སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་མཛད་རྗེས་མདོར་བསྡུས།
རྩོམ་པ་པོ། རྫ་ཤུལ་བློ་བཟང་རྒྱ་མཚོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-6 10:34:00 རྩོམ་ཁུངས། རིག་གནས་ཡར་སྤེལ། ཀློག་གྲངས།
དང་པོ། སློབ་གཉེར་མཛད་ཚུལ་མདོར་བསྡུས།
     མདོ་སྔགས་རིག་གནས་དང་བཅས་པར་ཤིན་ཏུ་མཁས་པའི་ཅོ་ནེ་གྲགས་པ་བཤད་སྒྲུབ་ཅེས་པ་ནི། ནང་དམག་རུ་བཞི་དང་ཕྱི་དམག་རུ་བཞི་བཅུ་ཞེ་བརྒྱད་ལས་དམག་རུ་རེབ་ཚ་ཁག་བཞི་ཡི་ཡ་གྱལ། ཐུའུ་ཇུའི་ཡུལ་གྱི་བྱེ་བྲག་གཡོ་སའམ་རབ་སོ་ཞེས་པ་སྟེ། ད་ལྟའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཁྱ་དགེ་ཞང་རབ་སོ་སྡེ་བ་ཞེས་པའི་ཡུལ་དུ་ཡབ་གཟུངས་སྐྱབས་འབུམ་ཞེས་བྱ་བ་བོན་དང་གསང་སྔགས་རྙིང་མའི་ལུགས་འཛིན་པ་དང་། ཡུམ་སྐལ་བཟང་སྨན་ཞེས་བགྱི་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ཏེ་སྤྱི་ལོ༡༦༧༥ལོའི་ཟླ་བ་དང་པོའི་ཚེས་བརྒྱད་ཉིན་སྐུ་འཁྲུངས། དམ་པ་ཁོང་ཉིད་གཞོན་དུས་ནས་དད་པ་དང་ཤེས་རབ་ཆེ་བས་ཕ་མའི་ངག་ནས་ཐོས་པའི་ཁ་ཏོན་ཀྱི་རིགས་ཡོད་ཚད་ཆེད་དུ་མ་གཉེར་ཡང་བློར་ཟིན་པ་དང་། ཡི་གེ་ཡང་མ་བསླབས་པར་ཐར་ཐོར་ཤེས་པ་བྱུང་བར་གྲགས། དགུང་ལོ་དགུ་བ་ལ་ཅོ་ནེ་དགོན་ཆེན་ཏིང་འཛིན་དར་རྒྱས་གླིང་དུ་ཁྲི་ཆེན་མཁན་རིན་པོ་ཆེ་དགེ་འདུན་གྲགས་པའི་དྲུང་ནས་རབ་བྱུང་བསྒྲུབས། དེ་ནས་དགུང་ལོ་ཉེར་གཅིག་པའི་བར་ཀུན་རིག་ཚེ་དཔག་མེད་འཇིགས་བྱེད་སྨོན་ལམ་བསྟོད་ཚོགས་སོགས་དགོན་པའི་འདོན་ཆ་ཆོས་སྤྱོད་སྣ་ཚོགས་དང་། གསང་འདུས་མངོན་དཀྱིལ་དབང་ཆོག་སྐོར་དང་། སྨན་བླ་མཚན་བརྗོད་སོགས་ཐུགས་འཛིན་མཛད་ཅིང་ཆོ་ག་ཕྱག་ལེན་བྱང་བར་སྦྱངས། སྟག་རིས་དགེ་སློང་བྱ་བའི་སྨན་པ་མཁས་པ་ཞིག་གི་དྲུང་ནས་རྒྱུད་བཞི་གཙོར་བྱས་སྨན་དཔེ་མང་པོ་སྦྱངས་པ་གཟབ་ནན་མཛད་ཅིང་སྨན་བཅོས་ཀྱི་ལག་ལེན་ཡང་མང་དུ་མཛད་ནས་ཡུལ་གྱི་སྐྱེ་འགྲོའི་ནད་ཀྱི་སྡུག་བསྔལ་མང་པོ་དཀའ་ཚེགས་ལ་མ་འཛེམ་པར་སེལ་བར་བྱས་སོ། །
     དགེ་བཤེས་ཡེ་ཤེས་དབང་ཕྱུག་མཆོག་གིས། ཤར་ཕྱོགས་ཀྱི་བསྟན་པའི་སྒྲོན་མེ་ཅོ་ནེ་གྲགས་པ་བཤད་སྒྲུབ་ཅེས་གསུངས་པ་བཞིན་དམ་པ་ཁོང་ཉིད་དགུང་ལོ་ཉེར་གཅིག་པ་ཤིང་ཕག་སྟེ་སྤྱི་ལོ༡༦༩༦ལོའི་སྟོན་ཀར་དབུས་ལྷ་ལྡན་དུ་ཕེབས་ཏེ་སེར་སྨད་ཐོས་བསམ་གླིང་གི་གྲྭ་སར་ཞུགས་པ་དང་། རྗེ་བཀྲ་ཤིས་དཔལ་བཟང་དགེ་རྒན་དུ་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་གྱི་དབུ་བཙུགས་ཤིང་། ཐུན་མོང་བའི་རིག་གནས་ཀྱི་སྐོར་ཡང་གསན་སྦྱོང་མཛད། མེ་ཁྱི་སྟེ་སྤྱི་ལོ༡༧༠༦ལོའི་ཟླ་དང་པོར་ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་འཇོག་རྩིས་ཡོད་ཀྱང་། དབུས་ཕྱོགས་སུ་སོག་བོད་བར་འཁྲུགས་པ་བྱུང་བས་སྔ་ནུར་བྱེད་དགོས་པ་བྱུང་། དགུང་ལོ་སོ་གཅིག་པ་ཤིང་བྱ་སྟེ་སྤྱི་ལོ༡༧༠༥ལོའི་ཟླ་བརྒྱད་པར་སློབ་དཔོན་དམ་པ་ཚུལ་ཁྲིམས་རིན་ཆེན་མཆོག་གི་བཀའ་བཞིན་ལྷ་རམས་དམ་བཅའ་བཞག་སྟེ་མཚན་བཏགས་བཞེས་པ་དང་། དགུང་ལོ་སོ་གཉིས་པ་ལ་གཙང་བཀྲ་ཤིས་ལྷུན་པོར་ཕྱིན་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པས་ཡོད་ཚད་ངོ་མཚར་ཞིང་དད་པས་ཁེངས་པར་བྱས་སོ། །
     མཁས་ཆེན་དམ་པ་ཁོང་གིས་སྐུ་ཚེ་གང་བོར་མདོ་དབུས་ཁམས་གསུམ་ནས་སྔ་ཕྱིར་པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་དང་། གོང་ས་ལྔ་བ་ཆེན་པོ་མཆོག་དང་བཅས་རྒྱལ་དབང་སྔ་ཕྱི་གཉིས། རྗེ་དྲུང་རིན་པོ་ཆེ། རྗེ་བཀྲ་ཤིས་དཔལ་བཟང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་མཚན་དང་སྙན་གྲགས་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་མང་པོ་ཚུལ་བཞིན་བསྟེན་ནས་མདོ་སྔགས་གཉིས་ཀྱིས་བསྡུས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་མཛད་པའི་རྣམ་ཐར་ངོ་མཚར་ཅན་མང་དུ་སྣང་ངོ་། །
གཉིས་པ། སྐུ་ཉིད་ཀྱི་མཛད་འཕྲིན།
     མཁས་ཆེན་ཁོང་ཉིད་དགུང་ལོ་སོ་གསུམ་པ་མེ་ཕག་སྟེ་སྤྱི་ལོ༡༧༠༧ལོར་སླར་མདོ་སྨད་ཅོ་ནེ་དགོན་ཆེན་ཏིང་འཛིན་དར་རྒྱས་གླིང་དུ་ཕེབས་ནས། རབ་སོའི་སྒྲུབ་ཁང་ཞེས་པར་ལོ་ཤས་རིང་སྒོམ་སྒྲུབ་གནང་བར་མཛད་པ་དང་། ཡུལ་དེའི་སྐྱ་སེར་གཉིས་ལ་ཆོས་ཀྱི་ལུང་ཁྲིད་སོགས་མང་པོ་གནང་ནས་སྐལ་ལྡན་གྱི་བུ་སློབ་མང་པོ་རྣམ་དཀར་དགེ་བའི་ལས་ལ་ཡང་ཡང་སྐུལ་བར་མཛད། ཆུ་སྦྲུལ༡༧༡༣ལོའི་ཟླ་བཅུ་བར་ཅོ་ནེ་དགོན་ཆེན་དུ་རང་སྐལ་གྱི་ལས་སྣ་བཏང་སྟེ་སངས་རྒྱས་དུ་མའི་མཚན་བསྒྲིགས་ཤིག་པར་དུ་བཏབ་ནས་དགེ་འདུན་པ་ཐམས་ཅད་ལ་ཕུལ་ཅིང་མང་འགྱེད་ཀྱི་བསྙེན་བཀུར་ཞུས། དགུང་ལོ་བཞི་བཅུ་བ་ཤིང་རྟ༡༧༡༤ལོའི་དཔྱིད་ཀར་ཀཽཤྲི་ངག་དབང་འཕྲིན་ལས་རྒྱ་མཚོས་སྦྱིན་བདག་དང་རྒྱབ་སྐྱོར་འོག་དགོན་པ་དེར་མཚན་ཉིད་གྲྭ་ཚང་ཞིག་གསར་དུ་བཙུགས་ཤིང་། དགུང་ལོ་བཞི་བཅུ་ལ་ཕེབས་པའི་དམ་པ་ཁོང་ཉིད་ཀྱིས་གྲྭ་ཚང་གི་མཁན་པོ་དང་དགེ་རྒན་གྱི་ལས་སྣ་ནན་གྱིས་སྐྱོང་བར་མཛད་པ་ལ། འདུལ་བའི་བཅས་ཁྲིམས་ལ་དག་ཐེར་མཛད་ཅིང་། གཞན་ཐོས་བསམ་གླིང་གི་ཡིག་ཆ་དང་འགྲིག་ལམ། ཞལ་འདོན་སོགས་ནི་ལྷ་སའི་སེར་སྨད་གྲྭ་ཚང་གཙོ་བྱས་གདན་ས་གསུམ་གྱི་ཆོ་ག་ཕྱག་ལེན་དཔེར་བྱེད་བཞིན་ཐུགས་ངལ་ལ་མ་འཛེམ་པར་བསྐྱངས་པས་ན། ཅོ་ནེ་དགོན་ཆེན་གྱི་འཆད་ཉན་ལ་སྔར་བྱུང་མ་མྱོང་བའི་གྲུབ་འབྲས་ཕུལ་དུ་བྱུང་ཕྱིར། རིམ་བཞིན་དགའ་ལྡན་ཁྲི་བ་དུ་མ་བྱོན་ཅིང་། སྐབས་དེར་དགོན་ཆེན་ལ་གྲྭ་བཙུན་ཁྲི་ཕྲག་ལས་བརྒལ་བ་ཡོད་པར་བཤད་པས། དར་བའི་རྩེར་སོན་པ་འདི་དམ་པ་ཁོང་གི་མཛད་འཕྲིན་ལས་རིམ་པར་བྱུང་བ་ཡིན་པར་ཤེས་དགོས་སོ། །
     དགུང་ལོ་ཞེ་དྲུག་པ་ཆུ་སྟག༡༧༢༢ལོར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་འགྲེལ་སོགས་གཞུང་དུ་མ་བརྩམས་ནས་ཤིང་པར་དུ་བརྐོས། མེ་ལུག༡༧༢༧ལོར་ཀཽཤྲི་ངག་དབང་འཕྲིན་ལས་རྒྱ་མཚོས་སླར་ཁྲི་བ་གནང་དགོས་པའི་བཀའ་ནན་བབས་པ་ལྟར་སླར་ཡང་གྲྭ་ཚང་གི་ཁྲི་བ་མཛད། ས་བྱ༡༧༢༩ལོར་ཀཽཤྲི་ངག་དབང་འཕྲིན་ལས་རྒྱ་མཚོས་ཅོ་ནེ་དགོན་ཆེན་དུ་རྒྱུད་པ་གྲྭ་ཚང་གསར་བཙུགས་ཀྱི་སློབ་དཔོན་དུ་བསྐོས། རྒྱུད་པའི་བླ་མ་དང་གྲྭ་ཚང་གི་མཁན་པོའི་འགན་གཅིག་ལྕོགས་མཛད་ནས་འདོན་རྟ་དབྱངས་དང་། ཐིག་རྡུལ་ཚོན་གཏོར་མ་བཅའ་བཟོ། རོལ་མོ་འབུད་དཀྲོལ་ཚུན་ཆད་རྒྱུད་སྟོད་ཀྱི་ཕྱག་བཞེས་ངོས་གཙང་ཞིང་། མདོ་སྔགས་ཀྱི་འཆད་ཉན་མི་ཉམས་གོང་འཕེལ་དུ་བཏང་བར་མ་ཟད། གྲྭ་མང་ལ་བདེ་གསང་གཉིས་ཀྱི་དབང་དང་། བསྐྱེད་རྫོགས་གཉིས་ཀྱི་འཆད་ཉན། འགྲེལ་བ་བཞི་སྦྲགས་ཀྱི་བཤད་པ་སོགས་བཀའ་ཆོས་ཅི་འདོད་དུ་བསྩལ་ཏེ་རྒྱུད་ཀྱི་འཆད་ཉན་རྒྱ་ཆེར་སྤེལ་བ་དང་། ཅོ་ནེའི་བསྟན་འགྱུར་པར་ཤིང་གི་ལས་དོན་གྱི་ཐོག་མའི་འཆར་བཀོད་སོགས་ལ་ཡང་དངོས་ཤུགས་བརྒྱུད་གསུམ་ཅི་རིགས་ནས་བློ་འདོན་དང་ཐུགས་ཁུར་ཚད་མེད་གནང་། དེ་དང་ལྷན་དུ་ཁོང་ཉིད་ཀྱིས་གསུང་རྩོམ་པོད་བཅུ་གཅིག་ལོངས་པ་ལྗགས་རྩོམ་མཛད་ཅིང་། ཁོང་གི་ཞལ་རྒྱུན་འཛིན་པའི་སློབ་མ་ལའང་། ཉང་ཚང་ངག་དབང་བསྟན་པའི་ཉི་མ་དང་། རྔ་རྒོད་ནམ་མཁའ་སེངྒེ། མ་ངེ་སློབ་དཔོན་བློ་བཟང་རྒྱ་མཚོ་སོགས་འཆད་ཉན་གྱི་རྒྱུན་འཛིན་པའི་སྣོད་ལྡན་སློབ་བུ་དང་ཡང་སློབ་མང་པོ་བསྐྱངས་ཤིང་། ཀཽཤྲི་ངག་དབང་འཕྲིན་ལས་རྒྱ་མཚོ་དང་། ཅོ་ནེ་དཔོན་ཆེན་གྱིས་དབུ་བླར་བཀུར་ནས་གདུལ་བྱའི་ཚོགས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་མཛད་ཅིང་། འབངས་མི་སེར་ལ་ནང་སེམས་ཀྱི་བདེ་བ་ཁྱད་པར་བའི་སྐལ་བ་བཟང་པོ་མུ་མཐུད་མྱོང་བའི་རྨང་གཞི་བརྟན་པོར་བཞག་པ་ནི་ལོ་རྒྱུས་ལ་བལྟས་པ་ཙམ་གྱིས་ཤེས་སོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...