སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྡོ་རྗེ་དྲིལ་བུ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-21 9:57:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     རྡོ་རྗེ་དྲིལ་བུ་བ་ནི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
     སློབ་དཔོན་ཉིད་རྣལ་འབྱོར་པའི་ཆ་ལུགས་རུས་རྒྱན་སྟག་ལྤགས། རལ་པའི་ཐོར་ཚུགས་སོགས་ཡོད་པ། སྐུ་ལུས་མི་ཤ་ཁ་སྔོ་སངས། རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་ལ། ཡུམ་ནི་རྡོ་རྗེ་རྣལ་འབྱོར་མ་དངོས། སྐུ་མདོག་དམར་པོས་གྲི་གུག་དང་ཐོད་པ་འཛིན་པ། དེ་ཡང་མཁའ་ལ་ཕུར་ཐབས་སམ། བདེ་མཆོག་ལྷན་སྐྱེས་བཞིན་གཡོན་བསྐུམ་གཡས་བརྐྱང་གང་བྱས་ཀྱང་རུང་སྟེ། ནམ་མཁའ་ལ་གཤེགས་པ་མཚོན་བྱེད་དུ་སྤྲིན་གསེབ་ཏུ་བཞུགས་པ། འོག་ཕྱོགས་ན་མཚོ་ལུད་པས་གྲོང་ཁྱེར་གྱི་ཕྱེད་ཙམ་སླེབས་པ་དང་མཚོ་དཀྱིལ་ན་ཁ་སར་པཱ་ཎིའི་སྐུ་ཕྱེད་ཙམ་ཐོན་པ་འབྲི།
     སློབ་དཔོན་རྡོ་རྗེ་དྲིལ་བུ་བའི(གྷཎྜི་པ)ལོ་རྒྱུས་ནི། དཔལ་ནཱ་ལེནྡྲའི་སྡེ་པ་དགེ་སློང་གི་སྡོམ་པ་ཐོབ་ལ་མ་ཉམས་པ། རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོ་མཁས་པ་དང་གྲགས་པའི་སྙན་པ་ཕྱོགས་མཚམས་ཐམས་ཅད་དུ་གྲགས་པས། སློབ་དཔོན་ཡུལ་ཐམས་ཅད་དུ་འགྲོ་དོན་དང་བསོད་སྙོམས་ལ་གཤེགས་པས་དེའི་དུས་སུ། རྒྱལ་པོ་དེ་བ་པ་ལ་བྱ་བ་བསོད་ནམས་ཀྱི་ལས་མཐས་ལས་གྲུབ་པ། དེ་ལ་རྒྱལ་སྲིད་ཀྱི་འབྱོར་པ་དཔག་ཏུ་མེད་པ་མངའ་སྟེ། རང་གི་ཡུལ་གྲོང་ཁྱེར་འབུམ་ཚོ་བཅོ་བརྒྱད་ཀ་མ་རཱུ་པའི་ཡུལ་གྲོང་ཁྱེར་འབུམ་ཚོ་དགུ། སངྒ་ཛ་ལའི་གྲོང་ཁྱེར་འབུམ་ཚོ་བཅུ་བཞི་སྟེ། གྲོང་ཁྱེར་འབུམ་ཚོ་བཞི་བཅུ་རྩ་གཅིག་ལ་དབང་བྱེད་པའི་རྒྱལ་པོ་དེ་བ་པ་ལའི་ཡུལ་ས་ལི་པུ་ཏྲར་བསོད་སྙོམས་ལ་གཤེགས་ནས། ཤིང་དྲུང་གཅིག་གི་རྩར་གནས་བཅས་ནས་བཞུགས་པ་དང་། རྒྱལ་པོ་ལ་མཆོད་གནས་དཔག་ཏུ་མེད་པ་ཞིག་མངའ་བ་ཡིན་ཡང་། ལོངས་སྤྱོད་ཀྱི་སྙིང་པོ་བླང་སྙམ་ནས། བཙུན་མོ་ལ་མཚན་མོ་གྲོས་དྲིས་པ། འདུས་བྱས་ཐམས་ཅད་མི་རྟག་པ། སྲིད་པར་སོང་བ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ། འཁོར་བའི་ཆོས་ལ་སྙིང་པོ་མི་འདུག་པས། ང་ནི་འདི་དང་ཕྱི་མ་གཉིས་ཀའི་རྒྱལ་སྲིད་བྱེད་པ་ཡིན་པས། འོ་སྐོལ་རང་གཉིས་ཚེ་ཕྱི་མའི་ལམ་རྒྱགས་སུ་མཆོད་གནས་ཕུན་སུམ་ཚོགས་པ་གཅིག་ལ་ཚོགས་གསོག་བྱས་ན་མི་རུང་ངམ་ཞེས་སྨྲས་པ་དང་། བཙུན་མོ་ན་རེ། ཁྱོད་ཉིད་ལ་མཆོད་གནས་སྔར་ཡང་དཔག་ཏུ་མེད་པ་ཞིག་གདའ། ད་ཡང་མཆོད་གནས་གཞན་ལས་ཁྱད་པར་དུ་འཕགས་པ་འདུལ་བ་འཛིན་པ་ཆེན་པོ་ཞིག་གྲོང་ཁྱེར་གྱི་མཐའི་ཤིང་རྩ་གཅིག་ན་ཟས་བསོད་སྙོམས། ཆོས་གོས་དང་། ཡོ་བྱད་ངན་ངོན་གྱིས་འཚོ་བ་གཅིག་ཡོད་གདའ་བས་དེ་སྤྱན་དྲངས་ཏེ་མཆོད་པར་འོས་སོ་ཞེས་གསོལ་བ་དང་། རྒྱལ་པོ་མཉེས་ཏེ། ཅིས་ཀྱང་ལེགས་པས། རྒྱལ་པོ་རང་བཞེས་པའི་ཚོད་མའི་སྣ་བརྒྱད་ཅུ་རྩ་བཞི། མུར་བའི་བཅའ་བ་བཅུ་བཞི། རྒུན་ཆང་ལ་སོགས་པ་བཏུང་བ་ལྔ། མེ་མར་དང་རིན་པོ་ཆེའི་སྣང་བ་དང་རྒྱལ་སྲིད་ཀྱི་ཡོན་ཏན་ཐམས་ཅད་ནས་དེ་ལ་བྱིན་ལ་སྤྱན་དྲོངས་ཤིག་གསུངས། བཙུན་མོས་ནང་པར་གོང་གི་མཆོད་པ་རྣམས་དང་བཅས། འཁོར་ཁ་ཅིག་སློབ་དཔོན་སྤྱན་འདྲེན་དུ་བཏང་བས་མ་ཁུགས་པ་དང་། རྒྱལ་པོ་རང་འཁོར་དང་བཅས་ཏེ་ཕྱིན་ནས་སློབ་དཔོན་ལ་ཕྱག་བྱས་ཏེ་ཡིད་ཕེབས་པའི་གཏམ་མང་པོ་སྨྲས་པ་དང་། སློབ་དཔོན་གྱིས་རྒྱལ་པོ་འདུ་རུ་ཅི་ལ་བྱོན་གསུངས། རྒྱལ་པོས་བདག་སློབ་དཔོན་ལ་དད་པས་སྤྱན་འདྲེན་དུ་འོང་བ་ལགས་ཞུས་པ་དང་། སློབ་དཔོན་གྱིས་སྨྲས་པ། ང་རྒྱལ་པོ་སྡིག་ཅན་གྱི་མཆོད་གནས་མི་བྱེད་ཟེར། རྒྱལ་པོ་ན་རེ། གཏན་གྱི་མཆོད་གནས་མི་བྱེད་ཀྱང་། ལོ་གཅིག་ཙམ་མཛོད་ཞུས་པས་མ་བཞེད་དོ། ། 
     དེ་བཞིན་དུ་ཟླ་བ་དྲུག་དང་། གསུམ་དང་ཕྱེད་དང་གཉིས་དང་། ཟླ་བ་གཅིག་དང་ཕྱེད་དང་ཞག་གཅིག་གཤེགས་པར་ཞུས་ཀྱང་། རྒྱལ་པོ་སྡིག་ཅན་ཁྱོད་སྤྱོད་ལམ་བཞི་ལ་སོགས་གང་བྱེད་ཀྱང་སྡིག་པའི་རང་བཞིན་ཅན་ཡིན་པས། བདག་དེར་མི་འོང་ཟེར་དང་། ཡང་རྒྱལ་པོས་ཞག་བཅུའི་བར་དུ་ཡང་ཡང་ནན་གྱིས་ཞུས་ཀྱང་མ་བཞེད་པས། རྒྱལ་པོ་འཁོར་བཅས་ཁྲོས་ཏེ་སྙིང་ལ་ཞེ་སྡང་གི་མེ་རབ་ཏུ་འབར་ནས། དགེ་སྦྱོང་འདི་ཚངས་སྤྱོད་དང་སུས་དབྲལ་ནུས་པ་ཡོད་ན། དེ་ལ་རྒྱལ་སྲིད་ཀྱི་ཕྱེད་དང་། གསེར་ཁལ་གཅིག་བརྔན་པར་སྟེར་རོ་ཞེས་དྲིལ་ཡོངས་སུ་བསྒྲགས་པ་དང་། ཡུལ་དེ་ན་སྨད་འཚོང་མ་ཀུན་གྱི་གཙོ་མོ་གཡོ་ཅན་ཞིག་ཡོད་པ་དེ་ན་རེ། རྒྱལ་པོའི་དགོངས་པ་ངས་བསྒྲུབ་ནུས་སོ་སྨྲས་པ་དང་། རྒྱལ་པོ་ན་རེ། འོ་ན་ཁྱོད་ཀྱིས་བརྩོན་འགྲུས་དང་འབད་པས་སྒྲུབས་ཤིག་གསུངས། སྨད་འཚོང་མ་དེ་ལ་བུ་མོ་ལོ་བཅུ་དྲུག་ལོན་པ། འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ། བྱད་བཞིན་མཛེས་པ། འགྲོ་ན་ལྟ་ན་སྡུག་པ། སྨྲ་ན་སྐད་གདངས་སྙན་པ། ལུས་རྒྱས་ཤིང་ནུ་འབུར་མཁྲེགས་པ། ཀུན་གྱི་ཡིད་དུ་འོང་བ་གཅིག་ཡོད་པས། བདག་གིས་དེ་བཏང་ལ་ཁོ་ཚངས་པར་སྤྱོད་པ་དང་དབྲལ་བར་ནུས་སོ་ཞེས་སྨྲས་ནས། བུ་མོ་དེའི་མས་སློབ་དཔོན་གྱི་དྲུང་དུ་ཕྱིན་ཏེ། ཕྱག་དང་བསྐོར་བ་མང་དུ་བྱས་ཀྱིན་ལོག དེ་ལྟ་བུ་ཞག་བཅུའི་བར་དུ་བྱས་ནས་སྨྲས་པ། བདག་གིས་ཟླ་བ་གསུམ་གནས་པའི་འཚོ་བ་སྦྱོར་བའི་ཡོན་བདག་ཞུ་ཞེས་སྨྲས་པ་དང་། སློབ་དཔོན་དེ་མ་འདོད་པ་དང་། ཟླ་བ་གཅིག་གི་བར་དུ་ཡང་ཡང་ཞུས་པས། སློབ་དཔོན་གྱིས་འོ་ན་རུང་ཞེས་ཞལ་གྱིས་བཞེས་པ་དང་། རྒན་མོ་དགའ་ནས་བཀྲ་ཤིས་རྒྱ་ཆེན་པོ་བྱས། ཚིགས་སུ་བཅད་པ་འདི་ལྟར་སྨྲས་ཏེ། བུད་མེད་གཡོ་ནི་བརྒྱད་ཅུ་གཅིག   ། འདོད་པ་ཡང་ནི་བརྒྱ་འགྱུར་རོ། ། ཞེས་སྨྲས་ནས། ངའི་གཡོ་སྒྱུས་གླིང་བཞིའམ་གཡོ་བར་ནུས་ན། འདི་ལྟ་བུ་ཅི་སྨོས་ཞེས་སྙིང་ལ་བསམ་ཞིང་ངག་ཏུ་ཡང་བརྗོད་དོ། །དགེ་སློང་ན་རེ། ང་ལ་ཟས་སྐྱེལ་བ་ལ་སྐྱེས་པ་ཀུན་ཐོངས་ལ། བུད་མེད་ཀྱི་རིགས་མ་གཏོང་ཞིག་གསུངས། དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས། ཁ་རའི་ཆུ་དང་འབྲས་ཆན་ལ་སོགས་པའི་བཟའ་བ་དང་བཅའ་བ་སྣ་ཚོགས་ཟླ་བ་གཉིས་ཀྱི་བར་ལ་སྐྱེས་པ་ཁོ་ནས་བསྐྱལ། དེ་ནས་སྨད་འཚོང་མ་གཡོན་ཅན་མ་དེས། རང་གི་བུ་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན། བཟའ་བ་དང་བཅའ་བ་བཏུང་བ་སྣ་ཚོགས་གྱ་ནོམ་པ་གཡོག་ལྔ་བརྒྱ་ལ་བསྐུར་ཏེ་གནས་སུ་སླེབས་པ་དང་། མའི་བསླབ་བྱ་བཞིན་གཡོ་སྒྱུའི་བསམ་པ་དྲན་བཞིན་དུ་འཁོར་རྣམས་ཕྱིར་བཟློག བུ་མོས་སློབ་དཔོན་གྱི་ནང་དུ་ཞུགས་པ་དང་། སློབ་དཔོན་གྱི་བསམ་པ་སྔར་གྱི་ཟན་སྐྱེལ་མི་དེ་རྣམས་ཡིན་སྙམ་ནང་དུ་བཏང་བ་དང་། བུ་མོ་གཞོན་ནུ་མ་ལྟ་ན་སྡུག་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་མཐོང་ནས། དགེ་སློང་གིས་སྨྲས་པ། སྐྱེས་པ་ཀུན་གར་སོང་། བུ་མོ་ན་རེ། སྐྱེས་པ་ཀུན་ལོང་མེད་ནས་བདག་འོང་ངོ་ཞུས་ཏེ་ཡུན་རིང་དུ་བསྡད་པ་དང་། ད་སོང་ཤིག་གསུངས་པས། ད་དུང་ནམ་མཁའ་ལ་སྤྲིན་ཁ་དོག་སྣ་ལྔ་པ་འདུས་ནས་ཆར་ཡོང་གིན་གདའ་བས། དེ་ཆད་ནས་འགྲོ་ཟེར་བསྡད། ཉི་མ་ནུབ་པ་དང་བདག་ལམ་གྲོགས་མ་མཆིས་པས་གོས་དང་རྒྱན་ལ་བལྟས་ནས་ཆོམ་རྐུན་གྱི་སྲོག་དང་འབྲལ་བར་མཆིས་ཟེར་བས་བདེན་སྙམ་ནས་དེར་ཉལ་བ་དང་། མཚན་མོ་མས་བསླབ་པའི་གཡོ་སྒྱུ་དྲན་ནས། བུ་མོས་འཇིགས་པའི་སྐད་སྨྲས་ཏེ། སློབ་དཔོན་གྱི་རྩར་བྱུང་བ་དང་། རིག་མ་དེ་རྗེས་སུ་འཛིན་པའི་དུས་ལ་བབས་པར་དགོངས་ཏེ་བྱིན་གྱིས་བརླབས་ནས་ཕྱག་རྒྱར་བསྟེན་ནོ། །ནང་པར་ཕ་མའི་སར་མ་ཕྱིན་པར་དེར་བསྡད་པས་དགེ་སློང་དང་བུ་མོ་གཉིས་ཀ་ལ་བཟའ་བ་སོགས་མས་སྔར་བཞིན་བསྐྱལ། ལོ་གཅིག་ལོན་པ་དང་། བུ་ཚ་མིང་སྲིང་གཉིས་སྐྱེས་སོ། ། རྒྱལ་པོས་རྟག་ཏུ་སྨད་འཚོང་མ་ལ་ཡང་ཡང་དྲིས་པ་ལས། མ་དེས་གསལ་པོར་མ་སྨྲས་སོ། །དེ་ནས་ལོ་གསུམ་ལོན་པ་དང་། སྨད་འཚོང་མས་རྒྱལ་པོ་ལ་ཁྱེད་ཀྱི་བཀའ་བཞིན་བདག་གིས་བསྒྲུབས་ནས་མཆིས་པས། ད་ཐུགས་དགྱེས་པར་མཛོད་ཅིག་ཞུས། དེ་ནས་རྒྱལ་པོས་བཀའ་བསྩལ་པ། འོ་ན་ཞག་གསུམ་གྱི་དུས་སུ་ང་དགེ་སློང་གི་གནས་སུ་འོང་བས་བུ་མོ་ལ་སྨྲོས་ཤིག་གསུངས། རྒྱལ་པོས་ས་ལ་པུ་ཏྲའི་གྲོང་ཁྱེར་གྱི་མི་ཀུན་དང་། བློན་པོའི་ཚོགས་དང་བཅས་ཏེ་འགྲོ་བར་ཆས་སོ། ། 
     དགེ་སློང་གིས་བུ་མོ་ལ་འོ་སྐོལ་གནས་འདིར་འདུག་གམ། གཞན་དུ་འགྲོ་བྱས་པས། བུ་མོ་ན་རེ། ད་འོ་སྐོལ་གྱི་ལས་ངན་འདི་ལ་ཡུལ་མི་ཀུན་འཕྱ་ཞིང་བརྙས་པས། ཡུལ་གཞན་དུ་འགྲོ་བ་རུང་ཟེར་ནས་བུ་མོས་བུ་ཚ་མིང་སྲིང་དང་ཆང་གི་ཀུ་བ་ཁྱེར། དགེ་སློང་གིས་བ་མེན་གྱི་རྭཆང་གིས་བཀང་བ་གསོལ་གྱིན་ཡབ་ཡུམ་གཉིས་ཀྱིས་བྱོན་པས། ལམ་ཁར་རྒྱལ་པོ་དང་འཕྲད་ནས། རྒྱལ་པོས་གླང་པོ་ཆེའི་སྟེང་ནས་བབས་ཏེ་དགེ་སློང་ལ་སྨྲས་པ། བུ་མོ་འདི་ཁྱེད་ཀྱི་ཅི་ཡིན། གོས་ཀྱི་ནང་ན་ཅི་ཡོད། ལག་གི་འདི་གང་ཡིན་གསུངས། དགེ་སློང་ན་རེ། བུ་མོ་འདི་ངའི་ཆུང་མ་ཡིན། གོས་ཀྱི་ནང་ན་བུ་ཆུང་མིང་སྲིང་དང་ཀུ་བ་ཡོད་བྱས་པས། རྒྱལ་པོས་བདག་གིས་སྤྱན་དྲངས་དུས་སུ་ཁྱོད་སྡིག་ཅན་གྱི་གནས་སུ་མི་འོང་ཟེར། ད་ཁྱེད་བུ་དང་ཆུང་མས་ཅི་བྱ། སྡིག་ཅན་གཅིག་ཁྱེད་རང་འདུག་པ་ཞེས་སྨྲས་པ་དང་། སློབ་དཔོན་ཁྲོས་ཏེ། ཕྱག་ན་ཡོད་པའི་བ་མེན་དང་བུ་མོས་ཁྱེར་བའི་ཀུ་བ་གཉིས་ས་ལ་བརྡབས་པས། སའི་ལྷ་མོ་འཇིགས་ནས་ས་གས་པ་དང་། ཆུ་ཆེན་པོ་བརྡོལ་ནས་སློབ་དཔོན་དགེ་སློང་ནི་འཁོར་ལོ་བདེ་མཆོག བུ་ཆུང་རྡོ་རྗེ། བུ་མོ་དྲིལ་བུ། རིག་མ་རྡོ་རྗེ་ཕག་མོར་གྱུར་ཏོ། །ནམ་མཁའ་ལ་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ། རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་བཞུགས་པ་ཀུན་གྱིས་མཐོང་། ས་གས་པ་ལ་ཆུ་ཆེར་བྱུང་བ་དང་། ས་ལ་པུ་ཏྲའི་ཡུལ་ཁམས་དང་། རྒྱལ་པོ་བློན་འབངས་སྐྱེ་བོའི་ཚོགས་ཐམས་ཅད་ཆུས་ནུབ་ལ་ཁད་ནས་འཆི་བ་ལ་ཐུག་སྟེ་འཇིགས་ཤིང་དངངས་སྐྲག་གིས་ཅི་བྱ་གཏོལ་མེད་དུ་གྱུར་ཏོ། ། 
     དེའི་ཚེ་འཕགས་པ་སྤྱན་རས་གཟིགས་སྐད་ཅིག་གིས་དེར་བྱོན་ནས། ས་གས་པའི་ཆུ་ལ་ཞབས་ཀྱིས་བཅད་དེ་རྒྱལ་པོ་ལ་སོགས་པ་དབུགས་དབྱུང་བར་མཛད་ནས། སློབ་དཔོན་གྲུབ་པ་ཐོབ་པ་ལ་ལོག་ལྟ་མ་བྱེད་པར་གསོལ་བ་ཐོབ་གསུངས་ནས་མི་སྣང་བར་གྱུར། རྒྱལ་པོ་འཁོར་བཅས་ཀྱིས་སློབ་དཔོན་གྲུབ་པ་ཐོབ་པར་རྟོགས་ནས་བསམ་པ་དག་པའི་ཡིད་ཆེས་ཀྱི་དད་པ་ཆེན་པོའི་སྒོ་ནས། སྒྲོ་སྐུར་ཐམས་ཅད་འགགས་ཏེ་སྙིང་ནས་བཤགས་སྡོམ་དང་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་རྗེས་སུ་འཛིན་པར་རྩེ་གཅིག་ཏུ་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ཞེས་གསོལ་བ་བཏབ་པས། སློབ་དཔོན་གྱིས་རྗེས་སུ་བཟུང་སྟེ། ཡུལ་ས་ལ་པུ་ཏྲའི་རྒྱལ་བློན་འཁོར་འབངས་སྐྱེ་བོའི་ཚོགས་དང་བཅས་པ་ཐམས་ཅད་རྒྱུད་ཡོངས་སུ་དག་པར་མཛད་དེ། སློབ་དཔོན་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ། །མཚན་ཡང་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ཞེས་ཕྱོགས་མཚམས་ཀུན་ཏུ་གྲགས། དེས་ན་བུ་མོ་དེས་སྐྱེ་བ་སྔ་མ་སོགས་སུ་ཡང་སློབ་དཔོན་ལ་ལན་དྲུག་གི་བར་དུ་བར་ཆད་བྱས། ད་ལན་ཡང་བར་ཆད་བྱས་ཀྱང་སློབ་དཔོན་ཆོས་ཉིད་ཀྱི་ངང་དུ་གཉིས་འཛིན་གྱི་རྣམ་རྟོག་ཐམས་ཅད་སྟོར་ནས་རྒྱུད་སྨིན་པའི་སྟོབས་ཀྱིས་བར་ཆད་མ་ནུས་པར་ངན་འབྲེལ་གྱི་མཐའ་རྫོགས་ཏེ་རྗེས་སུ་བཟུང་ནས། བུ་མོ་དེའི་རྒྱུད་སྨིན་ཅིང་གྲོལ་བར་མཛད་པའོ། །སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་རྟོགས་བརྗོད་ནི། ལཱ་ལ་ར་སཱ་ངྷཱུ་ཏཱི་གསུམ། །བདག་བྱིན་བརླབས་པས་བཅིང་བར་བྱ། །བླ་མ་སེམས་དང་སྣང་བ་གསུམ། །རྟོགས་པ་བསྐྱེད་ཕྱིར་མཁས་པས་བསྟེན། །ཞེས་གསུངས་སོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...