སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་རྒྱལ་ཞེ་གཅིག་པ་ཁྲི་གཙུག་ལྡེ་བཙན།
རྩོམ་པ་པོ། བོད་ལྗོངས་དགའ་སྐྱིད་གླིང་འཛུགས་སྐྲུན་གླིང་ཚད་ཡོད་ཀུང་སི། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-7-9 14:15:00 རྩོམ་ཁུངས། 《གངས་ལྗོངས་མི་སྣ་གྲགས་ཅན་གྱི་ལོ་རྒྱུས་མཛད་ཐང》 ཀློག་གྲངས།

四十一代赞普赤祖德赞
བོད་རྒྱལ་ཞེ་གཅིག་པ་ཁྲི་གཙུག་ལྡེ་བཙན།

  ཁྲི་གཙུགལྡེ་བཙན་ནི། བཙན་པོ་ཁྲི་ལྡེ་སྲོང་བཙན་དང་བཙུན་མོ་ཆེ་བ་འབྲོ་བཟའ་ཁྲི་མ་ལེགས་ཀྱི་སྲས་སུ་མེ་ཁྱི(སྤྱི་ལོ866)ལོར་འཁྲུངས། མཚན་ནི་ཁྲི་གཙུག་ལྡེ་བཙན་དང་། བླ་དྭགས་ཀྱི་མཚན་ལ་རལ་པ་ཅན་ཞུ་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཡང་ཡིན། དགུང་ལོ་བཅུ་ལ་ཕེབས་པ་ཤིང་ལུག(སྤྱི་ལོ875)ལོ་ནས་དགུང་ལོ་ཉི་ཤུ་རྩ་བདུན་ནམ་རྩ་བཞིར་སྲིད་དབང་བཟུང་རིང་ཆོས་སྲིད་གཉིས་ཀའི་ཐོག་མཛད་རྗེས་གསར་པ་བཞག་གནང་ཡོད་པ་སྟེ། གཅིག  སྲིད་དབང་བཟུང་ནས་ལོ་བདུན་ཕེབས་པ་ལྕགས་གླང(སྤྱི་ལོ881)ལོར་ཐང་བོད་ཕྱོགས་གཉིས་ཀས་མཇལ་དུ་མ་ཡོང་བའི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བོད་ཀྱི་ལོ་པཎ་རྣམས་དང་རྒྱའི་ཧྭ་ཤང་རྣམས་ཀྱིས་དཔང་པོ་མཛད་དེ་ཐང་རྒྱལ་རབས་ཀྱི་གོང་མ་མུ་ཙུང་གི་ཁྲང་ཆིང་ཁྲི་ལོ་དང་པོ་དང་། བཙན་པོ་ཁྲི་རལ་བ་ཅན་གྱི་སྐྱིད་རྟག་ཁྲི་ལོ་བདུན་པ་ལྕགས་གླང(སྤྱི་ལོ881)ལོར་ཐང་གི་རྒྱལ་ས་ཁྲང་ཨན་གྱི་ནུབ་ཕྱོགས་སུ་ཆིངས་འགྲིག་བྱས་པ་དང་། ལོ་དེའི་རྗེས་མར་བོད་ཀྱི་གྲོང་ཁྱེར་ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་དུ་ཆིངས་འགྲིག་བྱས། ལོ་དེའི་རྗེས་མ་ཆུ་ཡོས(སྤྱི་ལོ883)ལོར་རྒྱལ་ས་ཁྲང་ཨན་དང་། ལྷ་ས་གཙུག་ལག་ཁང་གི་མདུན། རྒྱ་བོད་ས་མཚམས་ཀྱི་གུང་གུ་རྨེ་རུ་བཅས་སུ་རྡོ་རིང་བཙུགས(རྡོ་རིང་གཞན་གཉིས་དེང་སང་མཐོང་རྒྱུ་མེད་ཀྱང་ལྷ་སའི་རྡོ་རིང་ནི་ད་ལྟ་ཡང་མཐོང་རྒྱུ་ཡོད)ཐོག་གུང་གུ་རྨེ་རུ་བྱ་བའི་ས་གནས་དེར་བོད་ཀྱི་བཙན་པོའི་གཙུག་ལག་ཁང་ཞིག་དང་རྒྱའི་ལྷ་ཁང་ཞིག་བརྩིགས། “གནམ་ལ་ཉི་ཟླ་ཟུང་གཅིག  ས་ལ་བཙན་པོ་དབོན་ཞང”ཞེས་པའི་བརྡ་མཚོན་དུ་ཕ་བོང་ལ་ཉི་ཟླའི་གཟུགས་བརྐོས། “ཕྱིན་ཆད་བོད་བོད་ཡུལ་ན་བདེ། རྒྱ་རྒྱ་ཡུལ་ན་བདེ། ས་མཚམས་ཡན་ཆད་ལ་ཕན་ཚུན་དམག་མི་དྲངས། གལ་ཏེ་ས་མཚམས་བརྒལ་ནས་རྒྱ་བོད་སུས་དམག་དྲངས་ན་དམག་དྲངས་མཁན་དེ་རང་ཕུང་བར་གྱུར་ཅིག”ཅེས་ཕྱོགས་གཉིས་ཀས་དམོད་བཙུགས་ཏེ་མནའ་བསྐྱལ་བའི་བཀའ་གཙིགས་ཀྱི་རྡོ་རིང་རེ་རེ་བོད་རྒྱ་གཉིས་ཀྱི་ཕོ་བྲང་གི་མདུན་དང་། ས་མཚམས་གུང་གུ་རྨེ་རུ་བཅས་ལ་བཙུགས་ཏེ་ངོས་ཆེ་བ་གཉིས་ལ་དབོན་ཞང་གཉིས་ཀྱི་གཙིགས་ཡིག ངོས་ཆུང་བ་གཉིས་ལ་བཀའ་གཙིགས་ལ་ཞུགས་པའི་བོད་རྒྱའི་བློན་པོ་རྣམས་ཀྱི་གོ་གནས་དང་མིང་རུས་བཅས་བྲིས་པའི་རྡོ་རིང་བཙུགས་པ་ནས་ལོ་བརྒྱ་ཕྲག་ཁ་ཤས་རིང་རྒྱ་བོད་གཉིས་ཀྱི་བར་དམག་འཁྲུག་མེད་པའི་ཞི་བདེ་དུས་སྐབས་བཟང་པོ་ཞིག་གི་འགོ་ཚུགས་ཐུབ་པ་བྱུང་། དེ་སྔོན་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གཏན་འབེབས་བཟོ་གནས་མཛད་ཅིང་ཡུན་རིང་མ་སོང་བར་ཚད་གཞི་གཅིག་ཏུ་མ་གནས་པར་བརྟེན། ཕྱིན་ཆད་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་རྣམས་རྒྱ་གར་མ་གྷ་ངྷའི་ལུགས་ལྟར་བྱེད་དགོས་པའི་བཀའ་ཕབ། གཉིས། ནང་པ་སངས་རྒྱས་ཆོས་ལུགས་ལ་གུས་བཀུར་ཚད་ལས་འདས་པ་མཛད་ཅིང་། ཆབ་སྲིད་ཀྱི་མདུན་ས(གྲོས་ཚོགས)ཆུང་བ་དང་དབང་ཆ་དགེ་འདུན་ལ་ཕུལ། དབུ་ཐོད་ཀྱི་རལ་པ་དགེ་འདུན་གྱི་གདན་བཏིང་། འབངས་ཀྱི་ནང་ནས་རབ་ཏུ་བྱུང་བ་གསར་པ་ཡིན་ཡང་ཞབས་སྤྱི་བོར་ལེན། དགེ་འདུན་གྱི་འཚོ་བ་ཡང་རྒྱལ་པོའི་མཛོད་ནས་གནང་བ་མ་ཟད། སྟོད་ལུང་ལྕང་ཕུ་ལྷ་ཁང་སོགས་དགོན་སྡེ་ཁག་གཅིག་ལ་ས་ཞིང་། ནོར་ཕྱུགས། ལྷ་འབངས་བཅས་སྒེར་བདག་གི་དབང་ཆ་དང་། རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་རེའི་དབང་ཆ་གནང་ཞིང་། ལྷ་འབངས་རྣམས་དཔྱ་ཁྲལ་ཐད་ཀར་འབུལ་དུ་འཇུག་པ། རབ་བྱུང་ལ་མིག་ངན་བལྟས་པ་སོགས་རྣམ་འགྱུར་ངན་པ་སྟོན་མཁན་རྣམས་ལ་དབང་པོ་གཅོད་འབྲེག་གི་ཁྲིམས་ཆད་ནན་པོ་བཅད་པ་སོགས་ཚད་ལས་འདས་པའི་གུས་བཀུར་གནང་བར་བརྟེན། རྗེས་སུ་འབངས་གྱེན་ལོག་འབྱུང་རྒྱུའི་རྨང་གཞི་བཏིང་བ་ལྟ་བུ་ཞིག་ཏུ་གྱུར། གསུམ། ལྷ་ཁང་སྔར་ཡོད་ཉམས་གསོ་དང་། བཞེངས་འཕྲོར་ལུས་པ་རྣམས་མཇུག་སྐྱོང་གནང་ཞིང་། གསར་དུ་རྒྱ་དཀར་ནག་དང་། ཁ་ཆེ། ལི་ཡུལ། བལ་པོ། བོད་དང་བཅས་པའི་བཟོ་བོ་མཁས་པ་མང་པོ་བཀུག་སྟེ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་འོག་ཐོག་གསུམ་རྡོ་བརྩིགས་དང་། བར་ཐོག་གསུམ་སོ་ཕག  སྟེང་ཐོག་གསུམ་ཤིང་ལས་བྱས་པ་ཚང་མར་མདའ་ཡབ་དང་། དབུ་རྩེའི་རྒྱ་ཕིབས་རླུང་གིས་བསྐྱོད་ན་ཤར་དང་ནུབ་ཏུ་འཁོར་བསྐྱོད་བྱེད་ཐུབ་པའི་ངོ་མཚར་ཅན་ཞིག་བཞེངས་ཐོག  དེའི་ནང་གི་སྐུ་རྟེན་ཐམས་ཅད་ལི་དཀར་དམར་གྱིས་ལུགས་བྱས་པ་ཤ་སྟག་བཞེངས། འོན་ཀྱང་ལྷ་ཁང་དེ་བཞེངས་ནས་རབ་གནས་མ་གྲུབ་གོང་དུ་བློམ་པོས་སྐུ་བཀྲོངས་ཞེས《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་གསུངས། བཞི། དམ་པའི་ཆོས་སྒྱུར་བའི་ལོ་པཎ་རྣམས་ཀྱིས་དེ་སྔོན་ཡབ་མེས་ཀྱི་དུས་སུ་མ་བསྒྱུར་བའི་མདོ་སྔགས་ཀྱི་ཆོས་དཔེ་མང་པོ་བསྒྱུར་ཅིང་། ཡིག་གཟུགས་ལེགས་པ་རྣམས་ལ་གདན་གཡས་གྲལ་དང་། གླ་ཡོན་འདོད་པ་དང་མཐུན་པ། འཚོ་རྟེན་ས་ཞིང་དོར་གཅིག་བཅས་གནང་བས་ཡིག་གཟུགས་གོང་འཕེལ་འགྲོ་བར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། འོན་ཀྱང་གོང་དུ་བཤད་པ་ལྟར་ཆོས་བྱེད་དགེ་འདུན་རྣམས་ལ་གཞན་དང་མི་འདྲ་བའི་དམིགས་བསལ་དབང་ཆ་ཆེན་པོ་གནང་བ་དེས་གཤམ་འོག་གི་བློན་པོ་དང་འབངས་རྣམས་ཀྱི་འདོད་བློར་མ་བབས་པ་དང་། དེ་སྔོན་བློན་པོ་དང་བཙུན་མོ་ལ་ཉེས་པར་ཁྲིམས་གཅོད་ཕོག་པ་སོགས་ཀྱི་འཁོན་འཛིན་ཡོད་པ་བཅས་རྐྱེན་ངན་མང་པོ་འཛོམས་པར་བརྟེན། བཙན་པོ་བཀྲོངས་པའི་བྱ་ཐབས་མང་པོ་གོམ་པ་རིམ་བགྲོད་ཀྱིས་བསྟར་བྱས་ཐོག  སྔར་གྱི་འཁོན་འཛིན་ཡོད་པའི་བློན་པོ་སྦས་དང་ཅོག་རོ་གཉིས་ཀྱིས་བཙན་པོར་ཆང་གསོལ་ཏེ་ར་བཟི་བའི་གོ་སྐབས་དང་བསྟུན་ནས་ཞལ་ལྟག་པར་གཅུས་ཏེ་བཀྲོངས། ཁྲི་གཙུག་ལྡེ་བཙན་གྱི་བང་སོ་ནི་ཁྲི་སྟེང་རྨང་རི་ཞེས་འབོད་པ་རྒྱལ་ཆེན་འཕྲུལ་གཞེར་དང་འདུས་སྲོང་གི་བང་སོ་གཉིས་ཀྱི་བར་དུ་ཡོད།
 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...