སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཏིང་ཀྱཱ་སྐུ་ཕྲེང་བཅུ་གཉིས་པ་ཀུན་བཟང་པདྨ་རྣམ་རྒྱལ་མཆོག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-28 9:34:00 རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ། ཀློག་གྲངས།
     ཏིང་ཀྱཱ་སྐུ་ཕྲེང་བཅུ་གཉིས་པ་ཀུན་བཟང་པདྨ་རྣམ་རྒྱལ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ས་སྤྲེལ་ལོར་གཟའ་སྐར་འཕྲོད་སྦྱོར་གྱི་དུས་བཟང་ཞིག་ལ། ཕྱི་ལོ༡༩༦༨ལ་ལྟས་དུ་མ་དང་བཅས་ཨ་མདོ་རྫོང་ཆེན་བརྒྱད་ཀྱི་ཡ་གྱལ་སློབ་དཔོན་པདྨའི་གྲུབ་གནས་སྟེ་བྲག་དཀར་སྤྲེལ་རྫོང་གི་ཉེ་འདབས་སུ་སྐུ་འཁྲུངས། སྐུ་ན་ཕྲ་དུས་ནས་རྟོགས་པའི་རིགས་སད་ཅིང་། རིམ་བཞིན་ཡི་གེའི་འབྲི་ཀློག་མཐར་ཕྱིན་སྦྱངས་ཤིང་། བགྲང་བྱ་བཅུ་བདུན་སྟེང་ཨ་སྐྱོང་རྟོགས་ལྡན་དགོན་དུ་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་། དེ་ནས་རིམ་བཞིན་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་གཞུང་ཀུན་ལ་ཐོས་བསམ་རྒྱ་ཆེར་མཛད། དེ་ལས་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་འགའི་མཚན་ནས་ཅུང་ཙམ་བརྗོད་ན། ཨ་སྐྱོང་རྟོགས་ལྡན་བླ་མ་རིན་པོ་ཆེ་བློ་གྲོས་རྒྱ་མཚོ་དང་། ཁང་གསར་བསྟན་པའི་དབང་ཕྱུག རྡོ་གྲུབ་ཐུབ་པ་རིན་པོ་ཆེ་སོགས་སྒོ་གསུམ་གུས་པའི་ཚུལ་བཞིན་དུ་བསྟེན་ནས་ངེས་གསང་རྫོགས་པ་ཆེན་པོས་མཚོན་པའི་ནང་བསླབ་པ་གསུམ་དང་སྔགས་རྒྱུད་སྡེ་བཞིའི་དབང་ལུང་ཁྲིད་གསུམ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་ཐོབ་ཅིང་། མདོ་ཕྱོགས་ཀྱི་གཞུང་ལ་ཡང་ཐོས་བསམ་ཕྱོགས་སུ་མ་ལྷུང་པར་མཛད། དེར་མ་ཟད་ཐ་ན་རྩིས་ས་དཔྱད་སོགས་འཇིག་རྟེན་གྱི་ཕན་བདེ་ལ་ཉེ་བར་མཁོ་བའི་རིག་གནས་སོགས་ལ་གསན་བསམ་མཛད། ༡༩༩༥ལོར་དགུ་རོང་རྒྱལ་སྲས་རིན་པོ་ཆེ་དང་། ཁམས་སྐུ་ཆེན་རིན་པོ་ཆེ་རིན་ཆེན་རྣམ་རྒྱལ། སྐྱབས་རྗེ་པད་མ་སྐལ་བཟང་སོགས་ཀྱི་ཐུགས་བརྟག་རྩེ་མཐུན་བྱུང་ནས་སྒོ་མེ་ཆོས་རྗེ་ཏིང་ཀྱཱ་རིན་པོ་ཆེའི་སྤྲུལ་སྐུ་རུ་ངོས་འཛིན་མཛད་ཅིང་། དེའི་ཕྱི་ལོར་མདོ་སྨད་ཏིང་ཀྱཱ་གསང་སྔགས་ཆོས་འཁོར་གླིང་གི་གསེར་ཁྲིར་མངའ་གསོལ་ཏེ་མཚན་ལ་ཀུན་བཟང་པདྨ་རྣམ་རྒྱལ་ཞེས་མཚན་གྱི་མེ་ཏོག་ཕུལ། ད་ཆར་ཁོང་རིན་པོ་ཆེ་ཡིས་རྨད་བྱུང་འདུས་སྡེ་དེ་རུ་སྔ་འགྱུར་རྙིང་མའི་རང་ལུགས་དྲི་མེད་ཟམ་མི་ཆད་པར་འཛིན་སྐྱོང་མཛད་དེ། གཞི་གསུམ་གྱི་ཆོས་སྤྱོད་ཉམས་བཞེས་དང་ཆོ་ག་ཕྱག་ལེན་གྱི་སྐོར་དར་སྤེལ་མཛད་ཞོར། སྒོས་སུ་དབང་ལུང་ཁྲིད་གསུམ་གྱི་ཆོས་ཀྱི་ཆར་མོ་ཆེ་འབེབས་བཞིན་ཡོད་དོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...