བརྩམས་པ་དང༌།  2007ལོར་ཨ་ལགས་ཆོས་རྗེ་རིན་པོ་ཆེ་ལ་རི་ཆུང་ལབ་ཙེའི་གནས་བབས་ཞུས་པ་ན།  ཁོང་གིས་རྗེས་ཕྱོགས་རྒྱལ་ཁབ་ཀྱི་སྤྱི་ལམ་འདིས་ལབ་ཙེ་ལ་གནོད་པས།  ལབ་ཙེ་གནས་འདིར་སྤོར་དགོས་ཞེས་ཕྱག་རྟེན་ས་ལ་བཙུགས་པ་དེར་ཁོང་ཚོས་རྡོ་དཀར་མང་བོ་ས་འོག་ཏུ་བླུགས་ནས་ས་རྟགས་བརྒྱབ།  རྗེས་ནས2009ལོའི་ཟླ1པོའི་ཚེས15ཉིན་ཁོང་གིས་ཨ་ལགས་ལྕང་སྐྱ་རིན་པོ་ཆེ་ལ་མཇལ་ཁ་ཞུས་པ་དང༌།  ལབ་ཙེ་བསྐྱར་བསྟོད་བྱེད་པའི་གནས་ཚུལ་ཞུས་པ་ན།  ཁོང་གིས་ངས་ཨ་མྱེས་རི་ཆུང་ངོ་ལོས་ཤེས་ཞེས་གསུངས་ནས་ཨ་མྱེས་རི་ཆུང་ལ་བསང་མཆོད་ཤོ་ལོ་ཀ་ཞིག་གསུང་བ་དང༌།  དེའི་རྗེས་ཨ་ལགས་སྤོས་མདུད་ཚང་ལ་ཞུས་པ་ན་ཁོང་གིས་དགེ་བཤེས་ཤིག་ལ་ཞུས་ན་བཟང་བ་སོགས་གསུངས།  དེ་བཞིན་དུ་ཁོང་གིས་དགེ་རྒན་རིན་པོ་ཆེ་ཨ་ཁུ་དཔལ་ལྡན་ཚང་ལ་ཞུས་པ་ན།  ཁོང་གིས་ད་ལྟའི་ལབ་ཙེ་བཞུགས་པའི་ས་དབྱིབས་དང༌།   ངག་རྒྱུན་སོགས་ཁྱེར་ཤོག་ཅེས་ཐུགས་སྨོན་གནང་བ་བཞིན་བསྒྲུབས། སྐབས་དེར་ཁོང་ཉིད་སྐུ་འབུམ་དུ་བཞུགས་ཡོད་པ་དང༌།  སྤྲུལ་སྐུ་ཚང་སོགས་ཀྱིས་ཀུན་འཁྱེན་འཇིགས་མེད་དབང་བོའི་གསུང་འབུམ་ན་ཨ་མྱེས་རི་ཆུང་གི་བསང་ཡིག་ཅིག་ཡོད་པ་ཐོས་མོད།  ལག་ཏུ་མ་ཚུད་ཅེས་ཞུས་པ་དང༌།  ཕྱི་ཉིན་ཁོང་གིས་ཁྱེད་ཚོས་མ་རྙེད་པ་ངས་རྙེད་འདུག་ཅེས་ཞལ་རྩེད་གནང་བཞིན་གསུང་དེ་བསྩལ།  དེ་ནས་ཁོང་གིས་ཨ་མྱེས་རི་ཆུང་གི་མཚན་དང་ཕྱག་མཚན།  ཆ་ལུགས།  ཆིབས་རྟ།  སྐུ་མདོག  བཞུགས་སྟངས།   ཡུམ་སྲས་སོགས་གསལ་བར་གསུངས་པ་དང༌།  ཁོང་གི་ཐུགས་བཀོད་བཞིན་སྤྲུལ་སྐུ་རིན་པོ་ཆེས་ལེགས་པར་གྲུབ་པ་དང༌།  རྒྱས་པར་རྩོམ་པ་རྣམ་ཐར་དུ་གསལ།
         ལོ་འདི་འགའི་སྔ་རྗེས་སུ་ཁོང་ཉིད་རང་རྒྱལ་གྱི་རྒྱ་ནང་དུ་ཐེངས་མང་ཕེབས་པ་དང༌། ཁྱད་པར་དུ་ཞ་མེན་གྲོང་ཁྱེར་དུ་ཕེབས་ནས་ཐུགས་བརྩེ་བའི་སྦྱིན་བདག་ལེན་ལགས་ཀྱིས་ས་དེའི་དགྲ་བཅོམ་གནས་རི་ཞེས་པའི་རི་དེ་ཉོས་པ་དང༌།  རྗེས་སུ་ས་དེ་རུ་དགྲ་བཅོམ་པ་ལྔ་བརྒྱ་རྡོ་སྐུ་ལུས་ཚད་རེ་དང༌།  རྗེ་བཙུན་བྱམས་པའི་ལྷ་ཁང་།  ཐུགས་རྗེ་ཆེན་པོའི་ལྷ་ཁང༌།  བྱམས་བརྩེ་མཆོད་རྟེན་སོགས་བཞེངས་པ་ལ། གཟུངས་གཞུག་དང་རབ་གནས་བཅས་ཀྱི་མཛད་སྒོ་དང༌།  ཆོས་སྤྱོད་ཀྱི་བྱ་བ་མང་བོ་སྤེལ།  གཞན་ཡང་ས་དེའི་ནད་པ་ཉམས་ཐག་དང༌།  སྨྱོ་ལྐུག་རྒན་གཞོན་སོགས་ཀྱི་ནད་གདོན་འགལ་རྐྱེན་མང་བོ་སེལ་བ་དང༌།  སྲོག་ཆགས་ཉ་དང་འདབ་ཆགས་སོགས་དམངས་སྒོར150000ཡས་མས་ཀྱིས་ཉོས་ཏེ་ཚེ་ཐར་བཏང་།  ད་དུང་ཡར་དཀོན་མཆོག་ལ་མཆོད་པ་དང༌།  མར་དབུལ་ཕོངས་ལ་སྦྱིན་པའི་ཚུལ་དུ་ས་དེ་གའི་མང་ཚོགས་ཀྱི་འདོད་མོས་བཞིན་དམངས་སྒོར་ཁྲི་ཕྲག་འགས་བསང་དང་ཚ་གསུར་ལོ་རེའི་དུས་ཆེན་འགར་གཏོང་བཞིན་ཡོད།
         སྤྱི་ལོ2010ལོའི་ཟླ4བའི་ཚེས14ཉིན་ཡུལ་ཤུལ་སྐྱེ་དགུ་གྲོལ་རྡལ་དུ་ས་འགུལ་གྱིས་གནོད་རྐྱེན་ཚབ་ཆེན་ཐེབས།  སྐབས་དེར་ཁོང་ཉིད་གནའ་མཁར་ཟི་ལིང་དུ་བཞུགས་ཡོད།  སྔ་མོའི་དུས་ཚོད་བརྒྱད་ཡས་མས་སུ་གསར་འགྱུར་ལས་མཐོང་བ་དང༌།  གྲོགས་པོ་འགས་ཁ་པར་བཏངས་པ་ལས་གསལ་བར་རྟོགས།  ཡ་ང་བའི་དོན་རྐྱེན་འདི་ཐོས་མ་ཐག་ཁོང་ཉིད་ཀྱི་ཐུགས་ལ་གནོན་མི་ཐུབ་པའི་སྐྱོ་སྣང་ཞིག་དང༌།  སྨྲ་མི་ཚར་བའི་གནས་ཚུལ་མང་བོ་ཞིག་ཤར་བ་དང་ཆབས་ཅིག  སྤྱན་ཆབ་དབང་མེད་བསིལ།  ཁོང་ཉིད་ཀྱིས་བློས་ཐུབ་ཀྱི་གྲོགས་པོ་དང༌།  སྦྱིན་བདག་དག་ལ་ཁ་པར་བཏང་སྟེ་དེང་སྐབས་ས་གནས་དེའི་མང་ཚོགས་ལ་མཁོ་བ་ནི་སྒོར་མོ་རྐྱང་རྐྱང་མ་ཡིན་པར།  ཟ་མ་དང༌།  མགོ་སྦྲ།  གྱོན་ཆས་སོགས་ཡིན་པ་གྲོས་མོལ་བྱས་རྗེས།  དམངས་སྒོར་དྲུག་ཁྲི་ཡས་མས་ཀྱིས་ཟ་མ་དང༌།  དངོས་རྫས་ཉོས་པ་དང།  དམངས་སྒོར་ལྔ་ཁྲི་ཕྱག་ཏུ་བཟུང་ནས་ཟླ4བའི་ཚེས16ཉིན་གྱི་སྔ་དྲོར་ལམ་ལ་ཆས་ཏེ་དགུང་མོའི་དུས་ཚོད12སྟེང་ཕལ་ཆེར་སྐྱེ་དགུ་ལ་སྤྱི་ལེ80ལྷག་ཡོད་པའི་ལམ་སྐབས་སུ་ཐོན།  ས་མཚམས་དེ་རུ་ཐེན་ཅན་ནས་ཡོང་བའི་རླངས་འཁོར་ཞིག་ལ་དོན་རྐྱེན་བྱུང་ཡོད་པ་མཐོང་བས་ཁོ་ཚོས་མི་གཉིས་རླངས་འཁོར་གྱི་དྲ་མའི་ནང་བླངས་ཤིང༌།  མི་གཅིག་ལམ་ཐོག་ཏུ་ཡོད་པ་མྱུར་སྐྱོབ་བྱས་པ་དང༌།   རླངས་འཁོར་ལམ་ཐོག་ཏུ་བླངས།  དེ་ནས་ཁོ་ཚོ་དང་དངོས་པོ་སོགས་ཁོང་ཉིད་ཀྱི་རླངས་འཁོར་ནང་བརྫངས་ནས་ལམ་ལ་ཆས།  ཁོ་ཚོས་བཤད་རྒྱུར།  ང་ཚོའི་གཉེན་ཉེ་ཚོར་ས་འགུལ་ལས་གནོད་རྐྱེན་ཐེབས་ཡོད། ཁ་ལོ་བ་གཅིག་པུས་དུས་ཚོད36ལ་མ་གཉིད་པར་རླངས་འཁོར་བསྐོར་བས་དོན་རྐྱེན་འདི་བྱུང་སོང༌།  སྟབས་ལེགས་པ་ཞིག་ལ་ཁྱེད་ཚོས་ང་ཚོ་སྲོག་ཉེན་ལས་བསྐྱབས་པ་ཐུགས་རྗེ་ཆེ་ཞུ་བཞིན་ངུ་ངག་དང་བཅས་སྐྱབས་འཇུག་ཡང་ཡང་ཞུས།   ཕྱི་ཉིན་ཞོགས་པའི་དུས་སུ་སྐྱེ་དགུའི་རྒྱ་ནག་མ་ཎིའི་མདུན་དུ་ཕེབས་པ་ན།  མི་ཚོགས་ནི་གྲོག་ཚང་ཁ་ཕྱེས་པ་བཞིན་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ཡོད་ལ།  ལ་ལས་སྐོམ་ཆུ་འགའ་རེ་ཁྱེར་ནས་འགྲོ་བ་དང༌།  ལ་ལས་ཧུབ་སྐམ་འགའ་རེ་ཁྱེར་ནས་འགྲོ་བ་སོགས་མཐོང་བས།  ཁོང་ཉིད་ཀྱིས།  གནས་འདི་རུ་ཆུ་དང་ཧུབ་སྐམ་ལས་ཐོན་མེད་པར་གཞིག་ན།  རུ་སྡེ་སོ་སོར་ད་དུང་ཅི་ཡང་ཐོན་མེད་པ་ཐག་གིས་ཆོད་གསུངས་ནས།  ཁོ་ཚོ་སྐྱེ་དགུ་ནས་སྤྱི་ལེ70ཡས་མས་སུ་ཡོད་པའི་རོང་བོ་གྲོང་རྡལ་དུ་ཕེབས།  གྲོང་རྡལ་དེ་རུ་ཚོ་ཆུང21ཡོད་ལ།  མི་གྲངས8800ཡོད།    དེའི་ནང་རྨས་སྐྱོན་ཚབས་ཆེན་ཐེབས་པ250དང༌།  ཤི་རྨས་ཐེབས་པ50ཡོད།  ཁོ་ཚོས་བཤད་རྒྱུར་ང་ཚོའི་ས་འདིར་རོགས་སྐྱོར་བྱེད་མི་ཡོང་བ་ད་སྔ་ཁྱེད་ཚོ་ཡིན་ལ།  ཨ་མདོ་བཀའ་དྲིན་ཆེ།  ང་ཚོ་ནི་འབྲོག་པ་ཡིན་པས་ཟ་རྒྱུ་ཤ་མར་དང་འོ་ཞོ་ཡིན།  ད་ལྟ་ང་ཚོས་ཅི་ཞིག་བཟའ་རྒྱུ་ཡིན་ཞེས་རྒན་དར་གཞོན་གསུམ་སོགས་ལག་མགོར་འཇུས་ནས་ངུ་ངག་འདོན་པ་དང༌། མིག་ནས་མཆི་མ་བཞུར།  ཁོང་གིས་གསུང་རྒྱུར།  རང་བྱུང་གནོད་འཚེ་ལ་གཞོལ་ཐབས་མེད།   ཁྱོད་ཚོས་སྡུག་བསྔལ་མ་བྱེད།  མིག་ཆུ་མ་འདོན།  འུ་ཅག་གི་མདོ་དབུས་ཁམས་གསུམ་དབུལ་ཕོངས་སུ་མ་སོང་ན་ཁྱོད་ཚོ་སྐྱོབ་ངེས་ཡིན་ཞེས་བློ་སྤོབས་བསྩལ་པ་དང༌།  སེམས་གསོ་བྱས།  དེ་ནས་ཟ་མ་ཕྱེད་ཀ་དང༌།  དམངས་སྒོར20000དམངས་ཚོགས་ཀྱི་འཚོ་བའི་ཁ་གསབ་ཏུ་ཙམ་དུ་གནང་ནས་ཕྱིར་སྐྱེ་དགུ་རུ་ཕེབས་པ་ན།  རླངས་འཁོར་ཆུང་ཆུང་ཞིག་གིས་འབོད་བརྡ་གཏོང་བཞིན་མདུན་དུ་བསྡད་བྱུང༌། ཁོང་ཉིད་ས་ལ་བབས་པ་ན།  རླངས་འཁོར་ལས་ལོ་ན་ལྔ་བཅུ་ཡས་མས་ཀྱི་གྲྭ་བ་རྒན་པ་གཉིས་ཡོང་ནས་ཨ་མདོ་བླ་མ་ཐུགས་རྗེ་ཆེ།  ངེད་གཉིས་ཀྱི་ཨ་མའི་བེམ་པོ་དང༌།  བེམ་པོ་བདག་མེད་ཞིག་ངའི་རླངས་འཁོར་ནང་དུ་ཡོད་པས།  སྨོན་ལམ་ཞིག་གསུང་རོགས་གནོངས་ཟེར་ནས་ཕྱག་འཚལ་བ་དང༌།  ངུ་ངག་འདོན་བཞིན་ཞུས་པ་ལྟར་ཁོང་གིས་སྨོན་ལམ་གསུངས།  གཞན་རྒན་མོ་ལོ་བདུན་ཅུ་ཡས་མས་ཅན་ཞིག་གིས་ངུ་ངག་འདོན་བཞིན་ཁྱི་རྒན་ཞིག་ཁྲིད་ནས་འགྲོ་བ་ལ།  ཁོང་གིས་ཟ་མ་དང་སྒོར་སུམ་བརྒྱ་ཁྱེར་ནས་ཁོ་མོར་བྱིན་པ་ན།  མོ་རང་གིས་བཤད་རྒྱུར།  ངེད་ཚང་གི་བཟའ་མི་ཚང་མ་བསད་ཚར་སོང༌།  ད་ལྟ་ཁྱི་རྒན་ངེད་གཉིས་ཀྱི་ལས་དབང་རྩོག་པས་འཇིག་རྟེན་འདིར་ལུས་ཡོད་ཟེར་ནས་ཐེངས་འགར་བརྒྱལ་སོང་བ་སོགས་མཐོང་བས་ཁོང་ཉིད་ཀྱི་ཐུགས་སེམས་ཧ་ཅང་སྐྱོ་སོང༌།  དེ་མིན་ཁྲ་མགུ་དགོན་པ་དང༌།  སྡེ་བ་ཁ་ཤས་སུ་སོང་སྟེ་ཟ་མ་དང་དམངས་སྒོར་བཞི་ཁྲི་ལྷག་གི་རོགས་སྐྱོར་བྱས་པ་དང༌།  རྒྱས་པར་རྩོམ་བཞིན་པའི་རྣམ་ཐར་ནང་གསལ་ལོ།  །
         ལོ་འདིའི་ཟླ5བའི་ནང་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ལས།    སྔགས་རིམ་ཆེན་མོའི་ཞལ་ལུང༌།  རྡོར་སེམས་སྒོམ་བཟླས་ཀྱི་བཟླས་ལུང༌།  མ་ཎི་དང་ཨ་ར་པ་ཙ།  ཕྱག་རྡོར་གྱི་གཟུངས།  འོད་ཟེར་ཅན་མའི་གཟུངས་སྔགས་ཀྱི་ལུང་བཅས་ཐོབ།  ཡང་རྗེ་འདི་ཉིད་ལས།  རྐང་བརྒྱད་བསྟོད་པ།  སྨན་ཆོག་ཐུང་ངུ༌།  འཇིགས་བྱེད་ཆོ་གའི་ལུང༌།  དེ་ལྟར་ཁྲོ་བོ་མ།  དམ་ཚིག་རྡོ་རྗེ་བཟླས་པའི་ལུང༌།  འཁོར་ཆེན་གྱི་གཟུངས།  དགའ་ལྡན་ལྷ་བརྒྱ་མའི་ལུང༌།  ཀུན་མཁྱེན་འཁྲུངས་རབས་རིམ་བྱོན་གྱི་སྐུ་བསྟོད་སོགས་ཀྱི་ལུང་སོགས་ཐོབ།  གཞན་ཡང་རྗེ་འདི་ཉིད་ལས།  དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་སྟ་གོན་དང་བཅས་པ། ལམ་གཙོའི་ཁྲིད།  རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་སོགས་གུང་ཐང་མཆོག་སྤྲུལ་རིན་པོ་ཆེ་ལ་ཐོག་མའི་དབང་བསྐུར་དུ་གནང་བ་རྗེ་དང་ལྷན་དུ་བཀྲ་ཤིས་འཁྱིལ་གྱི་གུང་ཐང་བླ་བྲང་ནས་ཐོབ།
         སྤྱི་ལོ2011ལོར་ཁོང་ཉིད་ཅང་སུའུའི་ནན་ཅན་དུ་ཕེབས་ཏེ་སྔོན་ཆད་འཇར་པན་གྱིས་དྲག་གནོན་བྱས་ཏེ་ནན་ཅན་མི་དམངས་ཁྲི་ཕྲག་སུམ་ཅུའི་ཚེ་སྲོག་འཕྲོག་པ་དང༌།   དུར་སྦས་བྱས་པའི་ས་དེ་རུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་ལྟར་ཚེ་འདས་རྣམས་ལ་བསྔོ་བ་སྨོན་ལམ་ཡང་དག་བྱས་བས། ས་དེའི་དམངས་ཚོགས་ཀྱིས་བཤད་རྒྱུར།  དུར་ཁྲོད་འདི་རུ་རྒྱལ་ཁབ་སོ་སོའི་ཆོས་ལུགས་མི་སྣ་མང་བོ་ཕེབས་ཏེ་ཉམ་ཐག་ཚེ་འདས་རྣམས་ལ་བསྔོ་བ་དང༌།  སྨོན་ལམ་གང་མང་བཏབ་མྱོང་མོད། འོན་ཀྱང༌།  སྤྲུལ་སྐུ་ཁྱེད་ཉིད་ནི།  ཡུལ་འདི་རུ་བོད་བརྒྱུད་ནང་བསྟན་ལྟར་སྨོན་ལམ་གནང་མཁན་ཐོག་མ་ཡིན།  ལོ་རེ་རེའི་སྤྱི་ཟླ12པའི་ཚེས23ཉིན་དུས་མཆོད་ཀྱི་ཉི་མ་ཡིན་པས།  ད་ལོ་ནས་བཟུང་ང་ཚོས་ཁྱེད་ལ་གདན་འདྲེན་ཞུ་ཡིག་བསྐུར་ཏེ་ཁྱེད་ཉིད་ཕེབས་པར་དགའ་བསུ་ཞུ་ཞེས་ས་དེ་གའི་འགོ་ཁྲིད་རྣམ་པས་རེ་བ་བཏོན་པ་དང༌།  ད་ལོར་ཁྱེད་ཉིད་ནན་ཅན་གྲོང་ཁྱེར་དུ་ཕེབས་པ་ནི་ནན་ཅན་མི་དམངས་ཀྱི་བསོད་ནམས་ཡིན་པས།  རྗེས་ཕྱོགས་ཀྱང་ས་གནས་འདི་རུ་བཀྲ་ཤིས་པའི་དགེ་མཚན་མང་བོ་ཞིག་ཁྱེར་ནས་ཕེབས་རྒྱུ་ལ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་ཟེར།    དུར་ཁྲོད་འདིའི་རྣམ་པ་ཆེད་ལས་པས་སྔོགས་འདོན་བྱས་པས་རིམ་པ་བདུན་ད་ལྟ་གསལ་བར་མཐོང་ཐུབ་པ་དང༌། བལྟས་པ་ཙམ་གྱིས་ཡིད་སྐྱོ་བའི་གནས་སུ་འདུག་པར་གསུང༌།  ལོ་འདིར་བླ་བྲང་ཨ་ཁུ་དཔལ་ལྡན་རིན་པོ་ཆེ་ཚང་གིས་བྱམས་བརྩེ་ལེགས་བཤད་དགའ་ཚལ་ཞེས་མིང་བཏགས་པའི་དཔེ་མཛོད་ཁང་དུ་རྒྱལ་བའི་བཀའ་བསྟན་དང༌།  རྗེ་ཙོང་ཁ་བ་ཡབ་སྲས་ཀྱི་གསུང་འབུམ།  ས་སྐྱ་གོང་མ་རྣམ་ལྔ་དང༌།  ཀློང་ཆེན་རབ་འབྱམས་པ།  རྒྱལ་དབང་ལྔ་བ་སོགས་ས་དགེ་རྙིང་གསུམ་གྱི་མཁས་པ་མང་བོའི་གསུང་འབུམ་སོགས་མདོ་དབུས་ཁམས་གསུམ་སོགས་སུ་ཕེབས་ནས་བསྡུ་སྒྲིག་བྱས་ཏེ་དམངས་སྒོར་ཆིག་འབུམ་ལྔ་ཁྲི་ལྷག་གིས་བླུས་པའི་གླེགས་བམ་མང་བོ་བཞུགས་པ་དང༌།  ད་དུང་རྒྱ་དཔེ་གྲགས་ཅན་མང་བོ་ལན་ཀྲིག་སོགས་ནས་བསྡུ་སྒྲིག་མཛད་པ་དང༌།  དམངས་སྒོར་ལྔ་ཁྲི་ཡས་མས་ཀྱི་མ་དངུལ་བཏང༌།  ད་ལྟར་ཆོས་དཔེ་མང་བོ་བསྡུ་སྒྲིག་བྱེད་བཞིན་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ལོ་ཙཱ་བ་སོགས་ཀྱི་ཐང་ག་དང་འབག་སྐུ་སོགས་བཞེངས་རྒྱུའི་སྟ་གོན་བྱེད་བཞིན་ཡོད་ལ།   རྒྱས་པར་དཔེ་མཛོད་དཀར་ཆག་ནང་གསལ།
         ཁོང་གིས་རྒྱུན་པར་གསུང་རྒྱུར།  ད་ལྟའི་སྤྱི་ཚོགས་གསར་བའི་ནང་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱ་བའི་རྨང་གཞིའི་སྟེང༌།  དབུལ་ཕོངས་ས་ཁུལ་ལ་རོགས་སྐྱོར་བྱེད་པ་དང༌།  དབང་བོ་སྐྱོན་ཅན་དང༌། བདག་མེད་རྒན་གཞོན་དག་ལ་ཞབས་ཞུ་སྒྲུབ་པ་བཅས་བྱ་རྒྱུ་ནི་གནད་དུ་བཟུང་སྟེ།  འདྲ་མཉམ་གྱི་ཁོར་ཡུག་དང༌།  འདྲ་མཉམ་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་ཡིན་ལ།  དེ་བས་ང་རང་ ཉིད་ཀྱི་བསམ་ཚུལ་ཡིན་ན།  ང་ཚོའི་ཁོར་ཡུག་འདི་རུ་ཕོ་མོ་དབང་མཉམ་དང༌།  མི་རིགས་འདྲ་མཉམ་གྱི་རྣམ་པ་གསར་བ་ཞིག་ཤར་ཡོད་ན་ཡང༌།  ད་དུང་འདྲ་མཉམ་མིན་པའི་སྣང་ཚུལ་སྐོར་ཞིག་ཀྱང་ལུས་ཡོད་དེ།  དེ་ནི་ཕ་མའི་བརྩེ་སེམས་ཀྱི་དྲོད་ཁོལ་མྱོང་བའི་སྐལ་བ་མ་ལྡན་པ་དང༌།  འདྲ་མཉམ་བྱིས་པའི་ཁྲོད་དུ་འདྲ་མཉམ་སྤྱི་ཚོགས་ཀྱི་ཐོབ་ཐང་ལ་རེག་པའི་གསོན་ཤུགས་མེད་པ་དང༌། འདྲ་མཉམ་གྱི་ཤེས་བྱའི་རོ་བཅུད་མངར་མོའམ་སློབ་གསོའི་བྲོ་བ་མྱོང་ཐུབ་མེད་པའི་དྭ་ཕྲུག་འདི་དག་རེད།  ང་ཚོས་ཐོག་མར་ཆེས་དམའ་སར་ལུས་པའི་ཕ་མེད་མ་མེད་ཀྱི་དྭ་ཕྲུག་དག་ལ་གཅེས་སྐྱོང་དང༌།  སྐྱེད་སྲིང་བྱས་ན་ད་གཟོད་ཁོ་ཚོའི་སེམས་ཤུགས་གསོ་ཐུབ་པ་དང༌།  ལུས་ཕུང་བདེ་ཐང་ཡོང་བ། སློབ་གསོ་དང༌།  སྤྱོད་ལམ་ལ་སོགས་པ་འདྲ་མཉམ་ཡོང་ཐུབ་པ་མ་ཟད།  གནས་ཚུལ་སྡུག་པོ་དེ་ལ་བརྟེན་ནས།   སྤྱི་ཚོགས་ལ་མཁོ་བ་དང༌།  རྒྱལ་ཁབ་ལ་མཁོ་བ༌།  མི་རིགས་ལ་མཁོ་བ་བཅས་ཀྱི་ནུས་ལྡན་མི་སྣས་ཀྱང་བྱམས་སེམས་རྙེད་ཐུབ།  སྐྱེ་འཆི་ལ་རང་དབང་མེད་ན་ཡང༌།  འཇིག་རྟེན་སྟེང་གི་དྲིན་ཅན་ཕ་མ་དག་གིས་རང་གི་ཤ་ལས་ཆད་པའི་གཅེར་ཕྲུག་འདོར་མི་འདོད་ལ།  བུ་ཕྲུག་གིས་ཀྱང་རང་ཉིད་རྟེན་ས་དང་འཁོར་ས་མེད་པའི་བྱིས་པ་ཞིག་ཏུ་འགྱུར་འདོད་གཏན་ནས་མེད།  དེ་བས་ངའི་མི་ལོ་སུམ་བཅུའི་དཀའ་སྡུག་གི་འཚོ་བ་དང༌།  ཀྱག་ཀྱོག་གི་ལོ་ཟླ་རེ་རེ་ཕྲག་ཏུ་ཁུར་ཏེ་དབུལ་ཕོངས་དང༌།  མཐོ་དམའ་མེད་པའི་གོ་རིམ་ཁྲོད་ནས་རང་ཉིད་ལ་ཐོབ་འོས་པའི་དོན་དག་མང་བོ་ཞིག་ལག་ནས་ཤོར་ཞིང༌།  རང་ཉིད་ཀྱིས་འཚོལ་འོས་པའི་རྐང་ལམ་ཕྲ་མོ་ཞིག་སྔོན་ནས་བོར་སོང༌།   རྒྱུ་མཚན་དེའི་དབང་གིས།  ངས་རང་ཉིད་བརྒྱུད་མྱོང་བའི་ཐབས་ཆག་གི་འཚོ་བའི་ཁྲོད་ནས།  རང་གི་རྒྱལ་ཁབ་དང་མི་རིགས།  ཁྱད་པར་དུ་སྐྱབས་མེད་མགོན་མེད་ཀྱི་དྭ་ཕྲུག་དག་ལ་ཕན་པ་ཅུང་ཙམ་རེ་ཨེ་ཐོགས་སྙམ་པའི་ཀུན་སློང་རྣམ་དག་ཅིག་ངང་གིས་སྐྱེས་ཤིང༌།    འགྱུར་མེད་རྟག་བརྟན་གྱི་དམ་བཅའ་གསོན་པོ་སྙིང་ཞིག་ལ་བཅིངས་ཏེ།  སློབ་ཆུང་འདི་ནས་དྭ་ཕྲུག་མང་བོ་ཞིག་གི་མི་ཚེའི་མདུན་ལམ་ལ་འོད་སྟོང་ལྡན་པའི་ཤེས་རིག་གི་གཞུང་ལམ་གསར་བ་ཞིག་ཆགས་སུ་འཇུག་རྒྱུའི་འདུན་པ་ལྡན་ལ།  ཁོ་ཚོའི་དཀའ་སྡུག་གི་འགག་སྒོ་གཏོར་ཏེ་མ་འོངས་པའི་བདེ་སྐྱིད་ཀྱི་དྲོད་ཁོལ་སྦྱིན་རྒྱུ་ནི་ངའི་དམིགས་ཡུལ་གཙོ་བོ་ཡིན་པ་དང༌། ངས་རྒྱུན་དུ་བསམ་བཞིན་པའི་ཆོས་ཀྱང་ཡིན་ཞེས་གསུངས་སོ།  །
         དེ་མིན་ཁོང་གིས་ལོ་ངོ་མང་བོའི་རིང་ལ་ཆོས་སྲིད་གཉིས་ཀྱི་སྒོ་ནས་མང་ཚོགས་དང༌། ཉམས་ཐག་པའི་འགྲོ་བ་མང་བོ་བྱམས་བརྩེ་ཡིས་ཡུན་རིང་བསྐྱངས་ཤིང༌།  ཁྱད་པར་དུ་ཁོང་གིས་སྔ་རྗེས་ཀུན་ཏུ་ཡུལ་ཚོ་དང༌།  རྫོང་རིམ་པ།  ཡང་ན་སྡེ་བ་དང་མི་སྒེར་དག་ལ་རྩ་འཛུགས་བྱས་ཏེ།  རང་བྱུང་སྐྱེ་དངོས་དང༌།  རང་བྱུང་ཁོར་ཡུག  རི་སྐྱེས་སྲོག་ཆགས་སོགས་ལ་སྲུང་སྐྱོབ་ནན་ཆེར་མཛད་དགོས་པའི་བསྐུལ་མ་མཛད་པས་གྲུབ་འབྲས་བླ་མེད་བླངས་ཤིང༌།  རང་བྱུང་འཇིག་རྟེན་དང་རབ་བྱུང་འཚོ་གནས་བར་གྱི་འབྲེལ་བ་དང༌།  གནད་དོན་དག་རེ་རེ་བཞིན་རྒྱ་ཆེ་དམངས་ཚོགས་ཡོངས་ལ་རྒྱུན་དུ་ཁ་བརྡ་ཞིབ་མོས་གནང་བཞིན་ཡོད་པ་མ་ཟད།  རྒྱང་སྒྲོག་ཁང་དང༌། བརྙན་འཕྲིན་ཁང་ནས་ཀྱང་ཁོང་གིས་ཡང་ཡང་གླེང་བས་མི་རྣམས་ཀྱི་སེམས་རྒྱུད་ལ་བྱམས་བརྩེ་དང་སྙིང་རྗེ་སོགས་ཀྱི་བག་ཆགས་ཟབ་མོ་བཞག  དེ་མིན་ཁུལ་དང༌།  རྫོང་རིམ་པ་ལས་སྔ་རྗེས་སུ་སློབ་གསོའི་མཆོང་སྐྱོད་པ་ཞེས་མི་སྣ་དཔེ་ལེགས་ཅན་གྱི་བྱ་དགའ་ཐེངས་མང་བོར་ཐོབ་མྱོང་བ་དང༌།  ཁུལ་དང་རྫོང་རིམ་པ་ནས་ཁོང་གི་བླ་ན་མེད་པའི་མཛད་རྗེས་ལ་གུང་བཀུར་དང་བསྔགས་བརྗོད་ཀྱང་ཚད་མེད་གནང་ཞིང༌།  ཁུལ་དང་རྫོང་རིམ་པའི་སྲིད་གཞུང་གི་ཨུ་ཡོན་དང༌།  རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།  ཞིང་ཆེན་གུང་གཞོན་ཚོགས་པའི་འཐུས་མི་དཔེ་ལེགས་ཅན་དུ་གདམས།  ད་ལྟ་མང་རྫོང་དང་ས་ཁུལ་གཞན་པའི་དྭ་ཕྲུག་སློབ་མ40ལྷག་གི་འཚོ་བ་དང༌།  གྱོན་ཆས། སྡོད་གནས་དང༌།  བདག་གཉེར་བ།  དགེ་རྒན་དང་ལས་རིགས་སྣ་ཚོགས་གང་ཅིའི་ཐད་ལ་ཁྱིམ་བདག་དང༌།  སློབ་མ་རང་ཉིད་ལ་འགན་ཁུར་ཅི་ཡང་མེད་པར་སློབ་ཆུང་ནས་སློབ་འབྲིང་དང༌།   རིམ་བཞིན་སློབ་ཆེན་ནས་སྤྱི་ཚོགས་ཀྱི་ལས་ལ་ཞུགས་པའི་བར་གྱི་ཁག་ཁུར་ཆེན་པོ་ཡོད་ཚད་དང་དུ་བླངས་པ་མ་ཟད།  ད་དུང་ལོ་རེ་བཞིན་ཕྱོགས་སོ་སོ་ནས་སློབ་མ་གང་མང་བསྡུ་ལེན་བྱས་ཏེ་མ་འོངས་པར་བོད་མི་རིགས་ཀྱི་འཐུས་ཚང་རུ་ཁག་ཅིག་གཅེས་སྐྱོང་བྱེད་པའི་ཐུགས་འདུན་དང་བཅས་ཁོང་ཉིད་ཀྱི་སྐུ་རིན་པོ་ཆེ་འཚོ་ཞིང་བཞུགས་པ་ལགས་སོ།  །
                   མཉམ་མེད་རྒྱལ་བ་གཉིས་པའི་རིང་ལུགས་པ།  ། 
                   མཆོག་སྤྲུལ་མཐོང་བ་དོན་ལྡན་ཐུགས་རྗེ་གཏེར།  ། 
                   སྙིགས་དུས་འགྲོ་བའི་མགོན་དུ་བྱོན་པའི་ཚུལ།  ། 
                   ཇི་བཞིན་བརྗོད་པའི་བློ་གྲོས་བག་ལ་ཉལ། ། 
                   འོན་ཀྱང་གཞལ་མེད་མཛད་འཕྲིན་རྒྱ་མཚོ་ལས།  ། 
                   ཆུ་ཐིགས་ཙམ་ཞིག་རྟེན་དུ་བཀོད་པ་འདིས།  ། 
                   སྐལ་ལྡན་འགྲོ་བའི་རེ་འདུན་ལེགས་གྲུབ་ནས།  ། 
                   མཐར་ཐུག་རྫོགས་བྱང་ཐོབ་པའི་རྒྱུར་འགྱུར་ཤོག  །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...