སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ།
རྩོམ་པ་པོ། བོད་ལྗོངས་དགའ་སྐྱིད་གླིང་འཛུགས་སྐྲུན་ཚད་ཡོད་ཀུང་སི། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-10-27 10:14:00 རྩོམ་ཁུངས། 《གངས་ལྗོངས་མི་སྣ་གྲགས་ཅན་གྱི་ལོ་རྒྱུས་མཛད་ཐང》 ཀློག་གྲངས།

  རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ་ནི། གངས་རིའི་དཔལ་དང་ལྡན་པ་སྟོད་ལྷོའི་ཆ་སྙེ་ནམ་གླང་ཡུལ་ཞེས་བྱ་བར་ཡབ་རྭ་སྟོན་དཀོན་མཆོག་རྡོ་རྗེ་དང་ཡུམ་རྡོ་རྗེ་དཔལ་འཛོམས་གཉིས་ཀྱི་སྲས་སུ་མེ་འབྲུག(སྤྱི་ལོ1016)ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་སྐུ་འཁྲུངས། མཚན་ངོ་མཚར་འབྱུང་གནས་སུ་བཏགས། ཆུང་ངུ་ནས་ཡི་གེ་འབྲི་ཀློག་དང་། དབུ་ཅན། དབུ་མེད། ལཉྫ། ཝརྟུ། རྒྱ་བལ་གྱི་ཡི་གེ་སོགས་བསླབས་པ་ཚེགས་མེད་དུ་མཁྱེན། གཞན་ཡང་གསེར་དངུལ་རྡོ་ལྕགས་ཀྱི་བཟོ་དང་། གོས་དར། སྣམ་རས་སོགས་འཐག་ཚེམ། ལྷ་བྲིས། འབུར་བཟོ། སྲ་རྩི་རྫ་རྩི་བྱ་ཐབས། པི་ཝང་། གླིང་བུ། གླུ། གར་སོགས་ཀྱང་མཁྱེན་ནས་མཚན་ལ་ཤེས་རབ་འབྱུང་གནས་སུ་བཏགས། དགུང་ལོ་ཉེར་ལྔ་བཞེས་པ་ནས་སྔ་ཕྱིར་རྒྱ་བལ་དུ་ལན་བཞི་བྱོན་ཏེ་བླ་མ་ལི་ཏཱ་བཛྲ་བསྟེན་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གདམས་པས་གཙོས་ཟབ་རྒྱས་ཀྱི་ཆོས་རྣམས་གསན་བཞེས་མཐིལ་ཕྱིན་པ་མཛད། དེ་ནས་དཔལ་ན་ལེནྡྲར་པཎྜི་ཏ་མནྫ་གླིང་པས་མཁན་པོ་དང་མངའ་བདག་མཻ་ཏྲི་བས་སློབ་དཔོན་མཛད་དེ་དགེ་ཚུལ་སློང་གི་སྡོམ་པ་བཞེས་ཏེ་མཚན་ཤྲཱི་བཛྲ་ཀི་ཏེ་དཔལ་རྡོ་རྗེ་གྲགས་པ་བྱ་བར་བཏགས། ཕྱིས་སུ་གཙོ་བོ་བོད་ཁམས་སུ་བཞུགས་ནས་ཡུལ་གྲུ་མང་པོར་ཕྱག་ཕེབས་ཏེ་གདུལ་བྱ་གྲངས་མེད་པ་ཡ་རབས་དང་དམ་པའི་སྤྱོད་པ་ལ་ཞུགས་པར་མཛད། ནད་པ་ལ་སྨན་སྦྱིན་པ་དང་། དབུལ་ཕོངས་ལ་ནོར་སྦྱིན་གཏོང་བ། དགྲ་ཇག་ཆོམ་རྐུན་སོགས་སྐྱེ་བོ་མི་བསྲུན་པ་འདུལ་བ། འཐབ་རྩོད་འཁྲུག་སློང་སྡུམ་པ། སྐྱེ་འགྲོ་ཀུན་འཇིགས་པ་ལས་སྐྱོབ་པ། ཆུ་དཀོན་སར་ཁྲོན་པ་རྐོ་བ་དང་ཆུ་ཆེན་ལ་ཟམ་པ་འཛུགས་པ། ལམ་འཕྲང་ངན་པ་འཆོས་པ། གཙུག་ལག་ཁང་མང་པོ་བཞེང་བ། བསྟན་བཅོས་སྒྱུར་བའམ་རྩོམ་པ་སོགས་སྐུ་ཚེ་མཐའ་འཁྱོལ་བའི་བར་དུ་གཞན་དོན་འབའ་ཞིག་ལྷུར་བཞེས་པའི་མཛད་རྗེས་མཐའ་ཡས་སོ།།
 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...