སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ཡིག་གཟུགས་པ་ཆེན་པོ་སྤེན་ནོར་ངོ་སྦྱོར།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-4-7 9:45:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤེན་ནོརནི1969 ལོར་མྱང་སྟོད་རྒྱལ་རྩེར་སྐྱེས། 1977ལོར་སློབ་ཆུང་འགྲིམས་མགོ་བརྩམས། དགེ་བའི་བཤེས་གཉེན་མཚོ་ཁ་བ་ནོར་རྒྱས་མཆོག་བསྟེན་པའི་སྐལ་བ་བཅས་ཏེ་བོད་ཡིག་འབྲི་ཀློག་ཚད་ལྡན་བསླབས། སློབ་ཆུང་ནང་ཀ་ཁ་དང་། ཟློས་ཧྲལ། ཚུགས་རིང་ཡིག་གཟུགས་འགྲན་སྡུར་ནང་ཨང་ཀི་དང་པོ་འབའ་ཞིག་ཐོབ་པས་གང་དེས་ཤིན་ཏུ་གཅེས། དབུ་ཅན་ནག་བྲིས་དང་ཁོང་དང་ཁོང་གི་གཟིམ་ཁང་དུ་ཟུར་ལ་འཁྲིད། ལྗོན་དབང་དང་དཀའ་གསལ་སོགས་བློ་རྒྱུགས་ཕུལ།

     1982ལོར་རྒྱལ་རྩེ་སློབ་འབྲིང་དུ་དམའ་འབྲིང་དོན་དུ་གཉེར། དེར་དགེ་བའི་བཤེས་གཉེན་ཆེན་མོ་འཕྲིན་ལས་དཔལ་འབྱོར་དང་རྡོ་རྗེ་གཡུལ་རྒྱལ་སོགས་བསྟེན་ཅིང་། བོད་ཡིག་གི་སུམ་རྟགས་དག་གསུམ་སྙན་ངག་ལེའུ་བར་པ་སོགས་ཀྱི་བློ་འཛིན་རི་མོ་དཔེར་བརྗོད་སོགས་ཕུལ། ཁྱད་པར་ཡིག་གཟུགས་ཐད། བྲིས་ཆེན་འཕྲིན་ལས་དཔལ་འབྱོར་ལགས་ཀྱི་དྲུང་ནས་གཞུང་རིས་ཀྱི་ཚུགས་རིང་ཐུང་། ཚུགས་ཆུང་། འབྲུ་ཚ། ཚུགས་མ་འཁྱུག འཁྱུག་ཡིག་བཅས་བུམ་པ་གང་བྱོའི་ཚུལ་དུ་བཀའ་དྲིན་བསྐྱངས། བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཐེངས་མང་ནང་ཨང་ཀི་དང་པོ་ཐོབ། སློབ་སྦྱོང་བྲེལ་བ་ཇི་ཙམ་ཆེ་ཡང་བྲིས་དེ་མ་ལགས་པ་གྱིས་ཨང་།ཞེས་རྟག་ཏུ་དུངས།

    1985ལོར་རྒྱལ་རྩེ་སློབ་འབྲིང་དུ་མཐོ་འབྲིང་བསླབ། སུམ་རྟགས་རྩ་བ། མངོན་བརྗོད་དང་བརྡ་རྙིང་སོགས་བློ་རྒྱུགས་ཕུལ། 1987ལོར་བོད་ལྗོངས་སློབ་ཆེན་གྱི་བོད་རིག་པ་ཚན་ཁག་ཏུ་སློབ་གཉེར་བྱས། དེའི་རིང་ཡོངས་ཀྱི་དགེ་བའི་བཤེས་གཉེན་བློ་བཟང་ཕྱོགས་གླང་ངམ་ཡོངས་གྲགས་སུ་ཚེ་དབང་ཞེས་ཞུ་བ་མཆོག་དང་། བཤེས་གཉེན་དམ་པ་དགེ་འདུན་དོན་ལྡན། དབུ་འཛིན་རྒན་བསོབ་ནམས་ཕུན་ཚོགས། དགེ་བའི་བཤེས་གཉེན་དང་བདག་རྡོ་རྗེ་དང་། བསྟན་པ་མང་ཐོས། རྒན་མཁས་བཙུན། རྒན་ཉི་མ། རྒན་ཚེ་བརྟན་བཀྲ་ཤིས་ལ་སོགས་པ་བསམ་སྦྱོར་གཉིས་མེད་ཀྱིས་བསྟེན་ནས། ཐུན་མོང་རིག་གནས་ཕལ་མོ་ཆེར་ཐོས་ལོ་ཙམ་མིན་པར་སྒྲོ་འདོད་བཅད། སུམ་རྟགས་ཀྱི་སྡོམ་དང་། སྙན་ངག་ལེའུ་བར་པ། དབྱངས་ཅན་སྒྲ་མདོ། བསྡུས་གྲྭ་དང་། བློ་རྟགས། བཤེས་སྤྲིངས་སོགས་བློ་རྒྱུགས་ཕུལ། ཁྱད་པར་དགེ་བའི་བཤེས་གཉེན་དང་བདག་རྡོ་རྗེ་ལས་བྲིས་ཀྱི་ངག་རྒྱུན་མན་ངག་སོགས་མང་དུ་ཐོབ། བོད་རྒྱ་བྲིས་ཀྱི་འགྲན་སྡུར་ཐེངས་གཉིས་བྱས་པར་གཟུགས་གཉིས་ཀར་དམིགས་བཀར་བྱ་དགའ་ཆེན་པོ་ཐོབ།


     སློབ་ཆེན་མཐར་ཕྱིན་ནས་བོད་ཀྱི་གསོ་རིག་སློབ་གླིང་དུ་དགེ་རྒན་བྱས། ལས་ཞོར་དུ་མཁན་རིན་པོ་ཆེ་ཁྲོ་རུ་ཚེ་རྣམ་དང་། མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན། མཁས་དབང་ཀུན་དགའ་རིག་འཛིན་སོགས་བསྟེན་ཅིང་ལེགས་བཤད་ཀྱི་བདུད་རྩི་ཐོབ། གསོ་རིག་དང་ནག་རྩིས་ལའང་བག་ཆགས་མི་དམན་པ་ཐོབ། གཟབ་བཤར་གྱི་བྲིས་སྣ་ཚོད་ལ་འགྲན་ཚོད་མང་པོར་ཨང་ཀི་དང་པོ་དང་གཉིས་པ་ཐོབ་ཅིང་བརྩམས་ཆོས་ཁག་གཅིག་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྟོན་དང་སྦྲགས་གཟེངས་རྟགས་ཐོབ། རི་མོའི་བརྩམས་ཆོས་རི་ཀླུང་དེ་འདྲའི་མཛེས་པ་ཞེས་པར་རྒྱལ་ཡོངས་ཀྱི་བྱ་དགའི་ཨང་ཀི་གཉིས་པ་ཐོབ།

     དུས་མཚུངས་ཀྲུང་གོའི་ཡིག་མཁན་འཐུས་ཚོགས་ཀྱི་ཚོགས་མི་དང་། བོད་ལུགས་གསོ་རིག་སློབ་ཆེན་གྱི་བོད་རིག་པའི་དགེ་རྒན་ཆེན་མོ་གཞོན་པ། སྐབས་དང་པོའི་བོད་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལྷན་རྒྱས་ཁང་གི་ཨུ་ཡོན། བོད་ལྗོངས་ཡིག་མཁན་འཐུས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་གཞོན་ནུ་ཡིག་མཁན་འཐུས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་འཁུར། གཞུང་འཆད་ཚུལ་གྱི་རྣམ་གཞག་ཅེས་སོགས་བོད་རིག་པའི་དཔྱད་རྩོམ30ལྷག་ཙམ་དང་། རྒྱན་གྱི་བསྟན་བཅོས་ཨཱདརྴའི་སརྒ་གཉིས་པའི་དགོངས་པ་གསལ་བྱེད་ཀྱི་དཔེར་བརྗོད་མཐོང་བ་འཛུམ་ཤོར་ཞེས་པ་བརྩམས་ནས་པར་བསྐྲུན་བཞུགས་སོ།།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...