སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་ཡི་ལོ་རྒྱུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-15 10:13:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་ནི་སྤྱི་ལོ1947ལོའི་ཟླ6པར་མདོ་སྨད་རེབ་གོང་ཡུལ་གྱི་རྒྱལ་བུ་རླངས་ཚང་ལས་ཕྱོར་རུ་ཞེས་པའི་ཡུལ་དུ་སྐྱེས། རང་ལོ་བརྒྱད་པའི་སྟེང་དུ་སློབ་ཆུང་དུ་ཞུགས་ཏེ་ཡི་གེ་འབྲི་ཀློག་སོགས་བསླབས། 
     སྤྱི་ལོ1959ལོར་ནུབ་བྱང་མི་རིགས་སློབ་གླིང་དུ་འགྲིམ་པའི་སྐལ་བ་ཐོབ་ན་ཡང་རྐྱེན་དབང་གིས་ལོ་གཅིག་ཙམ་ལས་སྡོད་མ་ཐུབ། རང་ལོ་བཅོ་བརྒྱད་ལ་སོན་པ་ནས་རྐང་རྗེན་སྨན་པའི་བྱ་བར་ཞུགས། སྐབས་དེ་ནས་བཟུང་རོང་བོ་དགོན་ཆེན་གྱི་སྨན་རྒན་དྲུང་ཡིག་རྒྱ་མཚོ་དང་། ཨ་ཁུ་འོད་ཟེར་ཚང་། དགེ་བཤེས་ཆེན་མོ་དབྱིག་གཉེན་སོགས་ཀྱི་སྐུ་མདུན་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལག་ལེན་དང་བཅས་པར་སྦྱངས་པ་མཐར་ཕྱིན་མཛད། ཁྱད་པར་དུ་མདོ་སྨད་དུ་མཁས་པའི་གྲགས་པ་རབ་ཏུ་རྒྱས་པའི་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་ནས་རྒྱུད་ཆུང་གསུམ་དང་མན་ངག་རྒྱུད་ཀྱི་ཉེས་གསུམ་གསོ་བའི་འཆད་ཚུལ་ཐུན་མོང་མ་ཡིན་པ་རྣམས་གསན་བསམ་གནང་བའི་སྐལ་བ་ཐོབ། ཞོར་དུ་སྙན་ངག་སོགས་རིག་གནས་ཆུང་བ་དག་ལའང་སྦྱང་བརྩོན་མི་དམན་པ་བྱས། རང་ལོ་ཉི་ཤུ་ནས་བཞི་བཅུའི་བར་དུ་བོད་ཀྱི་རིག་གཞུང་སྤྱི་དང་བྱེ་བྲག་ལ་སྦྱངས་གོམས་བྱེད་པའི་སྐལ་བ་ཆེས་ཤིན་ཏུ་ཉག་ཕྲ་ནའང་བློ་སྤོབས་དང་སྡུག་རུས་བསྐྱེད་ནས་རེབ་གོང་ཡུལ་གྱི་གསར་རྙིང་གི་མཁས་བཙུན་ཕལ་མོ་ཆེའི་ཞབས་ལ་གཏུགས་ནས་བསྡུས་གྲྭ་དང་། ཚད་མ། དབུ་མ། ཕར་ཕྱིན། མངོན་པ། ལམ་རིམ་སོགས་དང་། རྣམ་མཁྱེན་ཤིང་རྟ་སོགས་རྒྱུད་སྡེ་ཕལ་ཆེ་བ་སྟེ་བཀའ་མདོ་རྒྱུད་གཉིས་ལ་བག་ཆགས་འཇོག་གང་ཐུབ་བྱས།
     སྤྱི་ལོ1953ལོའི་རྗེས་སུ་ཆོས་ལུགས་སླར་གསོ་མཛད་པ་དང་མཉམ་དུ་དགོན་ལ་ཁའི་དགོན་པའི་རེབ་གོང་ཉིན་ལྟ་ཀློང་ཆེན་སྔགས་མང་གི་ཕུར་བའི་སྒྲུབ་མཆོད་ཆེན་མོ་སླར་གསོའི་ལས་ཀའི་ནང་ཞུགས་ནས་དགེ་སྐུས་གྱི་མགན་བཞེས་མཛད་དེ་རིམ་བཞིན་དགེ་སྐུས་ཆེན་མོའི་མཚན་གནས་ད་ལྟའི་བར་བཞེས། སྤྱི་ལོ1954ལོ་ནས་རྨ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭའི་གསོ་རིག་སློབ་གསོའི་དགེ་རྒན་གྱི་བྱ་བར་ཞུགས་ནས་སྨན་པའི་འཛིན་གྲྭ་བདུན། ནད་གཡོག་གི་འཛིན་གྲྭ་གསུམ། གྲོང་གསེབ་སྨན་པའི་འཛིན་གྲྭ་གཉིས་དང་རབ་བྱུང་བཙུན་པའི་འཛིན་གྲྭ་གཅིག་སྟེ་བསྡོམས་པས་སློབ་མ་དྲུག་བརྒྱ་ལྷག་སྐྱེད་སྲིང་མཛད། དེའི་དུས་ན་གངས་རིའི་ཁྲོད་ཀྱི་སྨན་པའི་རྒྱལ་པོ་མཁན་ཆེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་རེབ་གོང་ཡུལ་དུ་ཕྱག་ཕེབས་ནས་གཡུ་ཐོག་སྙིང་ཐིག་གི་བཀའ་དབང་དང་དཔལ་ལྡན་རྒྱུད་ཀྱི་འགྲེལ་བཤད། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཆོ་ག་ལག་ལེན་དམར་ཁྲིད་ཀྱི་སྐལ་བ་བཟང་བོའི་བཀའ་དྲིན་བསྐྱངས།
     སྤྱི་ལོ1990ལོར་བོད་ལྗོངས་གསོ་རིག་སློབ་གླིང་དུ་ཁྲོ་རུ་རིན་པོ་ཆེ་དང་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་རྣམ་གཉིས་ཀྱི་དྲུང་དུ་གསོ་བ་རིག་པའི་དཀའ་གནད་དང་། རྒྱུད་རྒྱལ་གསང་བ་རྙིང་བོའི་འགྲེལ་ཆེན་གསུམ། མན་ངག་ལྟ་བའི་ཕྲེང་བ་དང་གཞན་དགའི་སྤྱོད་འགྲེལ། བློ་སྦྱོང་དོན་བདུན་སོགས་ཐོབ་པར་དཀའ་བའི་གཞུང་གདམས་རྣམས་ནོག་ཆོས་སུ་བསྩལ། 
     སྤྱི་ལོ1998ལོར་མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་གི་དབུ་ཁྲིད་དང་དགེ་སློབ་མང་པོས་ཡང་ཡང་རེ་ཞུ་བྱས་པའི་ངོར་སློབ་གླིང་དེར་དངོས་སུ་ལས་གནས་སྤར་ཏེ་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གསོའི་ལས་དོན་ལ་ཕྱག་རྗེས་མི་དམན་པ་བཞག སྔ་རྗེས་སུ་ཆེད་ཚན་དང་དངོས་གཞི། རབ་འབྱམས་ཞིབ་འཇུག་སློབ་མ་དང་། འབུམ་རམས་ཞིབ་འཇུག་སློབ་མ་སོ་སོར་གསོ་རིག་གཞུང་ལུགས་གཙོས་མི་ཕམ་མཁས་འཇུག་དང་། ས་པཎ་གྱི་ཚད་མ་རིགས་གཏེར་སོགས་འཆད་ཁྲིད་མཛད་དེ་བོད་ཀྱི་གསོ་བ་རིག་པའི་རྐང་འཛིན་པ་མང་བོ་སྐྱེད་སྲིང་མཛད། གཞུང་གི་བཀའ་གནད་དང་དོགས་གནད་རྣམས་ལ་སྒྲོ་འདོགས་བཅད་དེ་དཔལ་ལྡན་རྒྱུད་བཞིའི་འཕྲིན་ལས་རྒྱ་ཆེར་བསྐྱངས། ལས་ཞོར་དུ་ལུང་རིགས་མན་ངག་གིས་ཕྱུག་ཅིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་བའི་སྐྱེམ་པ་ཚེ་དབང་གི《རྒྱུད་བཞིའི་འགྲེལ་ཆེན》ལ་ཞུ་དག་པར་སྐྲུན་དང་། 《ཚ་བ་གསོ་བ》དང《ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག》སོགས་དངོས་གཞི་སློབ་མའི་སློབ་དེབ་རྩོམ་སྒྲིག་མཛད། 《ཀྲུང་གོའི་བོད་ཀྱི་གསོ་རིག》སོགས་དུས་དེབ་ཁག་ཏུ་རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་གཞག་དང་ཟབ་མོ་སྔགས་རྒྱུད་ནས་གསུངས་པའི་རླུང་གི་གོ་དོན་གནད་བསྡུས་སུ་གླེང་བ་སོགས་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ་བ་དང་། ཞིང་ཆེན་འཕྲོད་བསྟེན་ཐིན་དང་སློབ་གསོ་ཐིན་སོགས་ནས་ཕུལ་བྱུང་དགེ་རྒན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་མཚན་སྙན་གང་མང་གནང་།
    སྤྱི་ལོ2007ལོའི་སྔ་རྗེས་སུ་ཐེངས་ཁ་ཤས་ལ་དགོན་ལ་ཁའི་ཀློང་ཆེན་བཤད་གྲྭའི་ནང་ཕེབས་ནས་གྲྭ་སྔགས་ཡོངས་ལ《ཀུན་བཟང་བླ་མའི་ཞལ་ལུང》དང《རིག་འཛིན་བསྙེན་ཡིག》སོགས་ཀྱི་སློབ་ཁྲིད་མཛད། ད་ལྟ་ཁོང་གིས་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན། འབུམ་རམས་ཞིབ་འཇུག་སློབ་མའི་སློབ་དཔོན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་ཀྱི་བློ་འདྲི་མཁས་ཆེན་བཅས་ཀྱི་འགན་བཞེས། ལས་གནས་ནས་ངལ་གསོ་བྱས་རྗེས། གསོ་རིག་དང་ནང་ཆོས་རིག་གཞུང་ལ་འདུན་པ་ཅན་དག་ལ་དམིགས་དེ་ཕྱེ་དྲི་སྡེ་བའི་གོང་དུ་གཡུ་ཐོག་བསླབ་གྲྭ་ཞེས་པ་ཞིག་གསར་འཛུགས་བྱས་ནས་སྔགས་པ་སྔགས་མ་དང་། སློབ་གྲྭའི་སྐས་ཐེམ་གྱི་གོ་སྐབས་མ་བྱུང་བ། འདུན་པ་ཆེ་བའི་སློབ་མ་དག་ལ་ཡང་བསྐྱར《ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག》དང《ཀུན་བཟང་བླ་མའི་ཞལ་ལུང》《རྩ་བ་གསུམ་གྱི་བསྙེན་ཡིག》《བསྐྱེད་རྫོགས་ཟིན་བྲིས》《དྲན་པ་ཉེར་བཞག་གི་སྒོ》《ཡེ་ཤེས་བླ་མ》《སུམ་རྟགས་དག་གསུམ》སོགས་ཀྱི་སློབ་ཁྲིད་རྒྱ་ཆེན་གནངས་ནས་ད་བར་དུ་སློབ་མ་གསོ་སྐྱོང་གནངས་བ་དང་། བོད་ཀྱི་གསོ་རིགས་སློབ་གསོ་གོང་སྤེལ་གཏོང་ཆེད་ཉིན་མཚན་དབྱེར་མེད་དུ་སྐུ་ནུས་ཡོད་དགུ་འདོན་མུས་སུ་བཞུགས་པ་ལགས་ཀྱང་དགུང་ལོ71སྟེ་སྤྱི་ལོ2018ལོའི་ཧོར་ཟླ12པའི་ཚེས1ཉིན་དགོངས་པ་རྫོགས།
     དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་ནི། སྔ་འགྱུར་རྙིང་མའི་མཁས་པ་ཞིག་དང་། གསོ་རིག་མཁས་ཆེན་ཞིག་ཡིན་པར་མ་ཟད། རེབ་གོང་ཤེས་རིག་གླིང་གི་སློབ་སྟོན་པ་དང་འཆད་འཁྲིད་གནང་མཁན་གྱི་སློབ་དཔོན་བཅས་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...