སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ངག་རྒྱུན་ཁྲོད་ཀྱི་ཨ་རིག་དགེ་བཤེས་ཆེན་མོ། དགེ་ལེགས་རྒྱལ་མཚན།
རྩོམ་པ་པོ། དགེ་ལེགས་རྒྱལ་མཚན། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-23 11:15:00 རྩོམ་ཁུངས། ར་རྒྱ་རྩོམ་རིག་སྟེགས་བུ། ཀློག་གྲངས།
དང་པོ། མཛད་རྣམ་ཐུང་ངུ་།
     དེ་ཡང་མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་ཨ་རིག་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ཞེས་འདབ་ཆགས་ཁྱུང་ཆེན་རྒྱལ་པོ་མཁའ་རུ་ལྡིང་འདྲའི་བརྗིད་ཆགས་ཁྱུང་མགོན་ལྷུན་པོའི་ལྷ་ཞོལ་དུ་ཆགས་པའི་ཆོས་སྡེ་འདི་ཉིད་ཕྱག་འདེབས་པ་བོ་ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་ནམ་རྒྱལ་མཚན་འོད་ཟེར་མཆོག་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་རྟ་སྟེ་སྤྱི་ལོ་(༡༧༢༨)ལོར་རྨ་ཆེན་སྦོམ་རའི་ལྷ་ཞོལ་དང་ཉེ་བ་ཨ་རིག་ཁྱེབ་ཞེས་པའི་ས་ཆར་ཡབ་མ་ཁྱེ་འཕགས་པ་སྐྱབས་དང་ཡུམ་ཨ་སྐྱིད་བཟང་མོ་ཅོག་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་།གཞོན་ནུའི་དུས་ནས་ཞི་དུལ་བག་ཡོད་ལ་གནས་ཤིང་ཤེས་རབ་ཆེ་ལ་གཤིས་ཀ་ལེགས་པ་སོགས་ཀུན་ནས་གཞན་ལས་ལྷག་པའི་ཡོན་ཏན་དང་ལྡན། དགུང་ལོ་བཅུ་གཅིག་པར་དགེ་བའི་བཤེས་གཉེན་ཆེན་མོ་རྒྱ་ལི་བློ་བཟང་བསྟན་དར་ལས་རབ་ཏུ་བྱུང་ཞིང་ཁོང་རྒྱ་ལི་བློ་བཟང་བསྟན་དར་བས་ཁོང་གི་ཕ་མ་གཉིས་ལས་བསླངས་ཤིང་བདག་གིར་མཛད། སྤྱི་ལོ(༡༧༤༢)ལོར་བླ་མས་ཐུགས་བཀོད་དང་མཐུན་རྐྱེན་སྦྱར་ཏེ་ལྷ་ལྡན་ཞིང་དུ་མངགས་ནས་སེར་བྱེས་མཁས་མང་གྲ་ཚང་དུ་ཞུགས་ཏེ་ལོ་བཅུ་གསུམ་གྱི་རིང་ལ་དཀའ་སྤྱད་སྙིང་སྟོབས་ཆེན་པོས་གཞུང་བཀའ་པོད་ལྔ་ལ་ཞིབ་ཏུ་སྦྱང་བརྩོན་མཛད་ཅིང་། ཕར་ཕྱིན་ཏ་ཊཱིཀ་སྙིང་པོའི་རྒྱན་དང་།མཛོད་ཊཱིཀ་ཐར་ལམ་གསལ་བྱེད་སོགས་ཐུགས་ལ་བྱང་བར་བཟུང་། (༡༧༥༢)ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་རུ་ངེས་དོན་མཁས་མང་བྱེ་བའི་དབུས་སུ་གཞུང་ལུགས་རབ་འབྱམས་པའི་གྲྭ་སྐོར་མཛད་ནས་མཁས་མང་ཡོངས་ཀྱི་ཡིད་འཕྲོག་པར་བྱས་ཤིང་དགེ་བཤེས་ལྷ་རམས་པ་ཨང་དང་བོ་ཐོབ། དེ་ནས་ཕུར་བུ་ལྕོག་ཏུ་རྗེ་ངག་དབང་བྱམས་པ་རིན་པོ་ཆེའི་ཞབས་པད་རིང་དུ་བསྟེན་ནས་རི་ཁྲོད་དུ་བཞུགས། བཀའ་ཆོས་གསན་པ་སྒོམ་སྒྲུབ་ལ་འབད་པའི་ཞོར་ལ་རྗེ་བླ་མའི་མདོ་སྔགས་ཀྱི་ལམ་རིམ་ཆེན་མོ་གཉིས་ཐུགས་ལ་རྒྱུད་ལ་བྱང་ཆུབ་པར་མཛད། རྒྱལ་བའི་ཡོངས་འཛིན་ཁྲི་ཆེན་ངག་དབང་ཆོས་གྲགས་ལ་བཀའ་འགྱུར་གྱི་ལྗགས་ལུང་བསྩལ་བ་དང་རྒྱལ་སྲས་རྡོ་རྗེ་འཆང་ཆེན་པོའི་བསྙེན་རྫོགས་ཀྱི་ལས་སློབ་མཛད་པ་སོགས་ཁྲིད་ལུང་མན་ངག་གི་རྒྱུན་སྤེལ་པའི་སྒོ་ནས་བསྟན་པའི་བྱ་བ་མཛད། སྣང་མཐའི་མགོན་པོ་པན་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་དཔལ་དུས་ཀྱི་འཁོར་ལོའི་དབང་གསན་ཅིང་དབང་ཡོན་དུ་རང་གི་ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པ་སྙིང་ཐག་པ་ནས་འབུལ་བའི་དམ་བཅའ་མཛད། དེ་ནས་པན་ཆེན་རིན་པོ་ཆེའི་ཐུགས་དམ་བརྟག་པར་བབས་པའི་དོན་བཞིན་མདོ་སྨད་དུ་ཕེབས་ཤིང་དགུང་ལོ་ཞེ་བཞི་བཞེས་པ་ས་གླང་ལོར་དགོན་སྡེ་འདི་ཕྱག་བཏབ། ཕར་ཕྱན་ཏ་ཊཱིཀ་དང་། རྩ་འཇུག་གི་ཊཱིཀ་ཆེན། ལམ་རིམ་ཆེ་ཆུང་སོགས་གཞུང་ཆེན་མོའི་འཛིན་སྐྱོར་གཙོ་བོར་བཏོན་པས་འཆད་ཉན་ཀྱི་སྒྲིག་སྲོལ་བཟང་བོ་ཚུགས། དེ་ནས་བོད་རྒྱལ་ལོ།(༡༩༡༩)བོད་ཆུ་གླང་ལོ་སྟེ།ལོ(༡༧༩༢)ལོ་ཁོང་གི་ཐུགས་ཀྱི་སྲས་གཅིག་འཇམ་མགོན་ཤིང་བཟའ་པཎྚི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་དཔལ་བཟང་བོ་མཆོག་ལ་དགོན་པ་འདི་རྩིས་ལེགས་པར་སྤྲད། བླ་མ་དམ་པ་ཁོང་ཉིད་བྱ་བཏང་རི་ཁྲོད་ཀྱི་བརྟུལ་ཞུགས་ཁོ་ནས་མདོ་སྨད་ཀྱི་དབེན་གནས་དང་སྒྲུབ་སྡེ་ཆེ་ཆུང་ཅི་རིགས། ལྷག་པར་སྟོང་སྐོར་ཕྱོགས་གཏོགས་ལྷ་ཁང་ལུང་བའི་བྲག་ཕུག་དང་། སྟོང་སྐོར་མཁར་ནང་གཉིས་ལ་རེས་མོས་ཀྱིས་བཞུགས་ཏེ་མདོ་སྔགས་ཟབ་རྒྱས་ཀྱི་ཐུགས་དམ་ཟབ་མོར་རྩེ་གཅིག་ཏུ་གཞོལ་མུས་ནས། ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེ་དང་། བཙན་པོ་མཆོག་སྤྲུལ་རིན་པོ་ཆེ། ཚ་གན་ནོ་མོན་ཧན་རིན་པོ་ཆེ། སྟོང་སྐོར་རིན་པོ་ཆེ་སོགས་གཙོ་བྱས་པའི་མདོ་སྨད་ཀྱི་བླ་སྤྲུལ་དང་དགེ་འདུན་པ་དད་ལྡན་མང་ཚོགས་ཁྲི་ཁྲག་མང་བོ་དང་། སྐུ་འབུམ་དགོན་དང་། བྱ་ཁྱུང་། གསེར་ཁག ཆུ་བཟང་། སྟོད་སྐོར་སོགས་ཆོས་སྡེ་ཆེ་ཕྲ་མཐའ་དག་ལ་ཕེབས་ནས་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་རང་རང་གི་འདོད་མོས་བཞིན་དབང་ལུང་རྗེས་གནང་བཤད་ཁྲིད་མན་ངག་སོགས་ཆོས་ཀྱི་ཆར་ཕབས་ནས། འཇམ་མགོན་བླ་མའི་མདོ་སྔགས་ཀྱི་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས་པར་མཛད། ལཱ་མོ་ཆོས་ཀྱི་རྒྱལ་པོས་བཀའ་སྩལ་བ་བཞིན་བདེ་ཆེན་དགོན་པའི་གསེར་ཁྲིར་བཞུགས། ལོ་གཅིག་རང་དགོན་པར་ཕེབས་ཏེ་དགུན་བཞུགས་མཛད། སྒོ་མེ་ཕྱོགས་སུ་འབྱོན་བཞེད་ཀྱིས་ཤུག་ཆུའི་རི་ཁྲོད་སོགས་སུ་དབང་ལུང་མན་ངག་སོགས་ཟབ་ཆོས་མང་བོ་བསྩལ་ནས་རིམ་གྱིས་བར་ཝོན་ཏིང་ཀྱཱ་དགོན་གྱི་ལྷག་པའི་རི་ལྡིངས་སུ་ཕེབས། (སྒོ་མེ་ཏིང་ཀྱཱ)དཔོན་སློབ་ཀུན་བཟང་སྟན་གྲགས་རྒྱ་མཚོ་ལ་ང་རང་ཤི་ན་རུས་པ་འདི་རུ་བཞག་ཨེ་ཆོག་གསུངས་པར། དཔོན་སློབ་ཏིང་ཀྱཱ་སོགས་ཀྱིས་ཕྱག་ཕུལ་ཏེ། ང་སྒོ་མེ་ཚང་ལ་དེ་འདྲའི་བསོད་ནམས་ཤིག་ཡོད་ན་ཅི་མ་རུང་། ཐུགས་བཞེད་ལྟར་གནས་འདི་ཀར་བཞུགས་ན་བཀའ་དྲིན་ཆེ་ཞེས་ཞུ་ཚིག་ཕུལ། དགུང་ལོ་དོན་བརྒྱད་བཞེས་པ་བོད་རྒྱལ་ལོ་།༡༩༣༠)ཆུ་ཕག་སྟེ། སྤྱི་ལོ་(༡༨༠༣)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་མཛད་པ་བསྟན། བར་ཝོན་ཏིང་ཀྱཱ་དགོན་པའི་རྒྱབ་རིར་སྐུ་གདུང་ཧྲིལ་བོ་བཞུགས་པ་སྙིང་བོར་བྱས་ཏེ་རྗེ་བདག་ཉིད་ཆེན་པོའི་སྨན་སྐུ་ཞིག་བཞེངས་ནས་ས་ཕྱོགས་དེ་གའི་དད་ལྡན་ཡོངས་ཀྱིས་གཙོ་བྱས་འགྲོ་བ་ལྷ་དང་བཅས་པའི་མཆོད་གནས་དམ་པར་བཞགས་སུ་གསོལ་བར་མཛད་དོ། །
གཉིས་པ། ངག་རྒྱན་ཐོར་བུ། 
     ངག་རྒྱུན་དུ་ཁོང་གི་མེས་པོ་ནི་སྔོན་ཆུ་རག་གཡའ་སྔོན་ཞེས་པའི་རྫ་འདབས་སུ་དུད་ཚང་ཅིག་ལ་གཞི་བདག་གིས་བུ་ཞིག་བསྩལ་པར་ཨ་རིག་བན་དེ་གྲགས་པ་དབང་ཕྱུག་ཏུ་གྲགས་པ་དཔའ་རྩལ་འགྲན་གྱི་དོ་ཟླ་མེད་པ་ཞིག་བྱུང་། དེ་ལ་བུ་དག་ཡོད་པའི་མི་རྒྱུད་ལ་ཨ་རིག་འཚོ་བ་དགུ་བྱུང་བ་དེའི་རིགས་རྒྱུད་དུ་འཁྲུངས་པར་བཤད། དེ་མིན་བདག་ཅག་རྣམས་ཀྱི་མགོན་དུ་གྱུར་བ་ཁོང་ཉིད་ལུང་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པས་ཕྱུག་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སྤྲུལ་བ། ནང་གི་རྟོགས་པ་སྔགས་བླ་མེད་ཀྱི་རྫོགས་རིམ་མཐོན་པོར་བསླེབས་ཀྱང་ཕྱི་རུ་ཅུང་ཟད་ཙམ་ཡང་མི་མངོན་པ། གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཀྱང་ཁེངས་དྲེགས་ཀྱི་རྣམ་པ་ཅུང་ཟད་ཀྱང་མི་མཛད་པ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་ཐུགས་རྒྱུད་ཕྱུག་པས་སྐྱེ་བོ་ཤིན་ཏུ་མི་བསྲུན་པ་དག་གིས་ཀྱང་ཞལ་མཇལ་བ་ཙམ་གྱིས་བཟློག་ཏུ་མེད་པའི་དད་པ་དབང་མེད་དུ་སྐྱེས་པ། གདུལ་བྱ་དབང་བོ་རབ་འབྲིང་ཐ་གསུམ་རང་རང་གི་བསམ་པ་དང་བསྟུན་ནས་ཆོས་སྟོན་པའི་ཐབས་ལ་མཁས་པ་སོགས་མདོར་ན་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་ཟད་མི་ཤེས་པའི་བདག་ཉིད་ཅན་་ཁོང་ནི། སྤྱིར་དབུས་གཙང་ན་བཞུགས་ཀྱང་དགེ་སློབ་ཡོངས་དང་འབྲལ་མི་ཕོད་པའི་ངང་ཕན་ཚུན་སླར་ཡང་མཇལ་བའི་སྨོན་འདུན་གནང་སྟེ་མདོ་སྨད་ཏུ་ཕེབས། མཚོ་སྔོན་ཕྱོགས་ཀྱི་བོད་དང་སོག་པོ་རྣམས་ཀྱིས་ཕེབས་བསུ་དང་དབང་ཞུ་བ་སོགས་བགྲང་ལས་འདས། མཚོ་སྔོན་པོ་ཨ་རིག་ཕྱོགས་ཀྱི་ཚེ་དཔལ་མདོ་ཞེས་པའི་ས་ཆར་སོག་པོའི་དཔོན་པོ་དེའུ་ཆིང་གིས་ཁོང་རིན་པོ་ཆེ་ནན་གྱིས་གདན་འདྲེན་ཞུས་པ་བཞིན་ཕེབས། ཕྱོགས་བཞི་མཚམས་བརྒྱད་ནས་འདུས་པའི་ཆོས་ཞུ་བ་བརྗོད་ཀྱིས་མི་ལང་བ་བྱུང་། ཕྱོགས་དེ་རུ་འཁྲུངས་ཡོད་པའི་ཤིང་བཟའ་སྤྲུལ་བའི་སྐུ་སྐུ་ན་ཕྲ་ཡང་དགེ་བཤེས་ཆེན་མོ་ཕེབས་ནས་ཆོས་གསུངས་པར་གསན་པས་གསང་སྟབས་ཀྱིས་འབྱོན་པར་བརྩམ་པ་ན། ཡབ་ཡུམ་གཉིས་ཀྱིས་དེར་འགྲོ་མཁན་ཞིག་ལ་བཅོལ་ནས་བཏང་། དེ་ནས་འགྲོ་རོགས་རྣམས་བཞུགས་སྒར་གྱི་ཐག་ཉེར་བསྡད་པ་ན་སྤྲུལ་སྐུ་བོར་སོང་བས། དེའི་མཚན་མོར་ཁོང་གི་གཟིམ་ལམ་ལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གསེར་སྐུ་འོད་འཕྲོ་བ་ཞིག་གནང་བ་རྨིས། ཁོང་གི་མདུན་ན་མི་མང་བས་སྤྲུལ་སྐུ་འགྲོ་ལམ་མེད་སྟབས་གཟིམ་སྦིས་ཀྱི་མཐའ་ནས་འཛུལ་དེ་སྐུ་མདུན་དུ་ཕེབས་ཏེ་བླ་མ་རིན་པོ་ཆེ་སྐུ་བདེ་མོ་ཡིན་ནམ་ཞུས་པས། ང་བདེ་མོ་ཡིན་ཁྱེད་རང་བདེ་མོ་ཡིན་ནམ་ཁྱེད་རང་སུ་ཡིན་གསུངས་པ་ལ། ང་ཤིང་བཟའ་སྒོམ་ཆེན་པ་ཡིན་ཉིད་ལ་མཇལ་བར་འོང་བ་ཡིན་པས། ཐུགས་ལ་འདོགས་པར་འཚལ་ཞུས་པ་ན། ཁོང་གི་སྐུ་རྩེད་ཀྱི་རྣམ་པས་གསོལ་ཚིག་གི་དུམ་བུ་ཞིག་བསྟན་ནས་ངེད་གཉིས་ཀྱི་སྐྱིད་སྡུག་གཅིག་བྱེད་རྒྱུ་ཨེ་ཡིན། ཡིན་ན་སྟེར་གསུངས། ཡིན་ལགས་ཞུས་པས། རྟེན་འབྲེལ་བཟང་གསུངས་ནས་དགེ་བཤེས་རང་གི་བཞེས་ཅན་གྲོ་འབྲས་དང་མར་ཁུས་བཀང་སྟེ་ཟོ་ཤིག་གསུངས་ཏེ་བཞེས་ཅན་ཕྱག་ཏུ་བཞག་པ་ན་བཞེས་ཅན་མར་ཁུས་གང་ནས་ཕྱིར་སྤྲུལ་སྐུའི་པང་ལ་བོ། ཁོང་གིས་ཨ་ཙི་ཨ་ཙི་ཁྱོད་ཀྱི་བསོད་ནམས་ངའི་ཕོར་བའི་ནང་མི་ཆུད་པ་འདྲ་གསུངས།ད་དུང་ཁོང་ཉིད་རྩོད་རྒྱུགས་བློ་རྒྱུགས་གང་ནས་ཀྱང་སེར་འབྲས་དགེ་གསུམ་གྱི་ནང་ནས་ཨང་དང་བོའི་གྲས་སྟེ།ཆེས་རྒྱུགས་འབྲས་བཟང་བས།ལྷ་རམས་དམ་བཅའི་སྐབས་ཉིན་དང་བོའི་ཐོག་མའི་དམ་བཅའ་བ་ཡིན་ཞིང་། བདག་སྐྱེ་འགོག་ཚུལ་ལས་བརྩམས་ཏེ་རྟེན་འབྲེལ་གྱི་འཇོག་མཚམས་དང་། ཉིན་གཉིས་པར་རྒྱ་སེང་གེ་སོགས་མཛོད་འདུལ་གྱི་དགེ་བཤེས་རྣམས་བཞེངས་ཀྱང་དབུ་ཕར་འདུལ་བ་སོགས་དམ་བཅའ་ཁས་བླངས་གང་ལའང་ཅུང་ཟད་ཀྱང་གནོད་མ་ནུས་པར་བཤད།འོན་ཀྱང་མཛོད་ནས་འཛིན་མཚམས་ལ་ནང་འགལ་ཞིག་བྱུང་ཡང་སྤྱིར་མཁས་བརྒྱས་བསྔགས་ཡུལ་དུ་གྱུར་ཅིང་ཁས་ལེན་ཤོར་གྲས་སུ་མེད་པར་ཨང་དང་བོའི་མཚན་སྙན་གྱི་མེ་ཏོག་གོ་ལ་ཟླུམ་པོའི་སྒལ་སྟེང་དུ་བབས། 
གསུམ་པ། མཇུག་བསྡུ་བ། 
     ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་རྒྱལ་མཚན་འོད་ཟེར་མཆོག་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཆེ་ཞིང་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་ཆེན་དམ་པ་ཞིག་ཡིན་ལ། ཕྲན་ཆུང་བདག་གིས་ཀྱང་རང་གི་མཐོང་ཐོས་དང་སྦྱར་ནས་ཁོང་གི་མཛད་རྣམ་ཐུང་ངུ་ཞིག་ཀུན་གྱི་སྤྱན་ལན་དུ་བསྟར་བ་འདི་ལོ་རྒྱུས་འབྲི་བ་བོ་དག་ལ་མཐུན་རྐྱེན་ཞིག་དུ་འགྱུར་བར་སྨོན། སྤྱིར་བཏངརྣམ་ཐར་་དང་ལོ་རྒྱུས་ངག་རྒྱུན་སོགས་འབྲི་བ་ལ་མཐོང་རྒྱ་དང་ཐོས་རྒྱ་མི་དམན་པ་ཞིག་དགོས་པ་སྨོས་མེད་ཡིན་མོད། བདག་ལ་མཚོན་ན་དེ་འདྲའི་ཆ་རྐྱེན་ཞན་ཁར་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱང་་སྟོབས་ཀྱི་ཡོན་ཏན་སོགས་ཕྱོགས་གང་ཐད་ནས་ཞན་པས་ཚིག་སྦྱོར་དང་བརྗོད་བྱ་གང་གི་ཐད་ནས་ནོར་འཁྲུལ་གྱི་ཆ་གང་མང་མཆིས་སྲིད་པས་སློབ་དཔོན་རྣམས་གཙོ་བྱས་གཟུར་གནས་ཀློག་པ་པོ་ཡོངས་ལ་སྙིང་ཁོང་རུས་པའི་གཏིང་ནས་བཟོད་གསོལ་ཞུས་པ་ལགས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...