སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ
རྩོམ་པ་པོ། བོད་ལྗོངས་དགའ་སྐྱིད་གླིང་འཛུགས་སྐྭན་ཚད་ཡོད་ཀུང་སི། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-10-15 11:11:00 རྩོམ་ཁུངས། 《གངས་ལྗོངས་མི་སྣ་གྲགས་ཅན་གྱི་ལོ་རྒྱུས་མཛད་ཐང》 ཀློག་གྲངས།

  ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི། (དཱི་པཾ་ཀ་རའམ་མར་མེ་མཛད་ཀྱང་ཞུ)ཆུ་རྟ(སྤྱི་ལོ982)ལོར་རྒྱ་གར་ཤར་ཕྱོགས་བྷང་གྷ་ལར(དེང་སང་རྒྱ་སྐད་དུ་མང་ཅ་ལ་ཟེར)ཡབ་མཁན་ཆེན་ཞི་བ་འཚོ་དང་གདུང་རྒྱུད་གཅིག་པ་ཡིན་པའི་ཟ་ཧོར་གྱི་རྒྱལ་པོ་དགེ་བ་དཔལ་དང་ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་ལོན་པ་ནས་ཆོས་གསུངས་མཁྱེན་པ་དང་། ནང་དོན་ཕུན་སུམ་ཚོགས་པའི་ཚིགས་བཅད་ཀྱང་ཞལ་ནས་ཐོགས་མེད་དུ་གསུང་ཐུབ་ཅིང་། དགུང་ལོ་བཅུའི་བར་སྒྱུ་རྩལ་སྣ་ཚོགས་ལ་སྦྱངས། དེ་ནས་ལོ་བཅུའི་རིང་མུ་སྟེགས་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་སྒྲ་རིག་པ་དང་། ཚད་མ་རིག་པ་བཅས་ལ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་ལྷག་ཙམ་ལ་ཡབ་ཡུམ་གཉིས་ཀྱིས་རྒྱལ་སྲིད་བཟུང་བའི་རེ་བ་གནང་སྟེ་རྒྱལ་རིགས་ཀྱི་བུ་མོ་མཛེས་མ་ཧ་ཅང་མང་པོ་བདམས་ནས་གཉེན་སྒྲིག་གནང་བར་ཞུས་ཀྱང་ཞལ་བཞེས་གཏན་ནས་མ་གནང་བར་མཐར་དགུང་ལོ་ཉེར་དགུ་ལ་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷིའི་གཙུག་ལག་ཁང་དུ་རབ་བྱུང་མཛད་དེ་སླར་ཡང་སྒྲ་རིག་པའི་གཞུང་ཆེན་པོ་བརྒྱད་དང་། ཕྱི་ནང་གཉིས་ཀྱི་ཚད་མ་རིག་པ། གསོ་བ་རིག་པ། སྐར་རྩིས། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ། མདོ་སྔགས་ཀྱི་གཞུང་སོགས་སྦྱངས་པ་མཐའ་འཁྱོལ་བ་མཛད། པཎྜི་ཏ་ཆེན་པོའི་མཚན་ཐོགས། གསེར་གླིང་པ་ལ་སོགས་པའི་བླ་མ་སུམ་ཅུ་སོ་བཞི་ཙམ་བསྟེན་ནས་རྒྱ་གར་དུ་མཁས་པའི་གྲགས་པ་ཆེ་བ་མ་ཟད། ཐུགས་སེམས་ཧ་ཅང་བཟང་བས། མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གསེར་མང་པོའི་འབུལ་བ་དང་བཅས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་མངགས་ཏེ་བོད་དུ་གདན་འདྲེན་པར་བཏང་ཡང་གདན་དྲངས་མ་ཐུབ། ད་དུང་ལྷ་བླ་མ་ཡེ་ཤེས་འོད་ཡིད་ཐང་མ་ཆད་པར་གསེར་འཚོལ་དུ་ཕེབས་པས་མུ་སྟེགས་མཐའ་འཁོབ་ཀྱི་རྒྱལ་པོས་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུག སྐུ་ལུས་ཀྱི་རྩ་སྒོ་ཐམས་ཅད་མེར་བསྲེགས་པ་སོགས་མནར་གཅོད་ཚད་མེད་པའི་འོག་ཏུ་སྐུ་གཤེགས། ཁོང་གི་ཞལ་ཆེམས་ལྟར་ཚ་བོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་སླར་ཡང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་མངགས་ནས་བོད་དུ་གདན་ཞུ་གནང་བར་རྒྱ་གར་གྱི་རྒྱལ་པོ་དང་བྲི་ཀཱ་མ་ལ་ཤི་ལའི་དགོན་པའི་མཁན་པོ་དགེ་འདུན་དང་བཅས་པ་བོད་དུ་ལོ་གསུམ་བཞུགས་ཆོག་པའི་གནང་བ་ཐོབ་ནས་དགུང་ལོ་ང་དགུ་པ་རབ་བྱུང་དང་པོའི་ལྕགས་འབྲུག (སྤྱི་ལོ1040)ལོར་བལ་ཡུལ་བརྒྱུད་ནས་མངའ་རིས་སུ་ཕེབས་ཏེ་ལོ་གསུམ་བཞུགས། 《བྱང་ཆུབ་ལམ་གྱི་སྒྲོན་མེ》སོགས་མཛད། ལོ་གསུམ་སོང་བ་རབ་བྱུང་དང་པོའི་ཆུ་རྟ(སྤྱི་ལོ1042)ལོར་རྒྱ་གར་དུ་ཕྱིར་ཕེབས་རྩིས་སྐབས་བལ་ཡུལ་མཐའ་མཚམས་སུ་འཁྲུག་པ་ལངས་ནས་ཕེབས་མ་ཐུབ་པར་གནས་སྐབས་ཕྱིར་འགྱངས་གནང་སྟེ་བཞུགས་མུས་ལ་འབྲོམ་སྟོན་པས་དབུས་གཙང་དུ་གདན་ཞུ་གནང་བ་ལྟར་ཐོག་མར་བསམ་ཡས་དང་ཡར་ལུང་སོགས་སུ་ཟླ་ཤས་བཞུགས། དེ་ནས་འབྲོམ་སྟོན་པས་སྙེ་ཐང་དུ་གདན་དྲངས། དེར་ལོ་དགུ་དང་། འཕན་པོ་དང་། ཡེར་པ། ལྷ་ས་སོགས་སུ་ལོ་ལྔ་བཅས་ཁྱོན་ལོ་བཅུ་བདུན་གྱི་རིང་ཆོས་གསུངས་པ་དང་། བསྒྱུར་པ། སྒྱུར་བཅོས་སོགས་མཛད། དཔེར་ན་བསྟན་འགྱུར་གྱི་ཁྲོད་དུ《དབུ་མའི་གཞུང་རྟོག་གེ་འབར་བ》སོགས་ཇོ་བོ་རྗེ་ཉིད་དང་ནག་ཚོ་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་གནང་མཛད་པ་མི་ཉུང་བ་ཞིག་ཡོད་ལ། གསུང་རྩོམ་ཁག་བརྒྱ་ལྷག་བསྟན་འགྱུར་མདོ་ཕྱོགས་ལེ་ཚན[ཀི][ཁི][གི]གསུམ་ལ་བཞུགས་ཡོད། སྐུ་ཉིད་བོད་དུ་བཞུགས་རིང་བཀའ་གདམས་པའི་སྲོལ་བཏོད། དགེ་བཤེས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ། དགེ་བཤེས་འབྲོམ་སྟོན་པ། འགོས་ལོ་ཙཱ་བ་ཁུག་པ་ལྷ་བཙས་སོགས་སློབ་མ་མཁས་པ་མང་དུ་བྱུང་། མཐར་དགུང་ལོ་བདུན་ཅུ་དོན་གསུམ་ལ་ཕེབས་པར་རབ་བྱུང་དང་པོའི་ཤིང་རྟ(སྤྱི་ལོ1054)ལོའི་བོད་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་སྙེ་ཐང་དུ་སྐུ་གཤེགས། སྐུ་གདུང་སྙེ་ཐང་ན་མོ་ཆེར་བཞུགས་སུ་གསོལ། སྙེ་ཐང་འོར་དུ་སྐུ་གདུང་བཞུགས་པའི་གཙུག་ལག་ཁང་བཞེངས་པ་སོགས་ཞིབ་པ་འབྲོམ་སྟོན་པས་བརྩམས་པའི《བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས》དང་། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པའི《བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག》དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》བཅས་སུ་གསལ།

 

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...