སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དགེ་རྒན་ཆེན་མོ་བདེ་མཆོག་ཚང་གི་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-9 10:36:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     དགེ་རྒན་ཆེན་མོ་བདེ་མཆོག་ལགས་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། བོད་ཀྱི་བརྡ་སྤྲོད་རིག་པའི་ཆེད་མཁས། མཚོ་སྔོན་ཞིང་ཆེན་གནའ་དཔེ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན།
     ཁོང་ནི1941ལོར་མདོ་སྨད་ས་ཡི་ཐིག་ལེ་བིས་མདོ་ཕྱོགས་སུ་འཁྲུངས། དགུང་ལོ་གསུམ་པ་ནས་བཟུང་། བིས་མདོ་དགོན་ཆེན་དུ་ཕེབས་པ་དང་། དགུང་ལོ་བཅུ་པའི་སྟེང་དགོན་པའི་ཚོགས་ལ་དངོས་སུ་ཞུགས། དེ་ནས་དགུང་ལོ་བཅོ་བརྒྱད་བར་དུ། དགེ་བའི་བཤེས་གཉེན་ལྷ་སྡེ་ཨ་ཁུ་བརྩོན་འགྲུས་ནོར་བུ་ཚང་དང་། ཤུགས་ཚང་ཨ་ཁུ་ཐུབ་བསྟན་དོན་གྲུབ་སོགས་བསམ་སྦྱོར་གཉིས་ཀྱིས་ལེགས་པར་བསྟེན་ཏེ། དགོན་པའི་ཞལ་འདོན་དང་། བསྡུས་གྲྭ། དབུ་མེད་ཀྱི་བྲིས་རྒྱུན་སོགས་ལེགས་པར་སྦྱངས། དགུང་ལོ་བཅོ་བརྒྱད་དེ་སྤྱི་ལོ1958ལོར་དགོན་པ་ལ་གཏོར་སྐྱོན་བྱུང་བ་དང་ལྷན་དུ། མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་གྲྭར་ཕེབས་ནས་སློབ་གཉེར་གནང་། སྒོབ་གྲྭའི་དགེ་རྒན་ཨ་ཁུ་ཐུབ་བསྟན་སོགས་བསྟེན་ནས་བོད་ཀྱི་རིག་གནས་སོགས་སློབ་གཉེར་མཛད། དགུང་ལོ་ཉེར་གཅིག་སྟེ། སྤྱི་ལོ1961ལོར་སློབ་གྲྭར་གཏོར་སྐྱོན་བྱུང་བས། མཚོ་ལྷོ་ཁུལ་དགེ་ཐོན་སློབ་གྲྭར་ཕེབས། སློབ་གྲྭའི་དགེ་རྒན་ཨ་ཁུ་སངས་གོ་ཚང་དང་ཨ་ཁུ་བན་གོ་དང་། ཨ་ཁུ་དབང་འབུམ་རྒྱལ་ཚང་། ཨ་ཁུ་ལྷ་མོ་ཚེ་བརྟན་སོགས་ཀྱི་མདུན་ནས་རིག་གནས་དང་ཆབ་སྲིད་སོགས་སྦྱངས། སྤྱི་ལོ1965ལོའི་ཟླ7པར་སློབ་འབྲིང་མཐར་ཕྱིན་ཏེ། སྲིད་གཞུང་གི་བཀོད་སྒྲིག་ལྟར་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གི་ཧོ་ཁ་དང་ཆུ་དྲོན་སོགས་སུ་དགེ་རྒན་གྱི་དངོས་སྦྱོང་ལོ་གཅིག་ལ་གནང་། སྤྱི་ལོ1966ལོར་མཚོ་སྔོན་མི་རིགས་སློབ་འབྲིང་སྟེ་དེང་གི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གྲ་སྒྲིག་སློང་གྲྭ་རུ་ཕེབས་ནས་དགེ་རྒན་གྱི་ཕྱག་ལས་གནང་བའི་མགོ་ཚུགས། སྤྱི་ལོ1969ལོ་ནས་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་ཆེན་མོའི་དགེ་རྒན་མཛད། སྤྱི་ལོ1972ལོ་ནས་སྤྱི་ལོ1974ལོའི་བར། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྒྱ་ཡིག་སྡེ་ཁག་ནས་སློབ་གཉེར་གནང་། སྤྱི་ལོ1974ལོ་ནས་སྤྱི་ལོ2004ལོའི་བར་གྱི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། སློབ་གྲྭ་དེའི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ནས་དགེ་རྒན་གྱི་ཕྱག་ལས་གནང་ཞིང་། སྔ་རྗེས་སུ་དགེ་བའི་བཤེས་གཉེན་ཆེན་པོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་བརྗོད་ན༧རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་དང༧རྡོ་རྒྱ་སྐུ་ལོ་སོགས་བསྟེན་ནས་ཚད་མ་རིག་པ་དང་། ནང་བསྟན་ཆོས་ལུགས་སོགས་ལ་སྦྱང་བ་མི་དམན་པ་མཛད། སྤྱི་ལོ1994ལོ་ནས་བཟུང་། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་དགེ་རྒན་གྱི་འགན་བཞེས། ཁོང་གི་སློབ་ཁྲིད་གཙོ་བོ་ནི་བོད་ཀྱི་བརྡ་སྤྲོད་རིག་པ་དང་། བོད་བརྒྱུད་ནང་བསྟན་གྱི་བྱུང་འཕེལ་ལོ་རྒྱུས་སོགས་ཡིན། ཁོང་གིས་སྔ་རྗེས་སུ་མཚོ་སྔོན་བརྙན་འཕྲིན་ཁང་དང་། བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་མང་པོར་ཕེབས་ནས་སུམ་རྟགས་ཀྱི་ཁྲིད་རྒྱུན་སྤེལ་ཞིང་འཆད་ཁྲིད་མཛད། སྤྱི་ལོ2016ལོར་ཁོང་གི་བརྡ་སྤྲོད་རིག་པའི་སློབ་ཁྲིད་དངོས་སུ་འོད་སྡེར་ལ་བཀོད་ནས་འགྲེམ་སྤེལ་བྱས། སྤྱི་ལོ2004ལོར་དངོས་སུ་ལས་འཁྱུར་ངལ་གསོ་གནང་ནའང་། ད་ལྟའི་བར་དུ་མཚོ་ལྷོ་དང་མགོ་ལོགརྔ་བ་སོགས་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་མང་པོར་ཕེབས་ནས་སུམ་རྟགས་གཉིས་གཙོ་བྱས་པའི་བོད་ཀྱི་རིག་གནས་སྣ་མང་གི་སློབ་ཁྲིད་གནང་མུས་སུ་མཆིས།
     ཁོང་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ནང་བྱན་ཆུད་ཅིང་། སློབ་མ་སྐྱོང་བའི་ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཡིན་པར་མ་ཟད། དེང་རབས་ཀྱི་སྤྱི་ཚོགས་བསླབ་བྱ་དང་། བསམ་བློ་ཡར་ལྡན་དུ་སྤེལ་མཁན་གྱི་བསམ་བློའི་དེད་དཔོན་ཆེན་པོའང་ཡིན།
     མཇུག་མཐར། ཁོང་གི་སྐུ་ཚེ་རྒྱལ་མཚན་བརྟན་ཞིང་འཆད་ཉན་གྱི་འཕྲིན་ལས་དབྱར་མཚོ་བཞིན་རྒྱས་པའི་སྨོན་འདུན་ཞུ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...