སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དགེ་རྒན་ཆེན་མོ་སྔོ་དེའུ་སྒོམ་པ་བཀྲ་ཤིས།
རྩོམ་པ་པོ། ཁོ་ཚེ་འཛུམ་ཟེར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-29 9:29:00 རྩོམ་ཁུངས། སྒང་ལམ་པའི་རྩོམ་རིག ཀློག་གྲངས།

     སྒོམ་པ་བཀྲ་ཤིས་ལགས་ནི། 1961ལོའི་ཟླ10བར་ཀན་ལྷོ་འབོ་ར་རུ་སྐྱེས། ཆུང་དུས་ནས་བཟུང་རིག་གནས་དང་མི་གཤིས་ལ་བག་ཆགས་བཟང་བོ་བཞག་ཡོད་པས། 1969ལོའི་ཟླ3པར་ཁོང་གི་གཞིས་ཁྱིམ་དང་ཁད་མི་རིང་བའི་ས་ན་གནས་པའི་བསང་ཆུ་རྫོང་གི་གཞི་རིམ་སློབ་གྲྭ་ཞིག་ཡོད་པ་དེ་རུ་ཞུགས་ཏེ། བརྩོན་པ་དྲག་པོའི་སྒོ་ནས་སྣ་ཚོགས་ཤེས་རིག་གི་ཉིང་བཅུད་གཞིབ་ཏེ་ཕུལ་དུ་བྱུང་བའི་རྒྱུགས་འབྲས་ཀྱིས་རྗེས་ཕྱོགས་ཀྱི་སློབ་སྦྱོང་ལ་སྲ་བརྟན་གྱི་རྨང་གཞི་བཏིང་ནས་སློབ་མཐར་ཕྱིན་པའི་ཚེ། སློབ་གསོའི་འབྲེལ་ཡོད་སྡེ་ཁག་དང་གོང་རིམ་རྩ་འཛུགས་ཀྱིས་ཁོང་གི་བླ་མེད་ཀྱི་མི་གཞི་དང་ཡོན་ཚད་ལ་དམིགས་ཏེ་ཆེད་དུ་འབོ་ར་སློབ་ཆུང་གི་དགེ་རྒན་དུ་བསྐོ་བཞག་གནང་། དུས་དེ་ནས་བཟུང་ཁོང་དང་མི་རིགས་སློབ་གསོའི་བར་ལ་མི་འགྱུར་མི་གཡོ་བའི་ལས་དབང་གི་གསེར་གྱི་ཐག་པས་དམ་པོར་བསྡམས་ཤིང་། མི་རིགས་སློབ་གསོ་ལ་བླ་མེད་ཀྱི་ཕྱག་རྗེས་འཇོག་པའི་དབུ་ཡང་དེ་ནས་བརྩམས་ཤིང་། ཁོང་གིས་སྔ་ཕྱིར་འབོ་ར་སློབ་ཆུང་གི་སློབ་གཙོའི་འགན་དང་། ཤང་སྲིད་གཞུང་གི་རིག་གནས་སློབ་གསོའི་ལས་ཞབས་པའི་འགན་ཡང་བཞེས་མྱོང་། སྐབས་དེར་སྒོམ་པ་བཀྲ་ཤིས་ལགས་ཀྱིས་མེ་ཚེ་ལ་རིན་ཐང་བསྐྲུན་པ་དང་། མི་རིགས་སློབ་གསོ་ལ་བྱ་བ་བསྒྲུབ་ན་རང་རྒྱུད་ཀྱི་ཤེས་བྱ་འདི་ཙམ་གྱིས་རྔོ་མི་ཐོགས་པར་དགོངས་ཤིང་། ད་དུང་ཤེས་པ་འཚོལ་དགོས་པའི་མི་ལྡོག་དམ་བཅའ་བརྟན་པོ་སྙིང་ལ་བཅངས་ཏེ། 1981ལོའི་ཟླ9པར། སྐབས་དེར་གྲགས་པ་ཤིན་ཏུ་ཆེ་བའི་ཀན་ལྷོ་མི་རིགས་སློབ་གྲྭ་རུ་རྒྱུགས་སྤྲད་དེ་འཕྲོད་ཅིང་། དུས་དེར་སློབ་གྲྭ་དེ་ག་ན་བསེ་ཚང་བློ་བཟང་དཔལ་ལྡན་དང་། སྐུ་ཞབས་སྨོན་ལམ་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་ཆོས་འཕེལ་སོགས་ཚུལ་བཞིན་བསྟེན་ཏེ་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའི་སྐོར་དང་དེ་མཐུན་གྱི་གཞུང་ལུགས་ལའང་ཞིབ་ཆ་ལྡན་པའི་སྒོ་ནས་སྦྱང་བ་རྣལ་མ་བྱས་ཤིང་། དེ་འབྲེལ་གྱི་ཡིག་ཆ་འབོར་ཆེན་ཞིག་ལའང་ཞིབ་གཟིགས་ནན་ཏན་བྱས་ཏེ་བོད་རིག་པ་དར་རྒྱས་དང་ཞིབ་འཇུག་གི་རྒྱུན་མཐུད་པར་རྨང་གཞི་བརྟན་པོ་བཏིང།
     1983ལོར་སྒོམ་པ་བཀྲ་ཤིས་ལགས་སློབ་གྲྭ་དེ་ནས་སློབ་མཐར་ཕྱིན་རྗེས། ཕ་ཡུལ་དང་མི་རིགས་སློབ་གསོར་བཅངས་པའི་བརྩེ་སེམས་དེ་འདོར་མ་ཐུབ་པར། བསང་ཀླུང་སྔོན་མོའི་འགྲམ་ན་ཆགས་པའི་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་ལས་ཀ་སྒྲུབ་རྒྱུའི་སེམས་ཐག་བཅད་དེ། སློབ་གྲྭ་དེ་ནས་བོད་སྐད་ཡིག་གི་སློབ་ཁྲིད་ཀྱི་འགན་ཁུར་ཏེ། དུས་ཚོད་ཀྱི་བར་གསེང་རེ་རེ་ནས། སློབ་གྲྭ་དེའི་སློབ་མ་རྣམས་ལ་བརྡ་སྤྲོད་དང་། སྙན་ངག ལེགས་བཤད། ལོ་རྒྱུས་སོགས་ཟུར་ཁྲིད་བྱས་ཏེ། མི་རིགས་རང་གི་རིག་གནས་མི་ཉམས་གོང་འཕེལ་ལ་དུས་ཚོད་ཆུད་ཟོས་སུ་མ་བཏང་བ་མ་ཟད། དུས་ཚོད་ཀྱི་ཁོམ་ལོང་ཕྲ་མོ་ཙམ་ཡང་འཕྲོ་བརླག་ཏུ་མི་གཏོང་བར་ཤེས་བྱ་འཚོལ་བའི་རླབས་ཆེན་གྱི་འདུན་པ་དེའི་རྒྱུ་བ་ལྷོད་དུ་མ་བཅུག་པར། དམུ་དགེ་བསམ་གཏན་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇམ་དབྱངས་ཉི་མ་དང་དགེ་བའི་བཤེས་གཉེན་ཡོན་ཏན་རྒྱ་མཚོ་སོགས་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ། རང་རིགས་ཀྱི་ལྔ་ཕྲག་ཟུང་གི་རིག་གནས་ཞིབ་ཏུ་སྦྱངས་ནས། མི་ཚེ་རིག་གནས་ལ་ཕུལ་ཞིང་རིག་གནས་ཀྱིས་རྣམ་དཀར་བྱ་བ་བསྒྲུབ་པར་ཕྱི་གཙང་ནང་གཙང་གི་རྨང་གཞི་བཏིང་།
     ཁོང་གིས1986ལོར་བཙུགས་མ་ཐག་གི་གཙོས་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་པའི་སྐབས་སུའང་། གཙོས་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོས་ཁོང་གི་མི་གཤིས་དང་ཤེས་ཡོན་ལ་དམིགས་ཏེ། ཁོང་ཉིད་སློབ་མ་ཡིན་ངོས་ནས་འཛིན་གྲྭ་སྐོར་ཅིག་གི་དཔེ་ཁྲིད་ཀྱི་འགན་ཡང་འཁུར་དུ་བཅུག་པ་རེད། ཁོང་གིས་སློབ་གྲྭ་དེ་ནས་ལོ་གསུམ་གྱི་སྦྱང་བྱའི་རིག་ཚན་སོ་སོ་ལེགས་པར་སྦྱངས་ཤིང་ཡོངས་སུ་རྫོགས་པར་བྱས་ནས་གཡུར་ཟའི་འབྲས་བུ་དང་བཅས་སློབ་མཐར་ཕྱིན་པའི་ཚེ། ཁོང་གི་ཡིད་ལའང་མ་དྲན་པ་ཞིག་ལ། སློབ་གྲྭའི་དབུ་ཁྲིད་དང་སྡེ་ཁག་གི་དབུ་ཁྲིད་ཀྱིས་དྲན་དབང་ཉིད་ལ། ཁྱེད་སློབ་གྲྭ་འདིའི་དགེ་རྒན་དུ་བཞུགས་པར་ཐག་བཅད་འདུག་ཅེས་བརྗོད་པ་ལའང་། ཁོང་གིས་དེ་དག་ལ་སློབ་གྲྭ་དེ་ག་ནས་འདུག་པའི་བསམ་ཚུལ་མེད་པའི་ལན་ལྡོན་ཡང་། བསེ་ཚང་བློ་བཟང་དཔལ་ལྡན་སོགས་ཀྱི་གསུང་དྲོན་མོ་བུད་པས། སློབ་གྲྭ་དེ་ག་ནས་བསྡད་དེ་ཏང་གི་མི་རིགས་སློབ་གསོའི་ལས་དོན་ལ་ཡོད་ཚད་འབུལ་རྒྱུའི་སེམས་ཐག་བཅད། ཁོང་གིས་ལོ་ངོ་དུ་མར་གཙོས་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་སློབ་མ་སྟོང་ཕྲག་མང་པོ་ཤེས་རིག་གི་བདུད་རྩིས་ཚིམ་པར་མཛད་དེ་མི་རིགས་སློབ་གསོའི་བྱ་བར་བསུབ་མེད་ཀྱི་ཕྱག་རྗེས་བཞག་པས། འཆད་ཁྲིད་སློབ་དཔོན་ནས་རིམ་པ་བཞིན་དུ་སློབ་དཔོན་ཆེན་མོའི་གོ་མིང་བཞེས་པ་འདི་ཡང་ཁོང་གིས་མི་ཚེ་རིག་གནས་ལ་ཕུལ་ཞིང་མི་རིགས་སློབ་གསོ་ལ་དོན་ངོ་མའི་དཀའ་སྡུག་གི་རྔུལ་ཆུ་གྲངས་མེད་གཏོར་བ་ལས་ཐོབ་པ་ཤ་སྟག་ཡིན།
     ཁོང་གིས་ཤེས་བྱ་འཚོལ་བའི་གོམ་སྟབས་དེ་མཚམས་མ་བཞག་པར1997ལོའི་ཟླ9པར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་པ་ལའང་། ཕུལ་དུ་བྱུང་བའི་རྒྱུགས་འབྲས་བླངས་ཏེ་བདེ་བླག་ཏུ་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་དོར་ཞི་གཙུག་ཏུ་བསྟེན་ཏེ། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ལ་སྔོན་ལྟར་གཉིད་ཆག་ཟས་བརྗེད་ཀྱི་སྒོ་ནས་སྦྱང་བ་གནད་དུ་ཐིངས་པ་བྱས་པས། གཞན་ཡིད་སྨོན་འཆོར་བའི་གྲུབ་འབྲས་ཀྱིས་ཉེ་བར་བརྒྱན་ཏེ་སློབ་མཐར་ཕྱིན་པའི་སྐབས་དེ་ལའང་། དྲན་དབང་འདི་ལ་སློབ་གྲྭ་དེ་གའི་བོད་རིག་པ་སློབ་གླིང་གི་དབུ་འཛིན་དང་སློབ་དཔོན་དམ་པ་དོར་ཞི་སོགས་ཀྱིས། སློབ་གྲྭ་དེ་ག་ནས་འདུག་དགོས་པའི་གསུང་བུད་ནའང་། ཁོང་གིས་གཙོས་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ་གལ་ཆེ་བར་དགོངས་ཏེ་ཕྱིར་ཕེབས། དྲན་དབང་འདིས་རང་གི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་དང་ཁོ་རང་ཉིད་སྐྱེད་བསྲིང་བྱས་པའི་གཙོས་དགེ་འོས་སློབ་གྲྭ་ཆེན་མོར་བཅངས་པའི་བརྩེ་སེམས་དེ་ལྷད་མེད་དྭངས་གཙང་གི་ངོ་བོ་འབའ་ཞིག་དུ་གྲུབ་པས། ཁོང་གིས་སྔ་གཞུག་ཏུ་བོད་ཡིག་སྡེ་ཁག་གི་དབུ་འཛིན་དང་བོད་རིག་པ་ཞིབ་འཇུག་ཁང་གི་དབུ་འཛིན་བཅས་ཀྱི་འགན་བཞེས་ནས་མི་རིགས་སྐད་ཡིག་དང་། མི་རིགས་སློབ་གསོ་ལ་གཞན་གྱིས་བསྒྲུན་དུ་མེད་པའི་ཕྱག་རྗེས་བཞག་གོ།
     ད་ལྟ་སྒོམ་པ་བཀྲ་ཤིས་ལགས་ཀྱིས་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་ཚན་དཔྱོད་ཁྲུའུ་དང་རིག་གཞུང་དུས་དེབ་རྩོམ་སྒྲིག་ཁང་གི་དབུ་འཛིན་གྱི་འགན་གཅིག་ལྕོགས་སུ་བཞེས་ཏེ། ཚན་དཔྱོད་དོ་དམ་དང་དུས་དེབ་རྩོམ་སྒྲིག སློབ་གསོ་སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག་སོགས་ཀྱི་ལས་ལ་འཇུག་མུས་སུ་ཡོད། བགྲང་བྱ་དུ་མའི་རིང་ཁོང་གིས་སློབ་གསོ་སློབ་ཁྲིད་དང་སྲིད་འཛིན་དོ་དམ་བྱ་བའི་ཞོར་ལ། དུས་ཚོད་དམ་འཛིན་བྱས་ཏེ《སློབ་ཆུང་སློབ་གསོ་རིག་པ》ཞེས་པའི་དེབ་སྟོད་སྨད་གཉིས་ཀྱི་སྒྲིག་སྒྱུར་གྱི་འགན་གཙོ་བཞེས་བྱས་ཏེ་པར་དུ་བསྐྲུན་པ་དང་། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་པའི་རྣམ་གཞག་བཤད་པ་གཅེས་བསྡུས་ཀྱི་དཔེ་དེབ་ཐོག་མ་སྟེ《རྩོམ་པའི་རྣམ་གཞག་བཤད་པ་གཡུ་མཚོའི་རླབས་ཕྲེང》ཞེས་པའང་རྩོམ་སྒྲིག་དཔར་བསྐྲུན་བྱས་ཏེ་ཀློག་མཁན་མང་བོའི་མིག་གི་དགའ་སྟོན་དུ་གྱུར་པ་རེད། ཁོང་གིས་སྒྱུར་སྒྲིག་བྱས་པའི《སློབ་ཆུང་སློབ་གསོ་རིག་པ》ལ་ཀན་སུའུ་ཞིང་ཆེན་སྐབས་ལྔ་བའི་རྨང་གཞིའི་སློབ་གསོའི་ཚན་དཔྱོད་གྲུབ་འབྲས་དང་། ཀན་སུའུ་ཞིང་ཆེན་སྐབས་དགུ་བའི་སྤྱི་ཚོགས་ཚན་རིག་གྲུབ་འབྲས་ཀྱི་བྱ་དགའ་ཐོབ། ཁོང་གིས་ལེགས་བསྒྲིགས་བྱས་པའི་གནའ་དཔེ《རྗེ་ལུང་བཟང་ནང་བ་ངག་དབང་བློ་བཟང་བསམ་གཏན་གྱི་གསུང་འབུམ》དེབ་ཕྲེང་བཞིའི་བདག་ཉིད་ཅན་དཔར་དུ་བསྐྲུན་པ་དེ་ལའང2006ལོར་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་གི་བྱ་དགའ་ཐོབ། ད་དུང་ཁོང་གིས་སྔ་ཕྱིར《ཚན་རིག་གི་བྱུང་བ་བརྗོད་པ》ཞེས་པའི་སློབ་མའི་ལྟ་ཀློག་གི་དཔེ་ཆ་གཉིས་དང་། 《མིའི་རིགས་ཀྱི་འཚོ་བའི་བརྒྱུད་རིམ》ཞེས་པའི་དེབ་གཅིག་བཅས་བོད་ཡིག་བོད་སྐད་དུ་བསྒྱུར་ཏེ་དཔར་དུ་བསྐྲུན་པ་དེས་ནི་སློབ་མའི་སློབ་ཕྱིའི་ལྟ་་ཀློག་ལ་ཕུན་སུམ་ཚོགས་པའི་ནུས་པ་ཐོན་ཞེས་གཟུ་བོ་དག་གིས་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད།
     དུས་ད་སྔའི་བར་དུ་ཁོང་གིས《བོད་ལྗོངས་ཞིབ་འཇུག》དང《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》སོགས་སུ་རིག་གཞུང་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ་ལ། དེ་ལས《བོད་ཀྱི་ཆོས་ལུགས་ཀྱི་ཆོ་གའི་གྱེར་ཚིག་གི་སྐོར་ཆེ་ལོང་ཙམ་གླེང་བ》ཞེས་པར་རྒྱལ་ཡོངས་སྐབས་དང་པོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་གཟེངས་བསྟོད་གཟིགས་བཟོས་ལས་དཔྱད་རྩོམ་སྐོར་གྱི་བྱ་དགའ་ཨང་གསུམ་པ་ཐོབ་ཅིང་། གཞན་ཁོང་གིས་གཙོ་འགན་བཞེས་པ་དང་སྒྲུབ་པའི་ལས་གཞི་ལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་འཆར་བཀོད་ལས"བོད་ཀྱི་གནའ་རབས་སྙན་ངག་ཞིབ་འཇུག"དང་སློབ་གསོ་པུའུ་ཡི་འཆར་བཀོད་ལས་གཞི"ཀྲུང་གོའི་བོད་སྐད་ཡིག་གི་རིག་གཞུང་དུས་དེབ་ཀྱི་གཞི་གྲངས་ཀྱི་མཛོད་འཛུགས་སྐྲུན་དང་ཞིབ་འཇུག"བཅས་ཀྱི་རྣམ་དཀར་གྱི་བགྱི་བ་སྒྲུབ་མུས་སུ་ཡོད་ལ། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་འཆར་བཀོད་ལས་གཞི"བོད་སྐད་ཡིག་གནའ་དཔེ་ཡིག་ཆ་གཅེས་བསྡུས་ཀྱི་གློག་རྡུལ་དཔྱད་ཡིག་གི་ཡིག་མཛོད་འཛུགས་སྐྲུན་དང་ཞིབ་འཇུག"སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ལས་གཞི་མང་པོའི་གྲས་སུ་ཞུགས་ཏེ་མི་རིགས་རང་གི་སྐད་ཡིག་དར་རྒྱས་སུ་གཏོང་བར་འབད་པ་ལྷུར་ལེན་བཞིན་མཆིས། 1999ལོའི་ཟླ9པར་ཀན་སུའུ་ཞིང་ཆེན་གྱི"ལྡུམ་རའི་བཟོ་བའི་བྱ་དགའ"སྟེ་ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན་གྱི་གཟེངས་བསྟོད་ཐོབ་ལ། 2003ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་སྣེ་འཁྲིད་པ་ལའང་བདམས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...