སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གི་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-5-19 11:35:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག
བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག

     སློབ་དཔོན་ཆེན་མོ་བསེ་མཆོག་སྤྲུལ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་བོ་ནི། མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོའི་རོང་བོ་སྡེ་བདུན་དུ་གྲགས་པའི་ཡ་གྱལ་ཐེ་བུ་ཞེས་པར་ཡབ་ཕུར་བ་ཚེ་རིང་དང་། ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་མེ་གླང་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་དེ་སྤྱི་ལོ1938ལོའི་ཟླ1བོའི་ཚེས19ཉིན་ངོ་མཚར་གྱི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་བོས་སྒྲིབ་བྲལ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ་བསེ་སྐུ་ཕྲེང་ལྔ་བ་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོའི་སྤྲུལ་སྐུར་ཐུགས་ཐག་བཅད། དགུང་ལོ་བཞི་བར་གཏེར་ལུང་ཡིད་དགའ་ཆོས་འཛིན(ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་སུ་མཆིས)གླིང་གི་གདན་སར་བཀོད། དགུང་ལོ་བདུན་པ་ནས་ཡོངས་ཀྱི་བཤེས་གཉེན་ཆེན་མོ་ཀུན་དགའ་དཔལ་བཟང་བོ་ཡོངས་འཛིན་དུ་བསྟེན་ཏེ། འཕྲལ་སྦྱོར་གྱི་ཀློག་དང་གཟབ་གཤར་གྱི་བྲིས། རྒྱན་འཇུག་སོགས་འདོན་ཆའི་རིམ་པ་མཐའ་དག་དང་། སུམ་རྟགས་དག་གསུམ། སྙན་ངག་མེ་ལོང་དང་དགྱེས་གླུ་སྦྲགས་པའི་མཛུབ་ཁྲིད་རྣམས་རིམ་པར་གསན་ཏེ་སྦྱང་བ་ཕུལ་དུ་ཕྱིན་པ་མཛད། སྐྱབས་མཆོག་ཨ་རོལ་རིན་པོ་ཆེ་ལས་དགེ་བསྙེན་དང་། བར་མ་རབ་བྱུང་། དགེ་ཚུལ་རྣམས་དཀྱུས་གཅིག་ཏུ་བསྒྲུབས། དབང་ལུང་ཁྲིད་གསུམ་དང་མན་ངག་ཞལ་ལུང་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་སྐྱབས་རྗེ་དམ་པ་དེ་ཉིད་ཀྱི་སྲས་ཀྱི་ཐུ་བོར་གྱུར།
      1947ལོ་སྟེ་དགུང་ལོ་བཅུ་བར་རིགས་སྨྲའི་ཁྱུ་མཆོག་བཤེས་གཉེན་རབ་འབྱམས་པ་འཇམ་དབྱངས་གྲགས་པ་མཚན་ཉིད་དགེ་རྒན་དུ་བསྟེན་ཏེ་བསྡུས་གྲྭ། བློ་རྟགས།ས་ལམ། དོན་བདུན་ཅུ། ལམ་རིམ། སྤྱོད་འཇུག་སོགས་ཀྱི་དཔེ་ཁྲིད་ཞིབ་རྒྱས་གསན། རྩོད་པ་དང་དཔེ་གཟིགས།དཔེ་ཁྲིད་ཉིན་རེར་ཆག་མེད་མཛད། 1951ལོར་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཆིབས་ཁ་བསྒྱུར་ཏེ། ཇོ་ཤཱཀྱ་རྣམ་གཉིས་གཙོས་པའི་ལྷ་སའི་གཙུག་ལག་ཁང་རྣམས་དང་། རྒྱུད་གྲྭ་སྟོད་སྨད་སོགས་རྟེན་གཙོ་ཁག་ལ་མཇལ་ཕྱག་དང་མཆོད་འབུལ། རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་བ་ཆེན་པོར་གཟིམ་ཆུང་མཇལ་ཁ་ཞུས་ཏེ་དངོས་འབུལ་སྦམ་མཐོ་བ་བསྟར། འབྲས་སྤུངས་ཚོགས་ཆེན་དུ་ཆོས་བཞུགས་གནང་སྟེ་ཚོགས་ཆེན་སྤྲུལ་སྐུའི་མཚན་བཏགས་བཞེས། སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་པོ་དབལ་ཤུལ་འཇམ་དབྱངས་རྒྱ་མཚོ་ཚང་བླ་མར་བསྟེན། དོན་བདུན་ཅུ་ནས་བཟུང་གསེར་ཕྲེང་དང་སྦྲགས་ཕར་ཕྱིན་མཐའ་དཔྱོད་སྐབས་བརྒྱད་ཀ་དང་། ཟུར་བཀོད་དགེ་འདུན་ཉི་ཤུ་ནས་ཀུན་གཞིའི་བར་དུ་དཔེ་ཁྲིད་ཞིབ་རྒྱས་གནང་། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལ་རྩ་འགྲེལ་སྦྲགས་པའི་གསན་སྦྱོང་གནད་སྨིན་པ་མཛད། ཆོས་གྲྭར་ཆག་མེད་ཀྱི་སྒོ་ནས་རྩོད་པ་དམར་བ་མཛད་དེ་སྦྱང་བ་རྡོ་རུས་ཐུག་པ་གནང་། གོང་ས་རྒྱལ་བའི་དབང་བོ་མཆོག་ལས་སྐྱེས་རབས་སོ་བཞི་དང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་སྟ་གོན་དང་བཅས་པ། རྒྱན་འཇུག་གཉིས་དང་བླ་མའི་རྣལ་འབྱོར་བཅས་ཀྱི་ལྗགས་ལུང་གསན། 1953ལོར་གཙང་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་ཞལ་སྔ་ནས་དགའ་ལྡན་ལྷ་བརྒྱ་མ་དང་ཡོན་ཏན་གཞིར་གྱུར་མའི་ལྗགས་ལུང་གསན། ནོ་མོན་ཧན་གྱི་བཀའ་ཤོག་དང་ཐམ་གའི་ཆོ་ལོ་བསྩལ་ཏེ་དམིགས་བསལ་གྱི་གཟེངས་བསྟོད་རྒྱ་ཆེར་གནང་།
      1954ལོར་འབྲས་སྒོ་མང་གྲྭ་ཚང་གི་དགེ་འདུན་ཆིག་ཁྲི་འདུས་པའི་དབུས་སུ་ཕར་ཕྱིན་དམ་བཅའ་བཞག ལུང་གི་ནོན་བཙན་ཞིང་རིགས་པའི་འགྲོས་བཟང་བ་ལ་འབུམ་ཕྲག་སྐྱེ་བོས་བསྟོད་པའི་མགྲིན་དབྱངས་ཅིག་ཅར་དུ་བསྒྲགས། 1955ལོར་རོང་བོ་དགོན་ཆེན་གྱི་དུས་ཞབས་པ་མཁས་དབང་སྟག་ལྷའི་མདུན་ནས། རྒྱ་བོད་ཀྱི་རྩིས་གཞུང་ལྔ་བསྡུས་ནས་གཟའ་ལྔའི་བར་གོ་རིམ་ཐར་ཆགས་སུ་སྦྱངས། 1956ལོར་བྲག་དཀར་སྤྲེལ་རྫོང་དུ་བྱོན་ཏེ་རིགས་བརྒྱའི་ཁྱབ་བདག་སྐྱབས་རྗེ་ཨ་རོལ་རིན་པོ་ཆེ་ལས་དུས་འཁོར་དབང་ཆེན་དང་མི་ཊ་རྡོར་ཕྲེང་སོགས་སྤྱི་ཟུར་གྱི་དབང་རྗེས་གནང་ལུང་ཁྲིད་སོགས་གསན་བཞེས་མཛད། དབུས་ཀྱི་བཤེས་གཉེན་ཆེན་པོ་འཇམ་དབྱངས་རྒྱ་མཚོ་ཚང་སྤྲེལ་རྫོངདགོན་པའི་དགེ་རྒན་དུ་ཕེབས་ཡོད་པ་གཏེར་ལུང་དུ་གདན་དྲངས་ཏེ། གྲུབ་མཐའ་ཆེན་མོ་རྩ་འགྲེལ་སྦྲགས་པ་དང་མཛོད་རྩའི་དཔེ་ཁྲིད་ཞུས་ཤིང་ཐོས་བརྩོན་རྒྱ་ཆེར་བཙལ། 1957ལོར་སླར་སྤྲེལ་རྫོང་དུ་ཕེབས་ཏེ། སྐྱབས་རྗེ་ཨ་རོལ་རྡོ་རྗེ་འཆང་མཁན་སློབ་སྦྲགས་མ་དང་། འདུལ་འཛིན་ཆེན་པོ་སྐྱབས་རྗེ་མི་ཉག་རིན་པོ་ཆེ་གསང་སྟོན་མཁན་པོ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དུས་འཁོར་དབང་ཆེན་སོགས་དབང་ལུང་རྗེས་གསུམ་མང་དུ་གསན་པ་གཙོས། མི་ཉག་རིན་པོ་ཆེའི་དྲུང་དུ་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་དང་། དམིགས་བརྩེ་མའི་བེའུ་བུམ་སོགས་ལུང་རྐྱང་གི་རིགས་མང་དུ་གསན། ལོ་དེའི་སྟོན་ཁར། རང་དགོན་གཏེར་ལུང་དུ་བཤེས་གཉེན་ཆེན་པོ་འཇམ་དབྱངས་རྒྱ་མཚོའི་དྲུང་དུ། གུང་ཐང་འདུལ་སྡོམ་དང་། སྡོམ་གསུམ་བསླབ་བྱ། གཞི་གསུམ་ཆོ་ག་སོགས་ཞིབ་རྒྱས་གསན། དགུན་ཁར་བཤེས་གཉེན་ཆེན་པོ་བཞག་སྡོམ་ཨ་ཁུ་རིན་པོ་ཆེ་གཏེར་ལུང་དུ་གདན་དྲངས་ཏེ། དབྱངས་ཅན་སྒྲ་མདོ་དང་སྦྲགས་པའི་འགྲེལ་བ་གསལ་ལྡན་གྱི་དཔེ་ཁྲིད་ཞུས་ཏེ་སྒྲ་རིག་རྒྱ་མཚོའི་གནས་ལ་སྦྱངས་པ་གནད་སྨིན་མཛད། 1958ལོར་དུས་འགྱུར་གྱིས་བསྟན་པ་ལ་ཉམས་འགྲིབ་ཆེན་པོ་བྱུང་བས་རྗེ་ཉིད་ཀྱང་རྒྱལ་ཁྲིམས་ལ་སྦྱར་ཏེ་ཟི་ལིང་དུ་བསྐྱལ། བཙོན་ལས་སྐྱབས་མགོན་ཤར་སྐལ་ལྡན་བདུན་པ་ཆེན་པོ་དང་མཇལ་ཏེ་གསང་ཐབས་ཀྱིས་དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་ལུས་སྲུང་གི་གསང་བའི་མན་ངག་བཀའ་རྒྱ་མའི་ཁྲིད་དང་། ཏིང་ངེ་འཛིན་གྱི་དབང་བཞི་ཐུན་མོང་མ་ཡིན་པའི་ལུང་བཅས་མནོས། སྐྱབས་མགོན་མཆོག་ལ་ཆོས་རྣམ་གྱི་རྒྱུའི་བྱིན་རླབས་ཞུས་ཤིང་བསླབ་ཁྲིམས་སྲོག་ལས་གཅེས་པ་མཛད། རྐྱེན་ངན་དགེ་བའི་གྲོགས་སུ་བསྒྱུར་ནས་བཙོན་ཁང་དུ་བདེ་གསང་འཇིགས་གསུམ་དང་། དུས་འཁོར་རྩ་སྔགས་འབུམ་ཕྲག་ལྔ་བཅུ་རེ་དང་། འཇམ་དཔལ་མཚན་བརྗོད་དག་ཚར་ལྔ་བརྒྱ་ལྷག་གསང་ཟློས་གནང་། 1962ལོའི་སྤྱི་ཟླ་དགུ་བར་བཙོན་གྲོལ་ཐོབ་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། འཇམ་བཞད་དྲུག་པ་ཆེན་པོར་དངོས་མཇལ་དང་། ཚོགས་ཆེན་འདུ་ཁང་ཆེན་མོའི་འདུས་པ་རྒྱ་མཚོར་མཆོད་མཇལ་རྒྱས་པ། ཀུན་མཁྱེན་གོང་མ་ཡབ་སྲས་ཀྱི་སྐུ་གདུང་དང་མགོན་ཁང་སོགས་ལ་མང་མཇལ་དང་བཅས་ཐུགས་སྨོན་གང་ཟབ་གནང་།
      1963ལོར་ཁུལ་སྲིད་གྲོས་ཨུ་ཡོན་དུ་བདམས། 1965ལོའི་ལོ་འཁོར་ཧྲིལ་བོར་ཀན་སུའུ་ཞིང་ཆེན་གྱི་ཆབ་སྲིད་སློབ་གྲྭར་བྱོན་ནས་ཆབ་སྲིད་ཤེས་བྱར་སློབ་སྦྱོང་ནན་མོ་མཛད། 1966ལོར་རིག་གསར་གྱི་འགོ་ལངས་པ་དང་སླར་བཙོན་དུ་བཅུག བཙོན་ཁང་དུ་འཇིགས་བྱེད་ཀྱི་སྙིང་བོ་འབུམ་རྒྱ། མ་ཎི་བྱེ་ཆེན། ལྟུང་བཤགས་དང་བཟང་སྤྱོད་ལྔ་སྟོང་རེ་གྲངས་གསོག་གནང་།
      1968ལོར་བཀས་བཀོད་རྒྱུད་འཛིན་གྱི་ཞྭ་མོ་བསྐོན་ནས་རྫོང་བསང་ཆུའི་བང་གུར་ཐང་ཞང་གི་དགའ་ཕུག་སྡེ་གྲོང་དུ་ངལ་རྩོལ་བསྒྱུར་བཀོད་བྱེད་པར་མངགས་ཏེ་ལོ་བཅུ་གཅིག་ལ་བཞུགས། བཞད་སྒྲའི་སྐབས་མིན་བསྟོད་པའི་རྒྱན་གྱི་དཔེར་བརྗོད་ཀྱང་སྐབས་དེའི་མྱོང་བ་དྲན་ནས་བྲིས་པར་གསུངས། དེ་གར་བཞུགས་རིང་ངལ་རྩོལ་གྱི་ཞར་ལ་དད་འདུན་ཅན་དུ་མའི་གྲོགས་དན་སྡེབ་པ་ལ་བརྟེན་ནས་གཞན་ཕྱོགས་ལས་གསང་སྟབས་ཀྱིས་ཕྱག་དཔེ་མང་བོ་གཡར་ཏེ་ལྐོག་ཏུ་རྗེའི་ལམ་སྔགས་དང་རིམ་ལྔ་སོགས་བསྐྱེད་རྫོགས་སྐོར་དང་། ལམ་རིམ་བློ་སྦྱོང་དང་རིག་གནས་སྐོར་ལ་དཔེ་གཟིགས་རྒྱུན་ཆད་མེད་པ་གནང་བ་དང་འབྲེལ་ཉམས་ལེན་ཀྱང་སྨིན་རྒྱས་མཛད། 1979ལོར་དཀར་འདོན་གནང་སྟེ་ཁུལ་ཀན་ལྷོའི་མི་རིགས་སློབ་གྲྭའི་དགེ་རྒན་དུ་གདན་དྲངས། དགེ་སློབ་རྣམས་ལ་སྙན་ངག་གི་སློབ་ཁྲིད་གནང་བ་དང་འབྲེལ་སྙན་འགྲེལ་ཚངས་སྲས་བཞད་སྒྲ་ལྗགས་རྩོམ་གནང་། 1985ལོར་གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གྲྭ་གསར་དུ་བཙུགས་ཏེ་སློབ་གྲྭའི་སློབ་སྤྱི་གཞོན་པར་བསྐོས། མི་རིགས་སློབ་གསོ་དང་ཁྱད་པར་དུ་བོད་རིགས་སློབ་གསོའི་ལས་དོན་ལ་བརྟུན་པ་བསྐྱེད་ནས་ཀན་ལྷོའི་སློབ་གསོ་དང་འཛུགས་སྐྲུན་ལས་དོན་ལ་མཛད་རྗེས་རྨད་དུ་བྱུང་བ་བཞག 1986ལོར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཕྱག་ཕྱིར་འབྲངས་ནས་ཟི་ཁྲོན་དཀར་མཛེས་ཁུལ་དང་། བོད་ལྗོངས་ཆབ་མདོ་ཁུལ།ཡུན་ནན་བདེ་ཆེན་ཁུལ། ཏཱ་ལིས་གྲོང་ཁྱེར(འཇང་ཡུལ)སོགས་ལ་གཟིགས་རྟོགས་གནང་བར་ཕེབས། 1987ལོར་ཀུན་གཟིགས་པཎ་ཆེན་མཆོག་གི་བཀའ་ཕེབས་ལྟར་པེ་ཅིན་དུ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གསར་འཛུགས་གནང་བའི་གྲ་སྒྲིག་ཚོ་ཆུང་གི་གྲས་སུ་སློབ་དེབ་གསར་སྒྲིག་གི་འགན་གནས་སུ་ཞུགས། སྐབས་དེར་པཎ་ཆེན་རིན་པོ་ཆེས་ཁོང་ལ་ནང་བསྟན་སློབ་གྲྭ་འདི་གསར་དུ་བཙུགས་པ་ལ་སློབ་གསོའི་བྱ་བར་ཉམས་མྱོང་ཡོད་པའི་འགོ་འདྲེན་ཞིག་དགོས། ད་ལྟའི་བླ་སྤྲུལ་ནང་ན་དེའི་ཉམས་མྱོང་ཅན་དཀོན། ལྷ་ས་ན་རྒན་པ་འགའ་རེ་བཞུགས་ཀྱང་དགུང་ལོ་སྨིན་པས་པེ་ཅིན་ལ་སླེབས་མི་ཐུབ། ཁྱེད་སློབ་གསོའི་སྡེ་ཁག་ཏུ་ཡོད་པས་ཉམས་མྱོང་ཡོད། པེ་ཅིན་ལ་ཡོང་ནས་ནང་བསྟན་སློབ་གླིང་གི་འགན་འཁུར་དགོས་ཞེས་བཀའ་གསུང་ཕེབས་པ་ལ། ཁོང་གིས་ཀན་ལྷོའི་བོད་རིགས་སློབ་གསོར་ཉམས་ཉེས་འབྱུང་དོགས་ཀྱིས་ཁག་གཞན་ལ་དཀྲིས་ནས་དགོངས་པ་ཞུས། པཎ་ཆེན་རིན་པོ་ཆེས་དགོངས་པ་གྲོལ་ཀྱང་ནང་བསྟན་སློབ་གླིང་དུ་དཔེ་ཁྲིད་རྒྱུན་ཅན་ཞུ་དགོས་པའི་བཀའ་བྱུང་བ་དང་དུ་བླངས་ཏེ། 1998ལོའི་བར་དུ་པེ་ཅིན་ནང་བསྟན་སློབ་གླིང་དུ་གྲུབ་མཐའ་དང་འདུལ་བ་སོགས་ཀྱི་སློབ་ཁྲིད་ལོ་རེར་ཟླ་གསུམ་རེ་རྒྱུན་ཆགས་སུ་གནང་། དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན་ཡང་སྐབས་དེར་ཀུན་གཟིགས་མཆོག་གི་བཀའ་ལྟར་སློབ་གླིང་གི་དགོས་པར་བརྩམས། 1990ལོར་སློབ་དཔོན་ཆེན་མོའི་གོ་འཕང་ལ་མངའ་བརྙེས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོག་སྣོན་ལེན་པའི་སློབ་གསོའི་ཆེད་ལས་པར་བདམས། 1992ལོའི་ཧོར་ཟླ་བརྒྱད་པར་མགར་རྩེ་དགོན་གྲོང་གཉིས་ཀྱི་གསོལ་བ་ཡང་ཡང་བཏབ་པ་ལྟར་དད་ལྡན་མང་ཚོགས་དྲུག་ཁྲི་བརྒལ་བ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་ཟབ་མོ་ཕྱག་ལེན་རྒྱས་པའི་ལུགས་སུ་གནང་སྟེ། དབང་གི་དཀྱིལ་འཁོར་ལ་རང་བྱུང་འོད་ཀྱི་ཀ་བ(འདི་དཀྱིལ་འཁོར་པར་བརྒྱབ་པ་ལ་མངོན་སུམ་དུ་བྱུང)ཤར་བ་སོགས་ཆོས་ཉིད་ལས་འདས་པའི་ཁྱད་རྟགས་ངོ་མཚར་བ་མང་བོ་བྱུང་། ལོ་དེར་ཀན་སུའུ་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་སྐྱེད་ཀྱི་སྔོན་ཐོན་མི་སྒེར་ཞེས་པའི་མཚན་སྙན་ཐོབ་པ་མ་ཟད། 1997ལོར་ཡང་དེ་ལྟའི་མཚན་སྙན་གྱི་མཚར་དགའ་ཐོབ།
      1980ལོ་ནས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་ལམ་ཕྱོགས་ཡང་དག་པའི་འོད་སྣང་ལ་བརྟེན་ནས་ཡུལ་དུས་ཀྱི་དགོས་པ་ལྟར། 《ཚངས་སྲས་བཞད་པའི་སྒྲ་དབྱངས།》《དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན།》《ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན།》《སྐྱབས་རྗེ་ཨ་རོལ་རིན་པོ་ཆེའི་རྣམ་ཐར།》《དམ་ཆོས་འདུལ་བའི་ཟིན་བྲིས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན།》《མགར་རྩེ་དགོན་པའི་གདན་རབས་དང་བཅས་འཇམ་དབྱངས་མཐོང་གྲོལ་ཆེན་མོའི་དཀར་ཆག》《རེབ་གོང་སྐྱབས་མགོན་བདུན་པའི་རྟོགས་བརྗོད།》《གཏེར་ལུང་དགོན་པའི་བཅའ་ཡིག》སོགས་བརྩམས་གྲུབ་གནང་།《ཚངས་སྲས་བཞད་སྒྲ》ལ་སྐབས་བཞི་བའི་བྱང་ཁུལ་གྱི་ཞིང་གྲོང་རང་སྐྱོང་ལྗོངས་བཅོ་ལྔའི་ཁྱད་འཕགས་དཔེ་དེབ་ཀྱི་བྱ་དགའ་དང་། ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་སྐོར་གྱི་ཁྱད་འཕགས་དཔེ་དེབ་ཀྱི་བྱ་དགའ། ཀན་སུའུ་ཞིང་ཆེན་སློབ་གྲྭ་ཆེན་མོའི་ཁྱད་འཕགས་བསླབ་དེབ་ཀྱི་བྱ་དགའ་རྣམས་རིམ་པར་ཐོབ། ད་ལྟ་ཀན་སུའུ་གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭའི་སློབ་སྤྱི་གཞོན་པ་དང་སློབ་དཔོན་ཆེན་མོའི་འཁྲི་བ་ལྷུར་བཞེས་ཀྱིས་སྣོད་ལྡན་དོན་གཉེར་ཅན་གྱི་བུ་སློབ་སྟོང་ཕྲག་དུ་མར་རིག་གནས་ཀྱི་གྲུ་ཆར་དགོས་འདོད་དུ་སྩོལ་བ་དང་མཉམ་དུ། སྲིད་གྲོས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ཨུ། སྲིད་གྲོས་ཁུལ་ཀན་ལྷོའི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ། ཀན་སུའུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་སྤྱི་གཞོན་པ། ཀན་སུའུ་དམངས་སྲོལ་ཞིབ་འཇུག་ཚོགས་པའི་ཚོགས་སྤྱི་གཞོན་པ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུའི་ཞིབ་འཇུག་པ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན་ཆེན་མོ་སོགས་སྤྱི་ཚོགས་ཀྱི་འགན་འཁྲི་མི་ཉུང་བ་གཅིག་ལྕོགས་སུ་ལྷུར་བཞེས་ཀྱི་ཚུལ་དུ།གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭར་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་མཛད་འཕྲིན་ལ་ཉིན་མཚན་དབྱེར་མེད་དུ་གཞོལ་ཞིང་འགྲུས་མུས་སུ་བཞུགས་ལགས་པའི་སྐབས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...