སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱི་མཛད་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-12 9:07:00 རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ། ཀློག་གྲངས།

གཏེར་ཁ་དུ་མ་ནས་ལུང་བསྟན་པ་བཞིན་སྐུ་བལྟམས་པ།
     མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོ་དེ་ཉིད་ནི། ཡབ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སོགས་ཀྱི་ཞབས་ལ་གཏུགས་པས་མཁས་གྲུབ་ཆེན་པོ་རིན་ཆེན་རྒྱལ་མཚན་དང་། མ་ཡུམ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་འབྲོ་ལྕམ་ཁྲོམ་པ་རྒྱན་གཉིས་ཀྱི་སྲས་སུ་མངའ་རིས་གློ་བོ་མ་ཐང་གི་ས་ཆ་རུ་བོད་རབ་བྱུང་བརྒྱད་པའི་མེ་ལུག་ཕྱི་ལོ་༡༤༨༧ལུག་གི་ལོར་སྐུ་བལྟམས། དེ་ཡང་བསམ་པ་ལྷུན་འགྲུབ་མའི་ཕྱི་སྒྲུབ་ཡོན་ཏན་གཏེར་མཛོད་ལས། འདི་ནས་ཚེ་ལོ་ལྔ་བཅུའི་ཁ་རལ་དུས༔ ང་ཡི་ཐུགས་རྗེས་སྤྲུལ་པའི་རིག་འཛིན་ནི༔ པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ༔ ཕྱི་ལྟར་རབ་བྱུང་སྔགས་པའི་ཆ་ལུགས་ཅན༔ ནང་ལྟར་སེམས་བསྐྱེད་བསྟན་པའི་བྱ་ར་བརྩོན༔ གསང་བ་གཉིས་མེད་རྫོགས་ཆེན་དོན་དང་ལྡན༔ ཆོས་རྒྱལ་ཡབ་སྲས་མཚོ་རྒྱལ་སྨོན་ལམ་གྱིས༔ སྤྲུལ་པའི་གཟུགས་ཀྱིས་མ་འགག་སྤྱོད་པ་སྐྱོང༔ དེ་འདྲའི་གང་ཟག་ནུབ་ཀྱི་ཕྱོགས་ནས་འོང༔ ཞེས་སོགས་གཏེར་ཁ་དུ་མ་ནས་ལུང་དོན་ལྟར་ཡོངས་སུ་མཐུན་པར་གོང་ས་ལྔ་པ་ཆེན་པོའི་ཞལ་ནས་ཀྱང་། གཞན་ཡང་གཏེར་ཁ་གོང་འོག་སོགས་ཁུངས་བཙུན་མང་པོ་ནས་ལུང་གིས་ཟིན་པ་སྟེ་གསུངས་པའོ། །ཞེས་སོ། །རྗེ་འདི་པ་མངའ་རིས་ཆོས་རྒྱལ་གྱི་གདུང་ལས་གློ་བོ་རྒྱལ་པོའི་གདུང་རྒྱུད་ཡིན་པར་རང་རྣམ་སོགས་ལས་གསལ་པོར་གསུངས་ཤིང་། མདོར་ན་སྐུ་བལྟམས་པའི་སྐབས་སུ་ཡབ་ཀྱི་གཟིགས་སྣང་ལ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གཙོས་པའི་རྒྱ་བོད་ཀྱི་པཎ་གྲུབ་ཕལ་ཆེར་འདུས་ནས་རབ་ཏུ་གནས་པ་དང་། མངའ་གསོལ་བ་དང་བཀའ་བགྲོས་ཏེ། འདི་ཉིད་པདྨའི་རིགས་ལ་དབང་གི་རྒྱལ་པོ་ཡིན་པས་པདྨ་དབང་རྒྱལ་ཞེས་བྱ་བའི་མཚན་གསོལ་ཞེས་སོ། །
ཆུང་ངུ་ནས་དམ་པའི་ཚུལ་དགུའི་གྲགས་པ་ཕྱོགས་བཞིར་ཁྱབ་པ།
     དགུང་ལོ་བརྒྱད་པ་ལ་དགེ་བསྙེན་དུ་བསྒྲུབས་ཤིང་ཐུགས་བསྐྱེད་དང་དབང་བསྐུར་སོགས་མང་དུ་གསན་ཡབ་དམ་པ་ཉིད་དཀྱིལ་འཁོར་གྱི་གཙོ་བོར་གཟིགས་པ་དང་དགུང་ལོ་དགུ་པའི་དུས་ཙམ་ནས་མཁས་པའི་གྲགས་པས་ཁྱབ་ཅིང་སྤྲུལ་པའི་སྐུ་རུ་གྲགས། དགུང་གྲངས་བཅུ་པའི་སྐབས་འཆི་བ་མི་རྟག་པ་དང་ངེས་འབྱུང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་རྒྱུད་ལ་སྐྱེས་ཤིང་སྒོམ་པའི་ཚུལ་བསྟན། དགུང་གྲངས་བཅུ་གཅིག་པར་སྒྱུ་འཕྲུལ་སོགས་གཞུང་ཆེན་མང་པོ་ཐུགས་འཛིན་མཛད་ཅིང་ཐོས་བསམ་སློབ་སྦྱོང་བྱས་ཏེ། རང་རྣམ་ལས། བཅུ་གཅིག་ལོ་ལ་རྒྱུད་སྡེ་ལ། །བཤད་སྦྱར་གྱིས་གཏན་ལ་ལེགས་ཕབ་ནས། །སྒྱུ་འཕྲུལ་གྱི་རྩ་རྒྱུད་གསང་སྙིང་ལ། །རྒྱ་གར་གྱི་སློབ་དཔོན་སྒེག་པ་ཡིས། །བཤད་འབྲེལ་དང་རྒྱ་གཞུང་མང་པོ་དང་། །གཡུང་སྟོན་གྱི་ཊི་ཀ་ལ་སོགས་པ། །ཕལ་ཆེར་ཞིག་ཟླ་བ་བདུན་ལ་བཟུང་། །ཕལ་ཆེར་ཞིག་ལྟ་རྟོག་ཞིབ་ཏུ་བྱས། །ཁྱད་པར་ཅན་དགོངས་པ་འདུས་པའི་མདོ། །ཕལ་ཆེར་ཞིག་བློ་ལ་བྱང་བར་བྱས། །ལྷག་མ་ཡི་མདོ་བཞི་ཀུན་བྱེད་དང་། །མ་གཤིན་གྱི་རྒྱུད་སྡེ་རྒྱུད་ལུང་དང་། །ཟླ་གསང་སོགས་འགའ་དང་རྟ་མགྲིན་དང་། །ཡང་ཕུར་གྱི་རྒྱུད་དང་ཀུན་བྱེད་སོགས། །མ་བུ་ཡི་སྐོར་དང་བཅུ་བདུན་རྒྱུད། །ཕལ་ཆེར་ཞིག་ཉན་ཞིང་ཕལ་ཆེར་བལྟས། །འགའ་ཞིག་ལ་བློ་སྦྱངས་དག་པོར་བྱས། །ཞེས་པ་ལྟར་རོ། །བཅུ་གཉིས་པར་མཁས་པ་མང་པོའི་དབུས་སུ་གཞུང་བཤད་མཛད་པས་ཤིན་ཏུ་མཁས་པར་གྲགས་ཤིང་མེ་ཏོག་ཆར་ལན་བདུན་དུ་བབས། བླ་མ་གསང་འདུས་དང་། སྒྱུ་འཕྲུལ་ཞི་ཁྲོ་རྟ་མགྲིན་སོགས་ལ་བསྙེན་སྒྲུབ་མཐར་ཕྱིན། ལྷ་མོ་དུད་སོལ་མས་ཞལ་ཡང་ཡང་བསྟན། གྲུབ་མཚན་གྱི་ཐོག་མ་ཞིང་ལ་ལོག་ཆེན་པོ་ཞིག་བྱུང་བ་ལ་ཕུར་པ་གདེངས་ཙམ་གྱིས་ནམ་མཁའ་ལ་ཐོག་སོ་བདུན་ཙམ་འཁྱིལ་ཞིང་བཟློག་པའི་ཚུལ་རང་རྣམ་ལས་ཀྱང་གསལ་པོར་གསུངས། དགུང་ལོ་བཅུ་བཞི་པ་ནས་འཁོར་བ་ལ་ཞེན་ལོག་དང་ངེས་འབྱུང་གིས་ཐུགས་རྒྱུད་བསྐུལ་ནས་བྱ་བ་བྲལ་བར་བཞེད་ཀྱང་ཡབ་སོགས་ཀྱིས་མ་གནང་། ཡབ་དང་བླ་མ་དཀོན་མཆོག་མགོན་ལས་གདམས་ངག་མང་དུ་གསན་ཞིང་བཀའ་བརྒྱད་དང་གཤིན་རྗེ་སོགས་སྒྲུབ་ཕྲིན་མང་དུ་བསླབས། དེ་ནས་ལོ་བདུན་གྱི་བར་དུ་གཅོད་ཡུལ་དང་རོ་སྙོམས་མཛད། བྱེ་མ་དང་། ཆུ་རྡེལ་མེ་ཏོག་ལ་སོགས་པའི་བཅུད་ལེན་ཁོ་ནའི་དཀའ་སྤྱད་མཛད། རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནས་རྟགས་ཚད་མངོན་དུ་གྱུར། ལྕགས་བྱ་༡༥༠༡དགུང་ལོ་བཅོ་ལྔའི་དུས་སུ་སྒྲུབ་མཆོད་ཀྱི་སྐབས་སུ་སྨན་རཀ་དང་བདུད་རྩི་ཁོལ་གཏོར་ཆེན་འཕངས་པའི་ཚེ་གྲུབ་རྟགས་མང་དུ་ཐོན། སྐབས་འདི་དུས་རྣམས་སུ་བོད་ཁམས་སྤྱིའི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་དམིགས་ནས་ཧོར་དམག་བཟློག་ཐབས་མང་དུ་གནང་། །
ཕྱོགས་མེད་ཀྱི་བླ་མར་བསྟེན་ནས་ཐོས་བསམ་རྒྱ་ཆེར་གནང་བ།
     རྗེ་བཙུན་འཇམ་དབྱངས་དཔལ་ལས། གུ་རུ་དྲག་སྒྲུབ། བླ་མ་གསང་འདུས་གསན། མཁས་གྲུབ་འཇམ་དབྱངས་དང་། གྲུབ་ཆེན་པ། བླ་མ་པདྨ་འབུམ་གསུམ་ལས། སྙན་བརྒྱུད་རྣམ་པ་བཞི། བླ་རྫོགས་ཐུགས་གསུམ་རྣམས་གསན། ཡབ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལས། བཀའ་བརྒྱད། བསྐྱེད་རིམ་རྫོགས་རིམ། ལམ་རིམ་དམར་ཁྲིད། བི་མ་ལའི་རྫོགས་རིམ། སྙན་བརྒྱུད་ཐུགས་སྙིིང་། ཀུན་བྱེད་རྒྱལ་པོ། མདོ་རྒྱུད་ཀྱི་ལུང་། བཤད་སྦྱར། དཀྱིལ་ཆོག་དབང་། འདུས་པ་མདོ་དབང་། ཕུར་པ་སོགས་གསན་ཞིང་བླ་མ་སངས་རྒྱས་དངོས་སུ་མཐོང་། དགུང་ལོ་བཅུ་དྲུག་པ་རབ་བྱུང་བརྒྱད་པའི་ཆུ་ཁྱི་༡༥༠༢ལོར་ཚེ་རབས་ཀྱི་བླ་མ་ཆོས་བསྟན་བཟང་པོ་དང་མཇལ། དེ་ཉིད་ལས། ཕྱག་འཚལ་དང་སྐྱབས་འགྲོ་ཡང་ཡང་བྱས། མ་རྒྱུད་སྙིང་པོ་ལུ་ནག་གི་ཡབ་སྐོར་ཡུམ་སྐོར་སྨར་ལུང་དང་། མདོ་སྡེ་དང་འདུལ་བ་ཕྲན་ཚེགས་དང་། ཐོར་བུ་ཡི་བཀའ་གདམས་བྱ་སྐྱོད་དང་། སྦྱོང་རྒྱུད་དང་རིགས་གཏད་དཀར་དམར་སོགས། གཅོད་ཡུལ་གྱི་གདམས་པ་དོལ་པོའི་ལུགས། རིམ་ཅན་དུ་ཞུས་ཤིང་རི་ཁྲོད་དུ་འགྲིམ་པ་དང་། དགུང་ལོ་བཅུ་བདུན་ཐོག་དམ་བཅའ་ཁྱད་པར་ཅན་བརྒྱད་མཛད། རིན་གླིང་པའི་གདུང་རྒྱུད་སྤྲུལ་སྐུ་རབ་གསལ་ཟླ་བ་ལས། ཕྱག་ཆེན། མཻ་ཏྲི་པའི་བཅུ་གསུམ་ལ་ཡབ་ཡུམ་ཆོས་དྲུགགཅོད་ཡུལ་ཀློང་གསལ་སྙིང་ཐིགདགོངས་འདུས་དང་ཀུན་བཟང་དགོངས་འདུས་སོགས་དབང་དང་རྒྱུད་དུ་མ། ཁྱད་པར་མཁའ་འགྲོ་སྙིང་ཐིག་ལ་ཉམས་ཕུ་ཐག་ཆོད་པ་ཐེངས་གཉིས་དང་ཚིག་དོན་ཕལ་ཆེར་བློ་ལ་བཟུང་། ཞི་བྱེད་ཁྲིད་ཆེན་ཁྲིད་ཆུང་། ཞང་སྒོམ་ཀྱི་བཀའ་འབུམ་སྦྱོར་དྲུག་སོགས་གསན། ཀཿཐོག་ཆོས་རྗེ་ནམ་མཁའ་འོད་ཟེར་ལས། ཀློང་གསལ་དང་ཐུགས་སྒྲུབ་ཡང་འདུས་སོགས་མཚོ་སྐྱེས་ཀྱི་གདམས་པ་དུ་མ་གསན། དགུང་ལོ་བཅོ་བརྒྱད་པར་མཁས་བཙུན་གྱི་བླ་མ་ཆོས་བསྟན་བཟང་པོ་ལས་འདུལ་བ་དང་མདོ་སྡེ། བཀའ་གདམས་ལག་ལེན། ནཱ་རོའི་གདམས་པ་མཁའ་སྤྱོད་མ། སྙན་བརྒྱུད་དང་ཞལ་གདམས། བསྐྱེད་རིམ་རྫོགས་རིམ་གྱི་དམར་ཁྲིད་མང་པོ་གསན་ཞིང་བྱེ་མ་དང་ཅུང་བསྲེའི་འཚོ་བ་ཙམ་ལ་བསྟེན་ནས་དཀའ་བ་སྤྱད། སྐྱིད་གྲོང་གི་འཕགས་པ་ཝ་ཏི་དང་མཇལ་བས་མི་དང་མི་ལབ་པ་བཞིན་གསུང་གླེང་གནང་། སྔོན་གྱི་སྐྱེས་རབས་དུ་མ་གསལ་པོར་དྲན། དགུང་ལོ་ཉི་ཤུའི་སྐབས་དབུ་ཚད་སོགས་གཞུང་ལུགས་བརྒྱ་ཕྲག་གཅིག་ལ་སྦྱངས་པར་བྱས། ཡབ་དང་བླ་མ་འཇམ་དབྱངས་མཚན་ཅན་ལས། མ་ཎི་བཀའ་འབུམ་གསན། འདུལ་འཛིན་དཀོན་མཆོག་སྐྱབས་ལས་ཐུགས་ཆེན་སྐོར་གྱི་དབང་དང་གདམས་པ། རང་བྱུང་རང་ཤར། དྲག་པོ་ཐོད་འཕྲེང་རྩལ། དགོངས་པ་ཟང་ཐལ་སོགས་དབང་རྒྱུད་དུ་མ། ཚེ་སྒྲུབ་སོགས་མང་དུ་གསན། བསྒོམས་པས་ཉམས་ཁྱད་པར་ཅན་ཤར། ཉེར་གཅིག་པར་འཇམ་དབྱངས་ཆོས་སྐྱོང་དང་སྡོམ་བརྩོན་ཚུལ་ཁྲིམས་དཔལ་ལ་སོགས་པ་ལས། སྒྱུ་འཕྲུལ་དོང་སྤྲུགས། རྟ་མགྲིན་ཡང་ཁྲོས། དྲག་པོ་སྔོ་དམར། བླ་མ་གསང་འདུས། རི་ཆོས་གཅོད་ཡུལ། རྒྱལ་སྲས་བཀའ་འབུམ། བློ་སྦྱོང་། ཡང་ཕུར། བླ་མ་དམར་ཁྲིད། ལམ་རིམ་ཁྲོས་ནགགཤེད་དམར་ལ་སོགས་པའི་དབང་སྒྲུབ་གདམས་པ་གསན་ཞིང་བསྒྲུབས་པས་ཞག་བདུན་ན་གཤེད་དམར་དངོས་སུ་མཐོང་ཞིང་གུ་དྲག་རྟ་མགྲིན་མཁའ་སྤྱོད་མ་རྣམས་ཀྱིས་ཞལ་བསྟན། བཀའ་བརྒྱད་ཀྱི་སྒྲུབ་པ་མཛད་པས་བདུད་རྩི་ཁོལ། མར་མེ་ཆུང་ངུ་ཞིག་གིས་ཞག་གསུམ་ཐུབ། དེའི་ཚེ་ཡབ་ལའང་གཟིགས་སྣང་དཔག་མེད་བྱུང་།
གློ་བོ་མཁན་ཆེན་ལས་བསྙེན་པར་རྫོགས་ནས་ས་ལུགས་གཙོས་གཞུང་ལུགས་དུ་མ་ཞུས་པ།
     དགུང་ལོ་ཉེར་གསུམ་པར་གློ་བོ་ལོ་ཙཱ་བར་གསུང་ངག་ལམ་འབྲས་བུ་དང་བཅས་པ་ཚོགས་བཤད་དང་སློབ་བཤད་གཉིས་ཀ་གསན་སྐབས་བླ་མ་ཉིད་དགྱེས་མཛད་རྡོ་རྗེ་རུ་དངོས་སུ་གཟིགས། ཉེར་བཞི་ལ་ལམ་འབྲས་ཚར་གཅིག་གསན། ཉེར་ལྔ་པར་བསམ་འགྲུབ་གླིང་དུ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་འགྲུབ་ཀྱིས་མཁན་པོ། ཆོས་རྗེ་དཀོན་མཆོག་སྐྱབས་ཀྱིས་ལས་ཀྱི་སློབ་དཔོན། རབ་འབྱམས་པ་ཀུན་དགའི་མཚན་ཅན་གྱིས་གསང་སྟོན། རབ་འབྱམས་པ་རྒྱལ་མཚན་སྐྱབས་ཀྱིས་གྲིབ་ཚོད་པ། རབ་འབྱམས་པ་བསོད་ནམས་དཔལ་གྱིས་གྲོགས་དན། མཁན་ཆེན་ཀུན་བསོད། འཇམ་དབྱངས་བློ་གྲོས་དཔལ་མགོན། མཁས་དབང་ཚུལ་ཁྲིམས་བཟང་པོ་སོགས་དད་པའི་གྲངས་ཚང་བའི་དགེ་སློང་ཉི་ཤུ་རྩ་ལྔའི་དབུས་སུ། བུ་སྟོན་གྱི་ལས་ཆོག་གཞིར་བཞག་ལ། ནམ་བསོད་པ་དང་འཕགས་པ་རིན་པོ་ཆེའི་ལས་ཆོག་གི་བཤད་སྦྱར་དང་བཅས་ཏེ། ཉི་ཕྱེད་ལ་དགེ་བསྙེན། ཕྱི་འཕྲེད་དགེ་ཚུལ། དེའི་ཕྱི་མ་ལ་དགེ་སློང་གི་དངོས་པོར་བསྒྲུབས་ཏེ་དགེ་སློང་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེ་མཁྱེན་རབ་ཡོན་ཏན་འོད་ཟེར་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གསོལ། ཚུལ་ཁྲིམས་རྣམ་པར་དག་པས་ཐུགས་རྒྱུད་ཡོངས་སུ་གཏམས། མཁན་སློབ་དེ་རྣམས་ལས་བུ་སྟོན་ལུགས་ཀྱི་འདུལ་བའི་གླེང་འབུམ། བློ་སྦྱོང་དོན་བདུན་མའི་ཁྲིད། བློ་སྦྱོང་ཞེན་པ་བཞི་བྲལ། ཐུབ་པ་དགོངས་གསལ། བློ་སྦྱོང་རྒྱ་གཞུང་། མུས་ཆེན་བཀའ་འབུམ། ངོར་ཆེན་བཀའ་འབུམ་པོད་བཞིའི་ཕལ་ཆེར་བཀའ་བཞི་པ་སེངྒེ་རྒྱལ་མཚན་གྱི་བཀའ་འབུམ། རྒྱལ་སྲས་བཀའ་འབུམ། ཆོས་སྤྱོད་རབ་གསལ། ལྟ་བ་ངན་སེལ། མཛངས་བླུན། དཔའ་བོ་ལུགས་ཀྱི་སྐྱེས་རབས། བསླབ་བཏུས། སྤྱོད་འཇུགམདོ་བཏུས། ཀ་ཤའི་སྒོམ་རིམ། གཅོད་ཡུལ་སོགས་ཆོས་ཀྱང་མང་དུ་གསན། གློ་བོ་མཁན་ཆེན་ལས་དགྲ་གདུང་འཇིགས་བྱེད། གཤེད་དམར། གསང་འདུས་སོགས་མང་དུ་གསན། བླ་མའི་ཞལ་ནས། གཤིན་རྗེ་གཤེད་སྐོར་འཛོམས་པར་བྱས་ཡོད་ཅིང་། །རྭ་སྐྱོ་ཞིང་དང་ས་ལུགས་རྣམ་པ་བཞི། །ནག་པོའི་སྐོར་ལ་ཐུན་མོང་མ་གྲགས་པ། །ཁྱོད་ལ་གདམས་སོ་རྩིས་སུ་ཆེ་བར་མཛོད། །ཞེས་གསུངས། །གློ་བོ་མཁན་ཆེན། གུ་གེ་པཎ་ཆེན་རྣམ་རྒྱལ་དཔལ་བཟང་དང་། འཇམ་དབྱངས་བློ་གྲོས་དཔལ་མགོན་རྣམས་ལས་སྒྲ་དང་ཚད་མ་བརྟག་གཉིས་བཤད་པ། མགོན་པོ་ཕྱག་བཞི། བྱ་སྤྱོད་ཡོ་གགསང་འདུས་རྒྱུད་སྡེ་རྣམས་གསན། ཀུན་མཁྱེན་གོ་རམས་པའི་ཐུགས་སྲས་དམ་པ་ཀུན་དགའ་རྒྱལ་མཚན་ལས། བདེ་མཆོག་ལོ་ཧི་པ། ནཱ་རོའི་མཁའ་སྤྱོད་མཁའ་འགྲོ། རྡོ་རྗེ་གུར། བདག་མེད་མ། བ་རིའི་རྣམ་འཇོམས། གུར་མགོན། རྟ་མགྲིན་ནག་པོ་ལྕགས་རལ། འཇམ་དཔལ་གསང་ལྡན་ལ་སོགས་པ་གསན། འཇམ་དབྱངས་ཀུན་དགའ་བསམ་པའི་དྲུང་དུ་ལུ་ཧི་པ་ཡབ་ཡུམ་གྱི་དབང་། སེང་གེ་སྒྲའི་རྗེས་གནང་། གཅོད་ཁྲིད། འཁྲུལ་གཅོད་ལེ་བརྒྱད་མ་བཅས་གསན། གནས་བརྟན་ཞ་ལུ་པ་ལས་འགྲོ་བཟང་གི་ཕྱག་རྡོར་གྱི་དབང་། ཤངས་ལུགས་ཀྱི་རྟ་མགྲིན། བུ་ལུགས་ཀྱི་རྣམ་སྲས་ཞི་དྲག་གི་རྗེས་གནང་དང་གདམས་ངགསྤྱོད་འཇུག་གི་ལུང་། དུས་འཁོར་གྱི་བཤད་པ། དགུང་ལོ་སུམ་ཅུ་པར་འཇམ་དབྱངས་བློ་གྲོས་དཔལ་མགོན་ལས་རྡོ་རྗེ་གུར། མ་རྒྱུད་ཀྱི་སྙིང་པོ་མ་ཡའི་དབང་། རྒྱུད་འགྲེལ་དང་གདམས་པ། དབུ་མའི་སྒོམ་རིམ། ཇོ་བོའི་ཆོས་སྐོར་བརྒྱ་རྩ། དོན་ཞགས། རྡོ་རྗེ་མཁའ་འགྲོའི་དབང་། བདག་མེད་མའི་དབང་། བ་རི་པའི་སྒྲུབ་ཐབས་རིམ་པ་དགུ་བཅུ་རྩ་དྲུགསྒྲུབ་ཐབས་རྒྱ་མཚོ། རྣམ་འཇོམས། ངོར་གྱི་བཀའ་འབུམ། ཀུན་མཁྱེན་གོ་རམས་པའི་བཀའ་འབུམ་ལས་སྔགས་ཀྱི་སྐོར་ཡོངས་རྫོགས། ས་སྐྱའི་བཀའ་འབུམ་ཕལ་ཆེར། མགོན་པོ་ཕྱག་བཞི། སྦྱོང་རྒྱུད་ཀྱི་བཤད་པ་གཞན་ཕན་སྐོར། ཕྲན་ཚེགས་ཀྱི་སྒྲུབ་ཐབས་འགའ་རེ། ཕག་དཀར་རུས་སྦལ་ཞབས་ཀྱི་སྐོར་སོགས་དང་། བཀའ་གདམས་པའི་ཆོས་སྐོར་འགའ་ཡང་གསན། དགུང་ལོ་སོ་གཅིག་པར་གློ་བོ་མཁན་ཆེན་ལས་རྒྱུད་སྡེའི་སྤྱི་རྣམས། མངོན་རྟོགས་ལྗོན་ཤིང་། འགྲེལ་བ་ཉི་འོད། འགྲེལ་བ་དགའ་ལྡན། ཀུ་མ་རིའི་འགྲེལ་བའི་གཙོས་ཆོས་སྣ་ཉི་ཤུ་གོང་མཆན་ཡིག་ཆུང་དང་བཅས་པ། ནཱ་རོའི་མཁའ་སྤྱོད། མཻ་ཏྲེ་པའི་ཕག་མོ་རྩེན་མ། རྒྱལ་ཆེན་གྱི་མཁའ་སྤྱོད་ཞལ་གཉིས་མ། དེ་དག་གི་བྱིན་རླབས་ཞལ་གདམས། རྒྱ་གཞུང་རྩ་བའི་བླ་མའི་བར་གྱི་ཡིག་ཆུང་། ཞལ་གཉིས་མ་གཉིས། དབུ་བཅད་གཉིས། དོན་འགྲུབ་མ་གཉིས། སྦྱིན་སྲེག་གཉིས་ཏེ་གཞུང་བརྒྱད་ལ་གཞུང་དྲུག་གི་མིང་ཐོགས་པ་འདི་གློ་བོ་མཁན་ཆེན་གྱི་ཐུགས་དམ་གྱི་མཐིལ་ཞིག་ཡིན་པར་གསུངས་ཤིང་གདམས་པ་རྗེས་གནང་དང་བཅས་པ་གསན། དགུང་ལོ་སོ་གཉིས་པར་གློ་བོ་མཁན་ཆེན་གྱི་ཞབས་འབྲིང་དུ་སྤུ་རངས་སོགས་ལ་བྱོན་ནས་འོན་སྨོན་ཐང་དུ་འགྲོ་དོན་བསམ་གྱིས་མི་ཁྱབ་པ་བྱས། སྐྱིད་གྲོང་ཇོ་བོའི་མདུན་དུ་ཕྱག་མཆོད་དང་ཡན་ལག་བདུན་པ་ཁྱད་པར་དུ་སེམས་བསྐྱེད་འབུམ་ཕྲག་གཅིག་བླངས། གཟིགས་སྣང་ངོ་མཚར་བ་བྱུང་ཞིང་བྱང་ཆུབ་གླིང་དུ་འདུས་པ་རྒྱ་མཚོ་ལ་དབང་ལུང་དུ་མ་བསྩལ། གྲུབ་ཆེན་དཀར་པོ་པ་ཞེས་དགུང་ལོ་བརྒྱ་དང་སོ་དྲུག་ལོན་པ་དེ་ལས་གསང་འདུས་ཡེ་ཤེས་ཞབས་ལུགས། ཁྲོ་བཅུ། གདོང་བཞི་ཚེ་སྒྲུབ། བཀའ་བརྒྱད། ཆོས་དྲུགབསྟན་སྲུང་སོགས་གསན། ཕར་བླ་མ་དེ་ལ་རྫོགས་ཆེན་བསྩལ། སླར་ཡང་གློ་བོ་མཁན་ཆེན་ལས། ལམ་འབྲས། སྨེ་བརྩེགས། སེང་གདོང་སོགས་གསན། སྔགས་འཆང་ཤཱཀྱ་བཟང་པོ་ལས་རྟ་མགྲིན་ཉང་ལུགས་དྲེགས་པ་ཟིལ་གནོན་སོགས་སྒྲུབ་ཐབས་རྗེས་གནང་མང་དུ་གསན། དཔལ་ཀུན་མཁྱེན་སྒོ་མང་པ་ལས་ཡང་ཁྲོས་ཚེ་སྒྲུབ་ཁྲིད། ཁོ་རང་གིས་མཛད་པས་གཞུང་རྣམས་གསན་ཞིང་བླ་མ་རྟ་མགྲིན་དངོས་སུ་མཐོང་།
གློ་བོ་མཁན་ཆེན་གྱི་བཀའ་ལྟར་གསར་རྙིང་གྲུབ་མཐའ་རྒྱ་མཚོར་འཆད་ཉན་རྒྱ་ཆེར་གནང་བ།
     དབུས་པ་བྱ་བྲལ་བའི་གདུང་ཁྱིས་ཟ་བ་མཐོང་ནས་ནམ་འཆི་ངེས་མེད་ཀྱིས་ཐུགས་རྒྱུད་བསྐུལ་ནས་རང་གི་བླ་མ་གློ་བོ་མཁན་ཆེན་ལ་བྱ་བ་བྲལ་བའི་ཞུ་ཡིག་ཕུལ་ཏེ། ཕྱོགས་རིས་མེད་ས་བཀའ་རྙིང་མ་གསུམ་ལ། །རྩོད་པ་མེད་རྗེ་བཙུན་ཁྱེད་ཉིད་ཀྱི་གསུང་ལ་ཉན། །ཐེ་ཚོམ་མེད་སྒྲུབ་ལ་སྙིང་པོར་བྱེད་དུ་འགྲོ། །ཡེངས་ལོང་མེད་གཟུང་འཛིན་གྱི་དུས་དྲུག་བསམ་གཏན་འཚལ། །ཞེས་སོགས་གསུངས་པ་ལ་བླ་མའི་ཞལ་ནས་དཀའ་བ་སྤྱད་པ་ངོ་མཚར་ཆེ་ཡང་དེང་སང་གི་དུས་སུ་དགེ་བའི་བཤེས་གཉེན་ཚད་ལྡན་བཙལ་ན་རྙེད་པ་སྲིད་ཙམ་དུ་སོང་བས་བསྟན་དོན་ལ་འཆད་ཉན་གལ་ཆེ་བར་གསུངས། འོ་ན་འཆད་ཉན་གང་ལ་བྱེད་ཞུས་པས་བརྒྱུད་པ་ཆད་ལ་ཉེ་བའི་ས་སྐྱ་བཀའ་གདམས་སོགས་རིས་མེད་ཀྱི་ཆོས་ཚུལ་སྤྱི་དང་། ཁྱད་པར་རྙིང་མ་གཙོ་བོར་བྱེད་དགོས་པར་གསུངས་ཏེ། རང་རྣམ་ལས། ཁྱད་པར་སྔ་འགྱུར་རྙིང་མའི་ཆོས་འདི་ཉིད། །སྙིགས་མའི་དུས་སུ་མེད་ཐབས་མེད་ལགས་པས། །བྱིན་རླབས་གཞན་ལས་ཆེ་བ་ཡིན་པས་ན། །ཁྱོད་དང་མཉམ་པ་དབུས་གཙང་ཕྱོགས་སུ་དཀོན། །དེ་ཕྱིར་བྱི་དོར་བརྩོན་པ་ཉིད་དུ་མཛོད། །མདོ་རྒྱུད་བསྟན་བཅོས་གསར་རྙིང་ཐམས་ཅད་ལ། །དག་དང་མ་དག་གྲགས་པས་ཁྱེད་རང་གིས། །ལེགས་པར་ལྟོས་ལ་གཟུ་བོར་རྟོགས་དཔྱོད་མཛོད། །ཅེས་སོགས་གསུངས། དགུང་ལོ་ཞེ་གཅིག་པ་ཕྱི་ལོ་༡༥༢༧རབ་བྱུང་དགུ་པའི་མེ་ཡོས་ལོར་གློ་བོ་མཁན་ཆེན་ལས་ཟབ་ཆོས་མང་དུ་གསན་ཞིང་གསར་རྙིང་རིས་སུ་མ་བཅད་པའི་དབང་ཁྲིད་གདམས་པས་གདུལ་བྱ་མང་པོར་བསྐྱངས། ཡབ་རྗེ་འཇམ་དབྱངས་ཆེན་པོའི་བཀའ་འབུམ་འཐོར་བ་རྣམས་ཕྱོགས་གཅིག་ཏུ་བསྡུ་བར་མཛད། དེ་ནས་གློ་བོ་མཁན་ཆེན་གྱིས་བཀས་བསྐུལ་ནས་དབུས་གཙང་གི་ཕྱོགས་སུ་ཆོས་རྒྱུན་ཉམས་པ་རྣམས་གསོ་བའི་ཕྱིར་འབྱོན་པར་བཞེད་དེ། ཡབ་ལ་གནང་བ་ཞུས། དེ་བཞིན་གློ་བོའི་སྡེ་བདག་སོགས་ཀུན་ལ་དགོངས་པ་ཞུ་སྐབས་ཡབ་རྗེ་ཉིད་ཀྱིས་ཁྱོད་འདི་ཕྱོགས་སུ་བསྡད་ན་དགོས་པའི་ཁྱད་པར་འགའ་ཞིག་འདུག་ཀྱང་། ཡང་ཡང་འགྲོར་མ་བཅུག་པས་ད་རེས་ཅི་བདེར་མཛོད་ཅིག་ཅེས་བསླབ་བྱ་དང་། ཞལ་གདམས། ལུང་བསྟན་སོགས་མང་དུ་གནང་། ཕྱི་ཕྱག་མཛད་ནས་དབུས་གཙང་གི་ཕྱོགས་སུ་བསྟན་པ་རིན་པོ་ཆེ་གསོ་བའི་ཐུགས་བསྐྱེད་རྣམ་པར་དག་པ་དང་བཅས་བྱོན་ཏེ། རང་རྣམ་ལས། སྐྱེས་ནས་ད་བར་བདག་ཉིད་ཀྱིས། །དམ་ཆོས་བཙལ་ནས་ཉམས་ལེན་བྱས། །ཐུབ་པའི་བསྟན་པ་ཉམས་པ་ཡི། །སྡུག་བསྔལ་མ་གཟོད་སེམས་བསྐྱེད་བླངས། །འཇམ་དབྱངས་བླ་མས་བཀའ་སྩལ་ནས། །དམ་ཆོས་དཀའ་བ་སྤྱད་པའི་ཕྱིར། །ལོ་གསུམ་བར་དུ་དབུས་ལ་འགྲོ། །ཞེས་དང་། བླ་མས། ད་ཡང་དབུས་གཙང་རུ་བཞི་ན། །ཁྱོད་འདྲ་ཤིན་ཏུ་དཀོན་ལགས་ཀྱིས། །ཞེས་སོགས་གསུངས་ནས་བཀས་གནང་། དེ་ནས་རིམ་བཞིན་བྱོན་ཏེ་ཟང་ཟང་ལྷ་བྲག་དང་རི་བོ་བཀྲ་བཟང་སོགས་སུ་སྨོན་ལམ་དང་གནས་གཟིགས་མཛད། བྱང་ངམ་རིང་གི་སའི་ཆར་དགོན་པ་བདེ་གྲོལ་དུ་ཐུགས་སྲས་ནམ་མཁའ་རྒྱལ་མཚན་དང་། སྔགས་འཆང་ཤཱཀྱ་བཟང་པོ་གཉིས་བཞུགས་པ་དང་མཇལ་ཞིང་གཅུང་ལེགས་ལྡན་རྗེ་ཡང་དེར་དགོངས་པ་ཟང་ཐལ་གསན་པའི་སྐབས་ཡིན། དགུང་ལོ་ཞེ་གཉིས་པར་གཅུང་ལེགས་ལྡན་རྗེ་དང་ལྷན་དུ་དབུས་ལ་ཕེབས་ཏེ་གཙང་ས་ཕུག་ཏུ་སྔགས་འཆང་རྒྱ་ཧོར་རྡོ་རྗེ་དང་མཇལ་ཏེ་འོད་གསལ་གསང་སྐོར་སྒྱུ་འཕྲུལ་ཚེ་དབང་སོགས་གསན། རིན་སྤུངས་ནས་རོང་ཆུང་སོགས་བརྒྱུད་ཆོས་འཁོར་ལྷ་ས་ལ་ཕེབས་ནས་གནས་སྐོར་དང་སྨོན་ལམ་མཛད།
རྔོག་ཆོས་དང་ཞི་བྱེད་སོགས་ཀྱི་ཆོས་ལ་ཐུགས་འདུན་གཏད་ཅིང་སྨོན་ལམ་མཛད།
     དགུང་ལོ་ཞེ་གསུམ་པར་ས་བྱི་༡༥༢༨ལོར་ཙམ་ནས་གུང་ཐང་དུ་བྱོན་ནས་ཕྱག་སྐོར་མཛད། དུས་དེ་ཙམ་ན་མཁས་བཙུན་གྱི་གྲགས་པས་དབུས་གཙང་དུ་ཁྱབ། ལུང་བསྟན་བསྐྱར་མ་བྱུང་བའི་དོན་བཞིན་སྐུ་མཆེད་གཉིས་ཀས་ཀླུང་བརྒྱུད་འུ་ཤང་རྡོ་མཇལ་ཞིང་གམ་པ་ལའི་རྩེ་ནས་གཞུང་ལ་ཕྱག་མཆོད་མཛད། ལུམ་པ་གྲུར་བྱོན་པས་གཞུང་མདའ་ཉ་མོ་གྱུར་དུ་རྔོག་གི་སྲུང་མ་ལྷ་མོ་དུད་སོལ་མས་བསུ་བའི་ཚུལ་དུ་ཞལ་བསྟན། གཞུང་སྤྲེའུ་ཞིང་དང་ཁྱད་པར་ཐར་པ་གླིང་དུ་རྔོག་རིན་པོ་ཆེ་བསོད་ནམས་བསྟན་འཛིན་ལས་དུད་སོལ་གྱི་ཁྲིད། ཀྱེ་རྡོར་དང་བདག་མེད་པའི་དབང་བཞི། གུར་བརྟགསམ་ཊི། མ་ཡ། མཚན་བརྗོད། སྒྲུབ་ཐབས་གསང་ལྡན། ཆོས་དྲུགབསྲེ་འཕོའི་བཤད་ལུང་། གདན་བཞིའི་རྒྱུད་དང་སྒྲུབ་ཐབས། མཚན་བརྗོད་ཀྱི་འགྲེལ་བ་སོགས་གསན། གྲྭ་ཐང་དུ་ཞ་ལུ་ལོ་ཆེན་དང་མཇལ། འོག་མིན་གཉིས་པ་དཔལ་གྱི་བསམ་ཡས་གཙུག་ལག་ཁང་དུ་མཇལ། ཀཿཐོག་པ་ཆོས་རྗེ་བསོད་ནམས་རྒྱལ་མཚན་སོགས་ལ་ཆོས་ཀྱི་སྐྱེས་འབུལ་རེས་མཛད། འཕྲེང་ཕུ་ཨོ་རྒྱན་ཆོས་རྫོང་དུ་ཀོང་ཆེན་རིན་པོ་ཆེ་ནམ་མཁའ་དཔལ་ལྡན་རྒྱ་མཚོ་ལས་བླ་མ་དགོངས་འདུས་སོགས་དབང་རྒྱུད་དུ་མ་གསན་བསམ་གནང་ངོ་། །
གུ་རུའི་སྒྲུབ་གནས་རྣམས་སུ་བསྙེན་སྒྲུབ་དང་བསྟན་པ་རྒྱ་ཆེར་གསོ་བར་མཛད།
     ཡང་རྫོང་དང་བསམ་ཡས་མཆིམས་ཕུར་ཐུགས་དམ་མཛད་པས་རྩ་གསུམ་མང་པོའི་ཞལ་གཟིགས་ཤིང་ཚོགས་མཆོད་རྒྱ་ཆེར་ཕུལ། ལྷོ་བྲག་མཁར་ཆུ། བསམ་འགྲུབ་བདེ་བ་ཆེན་པོའི་གཙུག་ལག་ཁང་། ལྷ་བྲོ་དང་། སྨྲ་བོ་ཅོགགྲོ་བོ་ལུང་ལ་སོགས་པར་བྱོན། མངའ་བདག་ཉང་རིན་པོ་ཆེར་ཨོ་རྒྱན་དངོས་ཀྱིས་ལུང་བསྟན་པ་བཞིན་མངའ་རིས་པཎ་ཆེན་རིན་པོ་ཆེས་ཆོས་བརྒྱུད་ཉམས་པ་གསོ་བར་གསུངས་པའི་བདེན་པའི་རྔ་བོ་ཆེ་སྒྲོག་པའི་དུས་ལ་བབས་ཏེ། ཉང་གི་གདུང་སྒང་ཟུར་སོགས་ལ་རང་ལུགས་ཀྱི་བཤད་ཉན་རྒྱ་ཆེར་མཛད། སྤྲུལ་སྐུ་ཆོས་ཀྱི་དབང་པོར་ཡང་ཆོས་མང་དུ་གསན་ཞིང་ཕུལ་བ་སོགས་ཀྱི་ཚུལ་རང་རྣམ་ལས། མངའ་བདག་གི་རྒྱལ་པོ་ཉང་རལ་གྱི། །དྲི་མེད་ཀྱི་གདུང་བརྒྱུད་གདན་ས་པ། །སྒ་ཐང་དང་འོད་གསལ་སྒང་པ་དང་། །སྒང་ཟུར་གྱི་ཆོས་རྗེ་ཡབ་སྲས་ལ། །རང་རང་གི་དབང་རྒྱུད་མན་ངག་དང་། །གཞན་ལུགས་ཀྱི་གདམས་པ་རྒྱ་མཚོ་ཙམ། །ཉིན་མཚན་དུ་བཤད་ཅིང་ཆོས་བདག་བསྐོས། །ཆོས་དབང་གི་གདན་ས་བསམ་འགྲུབ་དང་། །སྤེའུ་སྔོན་སོགས་བསྐོར་ཞིང་གདམས་ངག་དང་། །དཔེ་ཆ་ལ་རྟོག་དཔྱོད་མང་དུ་བྱས། །ཆོས་དབང་གི་བརྒྱུད་པ་གུ་རུ་པ། །ཆོས་དབང་གི་བུ་བརྒྱུད་དབང་བསྐུར་དང་། །གདམས་ངག་གིས་ཡོངས་སུ་གང་བར་བྱས། །ཁོང་པ་རང་དཀྱིལ་འཁོར་གཙོར་བཞག་ནས། །ཞབས་ཏོག་ཏུ་གང་འགྱུར་ཅི་ཡང་བྱས། །རབ་གནས་དང་ལྷ་བཀོད་གཟུངས་གཞུག་སོགས། །གང་ཡང་ནི་མ་བྱས་ཅི་ཞིག་ཡོད། །ཅེས་སོ། །གཞན་ཡང་རྫོགས་ཆེན་སྙིང་ཐིག་བཅུ་གསུམ་སོགས་གཏེར་ནས་སྤྱན་དྲངས། དབུས་གཙང་དུ་གྲགས་པའི་ས་ངོར་སོགས་ཀྱི་གདན་ས་ཆེན་པོ་རྣམས་སུ་ཕེབས་ནས་འཆད་ཉན་དང་དགེ་ཚུལ་སློང་གི་ལས་ཆོག་མང་དུ་མཛད། བྱང་གཏེར་སོགས་ལ་འཆད་ཉན་ཧ་ལས་པ་མཛད། བལ་ཡུལ་སོགས་སུ་བྱོན་ཏེ་སྒོམ་སྒྲུབ་དང་འཆད་ཉན་མཛད་པའི་ངོ་མཚར་བའི་གཟིགས་སྣང་དུ་མ་བྱུང་། མཁས་པའི་གྲགས་པ་རྒྱས། སྐབས་དེར་དབུས་གཙང་རུ་བཞིར་ཆེ་རྒུ་དང་ས་བཀའ་ཇོ་ལུགས་རྙིང་མ་སོགས་ཀྱི་སྐྱེས་ཆེན་ཕལ་ཆེར་ཁོང་གི་ཞབས་མ་གཏུགས་པ་ཧ་ལམ་མེད་པར་ལྟ་བུར་མངོན་ནོ། །
ཐུགས་ཟིན་བུ་སློབ་དང་གསུང་རྩོམ་སྐོར།
     མདོར་ན་བླ་མ་འདིས་བོད་ཡུལ་དུ་ཡོངས་སུ་གྲགས་པའི་མདོ་སྔགས་གསར་རྙིང་གི་གཞུང་ལུགས་ཕལ་ཆེར་དང་རིག་གནས་མཐའ་དག་ལ་མཁས་ཤིང་ངེས་པ་དོན་གྱི་མ་ཧཱ་པཎྜི་ཏ་ཆེན་པོ་ཚད་མེད་པའི་མཁྱེན་རབ་ཅན། འཆད་རྩོད་རྩོམ་གསུམ་གྱི་གཏེར་ཆེན་པོར་གྱུར་ཚིག་ཉུང་དོན་ཤིན་ཏུ་མང་བ་སྡོམ་གསུམ་རྣམ་ངེས་ལ་སོགས་པའི་བསྟན་བཅོས་མང་དུ་མཛད། གཞན་ཡང་བསྟན་བཅོས་མང་དུ་མཛད་ཚུལ་ཐུའུ་བཀན་གྲུབ་མཐའ་སོགས་ལ་གསལ། གཏེར་ཆོས་སྐོར་ནི་རིན་ཆེན་གཏེར་མཛོད་ཆེན་མོ་རུའང་བཞུགས། ཞལ་སློབ་ནམ་མཁའི་སྐར་མ་ལྟར་གྲངས་མང་ཡང་འདིར་འགའ་ཞིག་གི་མཚན་ཙམ་སྨོས་ན། འབྲི་གུང་རིན་ཆེན་ཕུན་ཚོགས། འབྲུག་པ་ར་ལུང་པ་ངག་དབང་ཆོས་ཀྱི་རྒྱལ་པོ། བསམ་ཡས་དབུ་ཚལ་པ་ལྷ་བཙུན་ཆོས་ཀྱི་རྒྱལ་པོ་ལྷ་རིགས་རྣམ་རྒྱལ་གྲགས་པ་རྣམས་ཀྱིས་གཙོས་པའི་གོང་དཀར་རྡོ་རྗེ་གདན་པ། ཆུ་བོ་རི་པ། སྲིན་བུ་རི་པ། གྲྭ་ཐང་པ། གསང་ཕུ་ར་བ་སྨད་པ་སོགས་ས་ཀར་རྙིང་གསུམ་གྱི་གདན་ས་འཛིན་པ་གྲངས་ལས་འདས་པས་ཐམས་ཅད་ཀྱི་མཚན་འབྲིར་མ་ནུས་སོ། །
སྐུ་ཚེ་འདིའི་མཛད་པ་མཐའ་མ།
     དེ་ལྟར་བསྟན་འགྲོའི་དོན་རླབས་ཆེན་བསྐྱངས་ནས་མ་འོངས་པར་དགོས་པ་རྒྱ་ཆེར་གཟིགས་ཏེ་ལྕོག་སྒར་གྱི་བཀའ་ཡིག་རྡོ་རྗེ་འབར་བའི་གཟི་བྱིན་ཞེས་བྱ་བའི་ཞལ་གདམས་སུ་བཞག་སྟེ། འོན་སྨོན་ཐང་གི་བླ་བྲང་དུ་རབ་བྱུང་དགུ་པའི་ཤིང་འབྲུག་༡༥༤༤ལོའི་ཟླ་བ་བརྒྱད་པའི་ཚེས་གཉིས་ལ་འཇའ་འོད་དང་རོལ་མོའི་སྒྲ་དང་བཅས་ཏེ་ཟབ་མོ་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག་པའི་ཚུལ་བསྟན་ཏོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...