སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཞོན་སྐྱེས་གླུ་མ་ཀླུ་མོ་མཚོ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-3-23 9:54:00 རྩོམ་ཁུངས། ཁམས་པའི་དྲ་བ། ཀློག་གྲངས།


གཞོན་སྐྱེས་གླུ་མ་ཀླུ་མོ་མཚོ།

     ཁོ་མོའི་མིང་ལ་ཀླུ་མོ་མཚོ་ཞེས་ཟེར་ཞིང་སྤྱི་ལོ1989ལོའི11པའི་ཚེས19ཉིན་ཡ་རྫི་རྫོང་རྐང་ཚ་ཡུལ་ཚོར་སྐྱེས་ཤིང་། བྱིས་པའི་ལང་ཚོ་ལ་གཉོམ་ལག་རྒྱས་དུས་ནས་སྡེ་བའི་ལོ་མཉམ་བྱིས་པ་དག་དང་ལྷན་དུ་ཕ་ཡུལ་གྱི་སློབ་ཆུང་དུ་དཔེ་ཁུག་ཁུར་བའི་སློབ་མ་ཆུང་ཆུང་ཞིག་གི་ལས་དབང་ཐོད་ལ་ཐོབ་ཅིང་། སྦྱངས་བརྩོན་གྱི་འབད་པ་ལྷུ་རུ་བླངས་ཤིང་དཀའ་སྤྱད་ཀྱི་སྡུག་རུས་མཐའ་རུ་བསྐྱངས་པས་སློབ་གྲྭའི་སྒོ་ཐེམ་རེ་རེ་ནས་བདེ་བླག་གིས་བརྒལ་ཐུབ་པ་བྱུང་། ཁོ་མོའི་ལྷན་སྐྱེས་སྙན་འགྱུར་གྱི་མགྲིན་ངག་རེ་རེ་སློབ་གྲྭའི་དུས་ཆེན་རེ་རེ་དང་གཟའ་མཇུག་སྤྲོ་ཚོགས་སོགས་ཁོ་མོ་འགྲིམ་པའི་སློབ་གླིང་རེ་རེའི་གར་སྟེགས་གང་ཞིག་ནས་ལྷང་ལྷང་གིས་གྲགས་ཤིང་ཡིད་ལྷུང་གིས་མཆེད་ཡོང་བ་དང་། ཡ་རབས་གཤིས་བཟང་གི་ཀུན་སྤྱོད་རེ་རེ་མིག་ལམ་དུ་ཐོགས་ཡོང་དུས་གོང་དགེ་རྒན་དམ་པས་བསྟོད་བསྔགས་ཀྱི་གསུང་ཚིག་ཆད་མྱོང་མེད་ལ། བར་སློབ་གྲོགས་བཟང་པོའི་ཞེན་རྟེན་གྱི་ཡུལ་དུ་གྱུར་པ་གྲངས་ཀྱིས་ག་ལ་ཟིན།
     ཕུགས་བསམ་མེ་ཏོག་དེ་ཤེས་བྱའི་དྲོད་གཤེར་གྱིས་གསོས་པའི་སློབ་གླིང་གི་ར་བ་ནས་ཤེས་བརྩོན་གྱི་གཤོག་ཟུང་ཐར་ཆགས་སུ་བརྐྱངས་པའི་བར་སྐབས་ཤིག་ཏུ་ཁོ་མོའི་ལྷན་སྐྱེས་ཀྱི་མགྲིན་ངག་ལ་བོད་ཀྱི་གླུ་གཞས་སྒྱུ་རྩལ་ཆེད་མཁས་པ་གང་མང་གིས་གདེང་འཇོག་བཟང་པོ་གནང་པར་མ་ཟད། ཁོ་མོའི་མ་འོངས་བགྲོད་ལམ་གྱི་ཁ་ཕྱོགས་དང་ཕུགས་བསམ་འཚོལ་སྙེག་གི་གོམ་སྟབས་དེ་གླུ་གཞས་སྒྱུ་རྩལ་ལ་ཕྱོགས་དགོས་པའི་སྐུལ་སློང་གནང་། དེ་ནས་ཁོ་མོས་སློབ་སྦྱོང་གི་ཁོམ་སྐབས་རེ་རེ་ནས་བོད་ཀྱི་གནའ་དེང་གི་གླུ་གཞས་དབྱངས་རྟ་གང་མང་ལ་རང་སྦྱོང་བྱས་ཤིང་རང་ཉིད་ཀྱི་མི་ཤེས་པ་གང་མང་ཞིག་ཆེད་མཁས་དགེ་རྒན་དག་ལས་ལེགས་པར་སློབ་པས་གླུ་གཞས་སྐོར་གྱི་ཤེས་བྱ་གང་མང་ཞིག་རང་ཉིད་ལ་འབྱོར་བ་དང་སློབ་ཐོན་བྱུང་།
     སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེ་ནས་བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་བློ་ཁ་ཕྱོགས་པའི་དགེ་རྒན་དང་གྲོགས་པོ་གང་མང་ལ་བརྟེན་པས་སྤྱི་ལོ2008ལོ་ནས་གཞན་དང་མཉམ་བསྡེབས་ཀྱིས་སྟོང་རི་ལྷ་མཚོ་དང་ཕ་ཡུལ་བིས་མདོ་སོགས་ཀྱིས་མཚོན་པའི་གླུ་གཞས་ཆེད་རྩོམ་གྱི་ཟེར་སྡེར་འགའ་རེ་པར་དུ་བསྐྲུན་པས་ཀླུ་མོ་མཚོ་ཞེས་པའི་གླུ་མ་ཆུང་ཆུང་དེའང་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་གར་སྟེགས་སྟེང་ནས་བོད་པ་ཁྲི་མ་འབུམ་གྱིས་རེ་སྒུག་གི་མིག་འབྲས་གཏོད་ས་ཞིག་ཏུ་གྱུར།
     སྤྱི་ལོ2009ལོར་ཇོ་མོ་གླང་མའི་ལོ་སར་དགོང་ཚོགས་སུ་གདན་ཞུས་ལྟར་གར་སྟེགས་དེ་ག་ནས་ལྷན་སྐྱེས་ཀྱི་སྐད་ངག་ལ་དེང་རབས་རོལ་དབྱངས་ཀྱི་རམ་འདེགས་ཡོད་པའི་གླུ་གཞས་རེ་གཉིས་རྒྱ་ཆེ་བའི་ལྟད་མོ་བའི་རྣ་བའི་བདུད་རྩི་དང་མིག་གི་ལོངས་སྤྱོད་དུ་བསྩལ་བ་དང་། སྤྱི་ལོ2011ལོར《ལྷན་འཛོམས》ཞེས་པའི་གླུ་གཞས་ཤིག་གངས་རིའི་སྤུན་ཟླ་དག་ལ་ལེགས་སྐྱེས་སུ་ཕུལ་བས་གླུ་མ་ཆུང་ཆུང་འདིའི་མིང་གི་སྙན་པ་དེ་སྔར་ལས་རྒྱས། ལོ་འདིར་ཨ་མདོ་བརྙན་འཕྲིན་ཁང་གིས་གདན་ཞུས་ལྟར་ལོ་སར་དགོང་ཚོགས་སུ་ཞུགས་པར་མ་ཟད། ཞི་ཨན་དང་པེ་ཅིང་། ཁྲིན་ཏུའུ་སོགས་ནང་ལོགས་ས་ཁུལ་གྱི་གྲོང་ཁྱེར་དག་གི་སྤྱི་གཉེར་ཁང་ཆེ་གྲས་ཁག་གིས་གདན་ཞུས་ལྟར་དུ་སོང་ནས་གླུ་གཞས་འཁྲབ་སྟོན་གང་མང་བྱས་པས་ཀླུ་མོ་མཚོ་ཞེས་པའི་བོད་ཀྱི་གླུ་མ་ཆུང་ཆུང་འདིའི་མིང་གི་སྙན་པའང་རང་བཞིན་ཤུགས་ཀྱིས་རྒྱལ་ཡོངས་འཛིན་པའི་ཕང་བ་ནས་གང་སར་གྲགས་མགོ་བརྩམས།
     སྤྱི་ལོ2012ལོར་བོད་ཀྱི་སྒྱུ་རྩལ་བ་སྨན་བླ་སྐྱབས་ཀྱི་གླུ་གཞས་བརྩམས་ཆོས་དགོང་ཚོགས་སུ་ཞུགས་ཤིང་། སྒྱུ་རྩལ་བ་ཁོང་གིས་མཛད་གནང་བྱུང་པའི《ཆུ་ལེན་བུ་མོ》ཞེས་པའི་གླུ་ཚིག་དེ་དགོང་ཚོགས་དེའི་སྟེང་དུ་མགྲིན་ངག་ནས་དྲངས་བས་ལྷད་མེད་བཅོས་མིན་གྱི་སྐད་ངག་དང་ཕ་ཡུལ་གྱི་རི་ཆུ་དབྱངས་ལ་བཀུག་པའི་གླུ་མ་འདི་ལ་སྒྱུ་རྩལ་བ་སྨན་བླ་སྐྱབས་སོགས་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་དེད་དཔོན་སྐོར་ཞིག་གིས་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པས་ཁོ་མོའི་མ་འོངས་གླུ་གཞས་སྒྱུ་རྩལ་གྱི་བགྲོད་ལམ་སྔར་ལས་ཡངས་པར་གྱུར། ། སྤྱི་ལོ2013ལོར་ཁོ་མོའི་སྒེར་གྱི་གླུ་གཞས་ཆེད་བསྒྲིགས་ཐོག་མ《ལྷན་འཛོམས》ཞེས་པའི་གླུ་གཞས་བརྩམས་ཆོས་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་ཟེར་སྡེར་དེ་ཉིད་པར་དུ་བསྐྲུན་ཏེ་བོད་ཁམས་ཀྱི་ས་ཆ་སོ་སོར་བཀྲམ་པས་གངས་རིའི་ཕྱི་ནང་གཉིས་ཀྱི་བོད་པ་ཁྲི་མ་འབུམ་གྱིས་དགའ་སྤྲོའི་ཐལ་སྒྲ་ལ་ཆད་པ་མེད་པར་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་གར་སྟེགས་སྟེང་ནས་ཆེས་དགའ་བསུ་ཐོབ་པའི་གླུ་མ་ཆུང་ཆུང་ཞིག་ཏུ་གྱུར་ཏེ་མིང་གི་སྙན་པ་བླ་ལྷག་ཏུ་རྒྱས། སྤྱི་ལོ2014ལོ་དང2015ལོ་གཉིས་ཀྱི་རིང་ལ་ཁོ་མོས་གླུ་གཞས་སྐོར་གྱི་ཤེས་བྱ་གང་མང་ཞིག་ལ་སྦྱང་བརྩོན་གྱི་འབད་པ་ལྷུ་རུ་བླངས་ཤིང་རང་ཉིད་ལ་ད་ཡོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ཤེས་བྱ་དག་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ཐབས་ལ་འབད་དང་འབད་མུས་སུ་མཆིས་ལ། ཞོར་དུ་ཨ་མདོ་བརྙན་འཕྲིན་ཁང་གིས་གདན་ཞུས་ལྟར《ལོ་སར་དགོང་ཚོགས》དང《བོད་ཡུལ་དུ་བསྐྱོད་པ》ཞེས་པའི་དགོང་ཚོགས་སོགས་སུ་ཞུགས་ཤིང་གསར་གཏོད་རང་བཞིན་གྱི་རྩམ་དྲི་དང་མར་དྲི་མ་ཡལ་བའི་གླུ་གཞས་བརྩམས་ཆོས་གང་མང་རིགས་མཐུན་སྤུན་ཟླ་དག་གི་ཡིད་སེམས་གསོ་བའི་དཔལ་དུ་འབུལ་བཞིན་སྒྱུ་རྩལ་གྱི་དབྱིངས་རིམ་ནས་གཤོག་རྩལ་སྦྱོང་བའི་གླག་ཕྲུག་བཞིན་འཕུར་ལྡིང་གི་གར་ལ་རོལ་བཞིན་ལགས་སོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...