སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་རྒྱལ་སོ་དགུ་པ་མུ་ནེ་བཙན་པོ།
རྩོམ་པ་པོ། བོད་ལྗོངས་དགའ་སྐྱིད་གླིང་འཛུགས་སྐྲུན་ཚད་ཡོད་ཀུང་སི། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-6-5 10:43:00 རྩོམ་ཁུངས། 《གངས་ལྗོངས་མི་སྣ་གྲགས་ཅན་གྱི་ལོ་རྒྱུས་མཛད་ཐང》 ཀློག་གྲངས།


བོད་རྒྱལ་སོ་དགུ་པ་མུ་ནེ་བཙན་པོ།

  མུ་ནེ་བཙན་པོ། ཡབ་ཁྲི་སྲོང་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་ཆུ་སྟག(སྤྱི་ལོ822)ལོར་འཁྲུངས་ཟེར་བ་དང་། ལྕགས་ཕག(སྤྱི་ལོ831)ལོར་འཁྲུངས་ཟེར་བ་སོགས་གསུང་ཚུལ་མི་འདྲ་བ་སྣང་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་པར་ཤོག་གྲངས404ནང་། རྗེ་ཁྲི་སྲོང་བཙན་དང་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱི་སྲས་བཞི་ལས་ཆེ་བ་མུ་ཁྲི་སྲོང་པོ་སྐུ་ཆུང་ངུ་ལ་གཤེགས་པས་བང་སོ་མེད། གཉིས་པ་མུ་ནེ་བཙན་པོ་ཡབ་དགུང་ལོ་སོ་བཞི་པ་ཆུ་ཕོ་སྟག་ལ་འཁྲུངས། དེའི་ཕྱི་ལོ་ཆུ་ཡོས་ལ་མུ་ཏིག་བཙན་པོ་འཁྲུངས་ཞེས་གསལ་བར་གཞིགས་ན་ཆུ་སྟག(སྤྱི་ལོ822)ལོར་འཁྲུངས་པ་དེ་རང་ཁུངས་བཙན་པར་མངོན། མུ་ནེ་བཙན་པོས་ཕོ་ཡོང་བཟའ་རྒྱལ་མོ་བཙུན་དང་རུ་ཡོང་བཟའ་མདོ་རྒྱལ་གཉིས་ཁབ་ཏུ་བཞེས་ཀྱང་རིགས་སྲས་ཀྱི་མྱུ་གུ་མ་བྱུང་། རྒྱལ་པོ་འདི་ཉིད་ཀྱིས་ཀྱང་ཡབ་མེས་ཀྱི་རྗེས་སུའབྲངས་ནས་བསྟན་པ་ལ་གུས་པར་མཛད་ཅིང་། བསམ་ཡས་དང་ལྷ་ས་ཁྲ་འབྲུག་བཅས་ལ་སྡེ་སྣོད་ཆེན་པོ་གསུམ་གྱི་མཆོད་སྡེ་ཆེན་པོ་ཞིག་བཙུགས། འབངས་ཀྱི་དབུལ་ཕྱུག་ལན་གསུམ་སྙོམས་ཀྱང་མི་རིང་བར་སྔར་བཞིན་གྱུར། བྱང་དུ་དཔུང་ཆེན་བཤམས་པ་སོགས་མཛད་པ་ཕྱག་རིས་ཤིན་ཏུ་ཆེ། གཞན་ཡང་རྒྱལ་པོ་འདིའི་སྐུ་རིང་ལ་ཡི་གེ་མཁན་པོ་ཚེ་སྤོངས་བྱང་ཆུབ་ཅེས་བྱ་བས་རྗེ་ལ་ཡི་གེའི་སྟངས་ཕུལ་བ་དེ་ལ་ཁམས་ཡིག་ཏུ་གྲགས་སོ། །རྒྱལ་པོ་འདིས་རྒྱལ་སྲིད་ལོ་གཅིག་དང་ཟླ་བ་བདུན་ནམ། ལོ་བདུན་དང་ཟླ་བ་དགུའམ། ལོ་བཅུ་བདུན་བསྐྱངས་ཞེས་པ་སོགས་བཞེད་ཚུལ་མི་འདྲ་བ་མང་ཙམ་མཆིས། མུ་ནེ་བཙན་པོས་ཡབ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཆུང་བ་ཕོ་ཡོང་བཟའ་ལ་བྱམས་སྐྱོང་ཆེན་པོ་གནང་བར་བརྟེན་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་ཁྲོས་ཏེ་སྲས་ལ་དུག་ཟས་དྲངས་ནས་སྐུ་གཤེགས་པར་གྲགས། འདི་ཉིད་ཀྱི་བང་སོ་མུ་ར་རི་ལ་བརྩིགས།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...